Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན།


JKT007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནྱ། གང་ཞིག་སྙིང་རྗེ་ཆེན་པོས་ཡིད་ལྷག་པར་དྲངས་ཏེ། དུས་མྱུར་བ་ཉིད་དུ་གཞན་དོན་རྫོགས་བྱང་གི་གོ་འཕང་ཐོབ་པར་འདོད་པའི་དོན་གཉེར་གྱི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ཐབས་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཀྱི་རྩིས་ཟིན་པས་ཚོགས་ཟུང་རྒྱ་མཚོ་སྐད་ཅིག་གིས་རྫོགས་པའི་ཐབས་ལྷུར་ལེན་པ་དག་གིས། བཟའ་བཏུང་གི་དངོས་པོ་ལ་བརྟེན་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བྲིས་འབུར་གང་རུང་བའི་སྤྱན་སྔར་རང་ཉིད་ཀྱི་བཟའ་བ་དང་བཏུང་བའི་ཕུད་གཙང་ཞིང་བཀོད་པས་མཛེས་པ་དང་། འབྱོར་ན་མཆོད་པའི་བྱེ་བྲག་གཞན་ཡང་ཇི་ལྟར་རིགས་པ་བཤམ། ནང་མཆོད་ཆུ་ཆང་གིས་བྲན་པའམ། ཆབ་གཙང་མས་བྲན། དངོས་གཞི་ནི།


JKT007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའམ། ཐུན་མཚམས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་གསལ་སྣང་བརྟན་པོས་བཟའ་བཏུང་གི་དངོས་པོ་རྣམས། སུམྦྷས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་བསྐོལ་ཞིང་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧཱི༔ ལན་མང་དུ་བརྗོད་པས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་གཡོན་དུ་བསྐོར་ཞིང་། ཕོ། ཞེས་བརྗོད་པ་དང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ༔ ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདེ་སྟོང་གི་ཉམས་འགྱུར་ཕུན་སུམ་ཚོགས་པས་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པ་ལ་བརྟེན་སྐྱབས་ཡུལ་རྣམས་ཟག་མེད་ཀྱི་བདེ་བས་མཆོག་ཏུ་དགྱེས་པས་བདག་གཞན་ཡིད་ཅན་ཐམས་ཅད་ཀྱི་ཚོགས་ཟུང་མཐའ་དག་སྐད་ཅིག་གིས་རྫོགས་པར་མོས་ལ། ཨོཾ་ཨཱཧཱུཾ། གང་ཤར་བདེ་


JKT007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྩ་བརྒྱུད་བླ་མ་མཆོག་གསུམ་མཉེས་ཕྱིར་འབུལ། །བཞེས་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏཱི་རཏྟ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བླ་མ་དང་དཀོན་མཆོག །ཨོཾ་ཨཱཧཱུཾ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། ཨོཾ་མཎྜལ་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨོཾ་ཨཱ་ཀཱ་རོ་སོགས་ལན་གསུམ་གྱིས་བླ་མ་ཡི་དམ་གྱི་ལྷ་སྤྱི་དང་། ཨོཾ་ཨཱཿཧཱུྃ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྣལ་འབྱོར་མ་དཔལ་འཁོར་བཅས་མཉེས་ཕྱིར་འབུལ། །བཞེས་ནས་བདེ་སྟོང་ཡེ་ཤེས་སྐྱེད་དུ་གསོལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཁྱད་པར་རྡོ་རྗེ་རྣལ་འབྱོར་མ། ཨོཾ་ཨཱཧཱུཾ། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །རྡོ་རྗེ་ཆོས་སྲུང་རྒྱ་མཚོ་མཉེས་ཕྱིར་འབུལ། །བཞེས་ནས་བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། ཨོཾ་ཤྲཱི་བཛྲ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཆོས་སྐྱོང་སྲུང་མ། ཨོ་ཨཱཧཱུཾ། གང་ཤར་


JKT007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་རོལ་པ་ལས་བྱུང་བའི། །ཚོགས་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །གནས་གསུམ་དཔའ་བོ་མཁའ་འགྲོ་མཉེས་ཕྱིར་འབུལ། །བཞེས་ནས་ཟབ་མོའི་ལམ་གྱི་གྲོགས་མཛོད་ཅིག །མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཏྲི་སྠཱ་ན་ཌཱ་ཀ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་འཁོར་དང་བཅས་པར་ཕུལ། དེ་ནས་ཚོགས་ཀྱི་ཆ་བར་པ་རང་ཉིད་ཀྱིས་རོལ་པའི་སླད་དུ། བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྙིང་གར་ཡི་དམ་ལྷ་ཚོགས་དང་། །ལྟེ་བར་གཏུམ་མོའི་མེ་ལྕེའི་ཁྲོད། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་གསལ། །ཚོགས་མཆོད་ཡེ་ཤེས་བདུད་རྩིའི་རྒྱུན། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །ཕུལ་བས་ཟག་མེད་བདེ་བས་མཉེས། །མཆོག་ཐུན་དངོས་གྲུབ་སྩོལ་བར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨཱ༔ཧཱུྃ་གིས་ཆོས་ཉིད་གསལ་ཁྱབ་ཀྱི་ངང་དུ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིས་བརླབས། ཕོ། ཨུཎྜི་ཊ་བ་ལིཾ་ཏ་བྷཀྵ་སཱི། གང་ཤར་བདེ་སྟོང་རོལ་པ་ལས་བྱུང་བའི། །ལྷག་མའི་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །འབྱུང་པོ་ལྷག་མར་༈ དབང་བའི་ཚོགས་ལ་སྦྱིན། །ངོམས་ཤིང་ཚིམས་པའི་སྐལ་བ་ལྡན་གྱུར་ཅིག །ཅེས་བརྗོད་ཅིང་ཕྱིར་རོལ་གཙང་སར་བསྐྱལ། སྤྲོ་ན་རྡོ་རྗེའི་གླུའམ་དཔྱིད་ཀྱི་རྒྱལ་མོའི་གླུ་བླངས། །བཀྲ་ཤིས་གང་ཞིག་ཆོས་ཀྱི་


JKT007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ནས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱི། །ཞེས་སོགས་དང་། ལྷ་མོ་ཚད་མ་སོགས་སྨོན་ལམ་གདབ། མཐར། ཨོཾ་གུ་རུ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་ཨརྒྱུ་སོགས་ནས། ཤབྟ་པྲ་ཏི་ཙཱ་སཱ་ཧས་ཕྱི་མཆོད་དང་། ཨོ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་པ་རྣམས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས། མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རྟེན་མེད་པའི་གཏོར་མགྲོན། བཛྲ་མུས་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྣལ་འབྱོར་མ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་དེ་ལྟར་ཕུལ་བའི་ཚོགས་རྫས་རྒྱ་ཆེ་བ་ཡོད་ན་ཡོན་ཏན་གྱི་ཞིང་བླ་མ་དང་དགེ་འདུན་ལ་ཆོས་སྟོན་དུ་གསོལ་བའམ། ཕན་འདོགས་པའི་ཞིང་ནད་པ་དང་དབུལ་ཕོངས་སོགས་ལ་སྦྱིན་པས་མཚོན་སླར་ཡང་ཚོགས་ཟུང་སྤེལ་བའི་ཐབས་ལ་བརྩོན་པར་བྱའོ། །ཞེས་


JKT007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་ཀྱིས་འདི་ལྟར་བྲིས་ཞེས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་བཀའ་སྩལ་ཕེབས་པ་གུས་པས་མཆོད་དེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་ཚོགས་ཟུང་རྒྱ་མཚོ་མྱུར་དུ་རྫོགས་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གོ་འཕང་ཚེ་གཅིག་ཁོ་ནས་རེག་པའི་རྒྱུར་གྱུར་ཅིག། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་རྒྱུན་གྱི་ཚོགས་མཆོད་མདོར་བསྡུས་པ་བསོད་ནམས་རྟག་པ་དམ་པའི་སྤྲིན་ཆེན།next