Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱཀྐི་དགྱེས་པའི་རོལ་མོ།
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱཀྐི་དགྱེས་པའི་རོལ་མོ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱཀྐི་དགྱེས་པའི་རོལ་མོ།


JKT007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱཀྐི་དགྱེས་པའི་རོལ་མོ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤུ་བྷེ་ད་བཛྲ་ཡོ་གི་ནྱ། རབ་དམར་རྣམ་ཐར་གསུམ་ལྡན་དཀྱིལ་འཁོར་དབུས། །རབ་སྒེག་པདྨ་བཻ་རོ་ཉི་མའི་སྟེང་། །རབ་མཛེས་བདེན་གཉིས་ཞལ་ཅན་རྣལ་འབྱོར་མ། །རབ་འབྱམས་རྒྱལ་བ་ཀུན་ཡུམ་བསྟོད་པར་བགྱི། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་ལས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ནི། །བཞིན་ལེགས་མཚན་དཔེའི་སྣང་ཆར་ཡོངས་ཤར་བའི། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་ཕྱག་འཚལ་བསྟོད། །ཐབས་མཆོག་ཧེ་རུ་ཀཿདཔལ་ལང་ཚོ་ལ། །ཤེས་རབ་དབྱིངས་ཀྱི་བཙུན་མོའི་སྒྱུ་མ་ཡིས། །ཨེ་ཝཾ་གཉིས་སུ་མེད་པར་ལེགས་འཁྱུད་པའི། །ཁ་སྦྱོར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གཟུང་འཛིན་སྲིད་པའི་འཕོ་ཆགས་རྒྱུ་དང་བཅས། །ཟག་བྲལ་དཔྱིད་ཀྱི་ཐིག་ལེར་འཆར་བ་ལས། །འབར་གཡོ་བརྟན་པའི་ཉམས་བརྒྱས་སྒེག་པ་པོ། །བདེ་ཆེན་ནཱ་དའི་གསུང་ལ་ཕྱག་འཚལ་བསྟོད། །རྡུལ་བྲལ་ཞི་བ་དམ་པའི་གྲོང་ཁྱེར་དུ། །རྣམ་མང་སྤྲོས་པའི་འཇུག་ལྡང་སིམ་གྱུར་པས། །གཉིས་སྣང་གློ་བུར་མཚན་མ་ལས་གྲོལ་བའི། །རང་བཞིན་མེད་པའི་ཐུགས་ལ་ཕྱག་འཚལ་བསྟོད། །གཞན་ཕྱིར་བརྩེ་བའི་བརླན་གྱིས་དྲངས་པ་ཡིས། །ཁྱོད་ཞབས་ནོར་བུའི་ཆུ་གཏེར་ལ་རེག་


JKT007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གྲུབ་གཉིས་འདོད་དགུ་ལྷུག་པར་འཇོ་བའི་ཕྱིར། །ཡོན་ཏན་སྙིང་རྗེས་ཡོངས་གང་ཕྱག་འཚལ་བསྟོད། །བརྟན་གཡོ་ཀུན་ལ་ཁྱབ་པའི་བདག་ཉིད་ནི། །མཐའ་ཀླས་ཡིད་ཅན་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པར་སྣ་ཚོགས་གཟུགས་འཆང་བའི། །ཕྲིན་ལས་རྒྱུན་མི་ཆད་ལ་ཕྱག་འཚལ་བསྟོད། །མཆོག་ཏུ་མི་འགྱུར་ཆོས་དབྱིངས་སྙིང་པོ་ལས། །ཐབས་མཁས་ཡེ་ཤེས་སྐུ་ཡི་རོལ་མོ་ཡིས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་པའི། །རྣམ་འཕྲུལ་འགོགས་པ་མེད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །གནས་སྐབས་ལམ་མཆོག་སྒྲུབ་པའི་འགལ་རྐྱེན་གེགས། །མཐའ་དག་སྤངས་ཤིང་མཐུན་རྐྱེན་ཕུན་ཚོགས་པས། །རྣལ་འབྱོར་གསང་མཐའི་བདུད་རྩིས་སྨིན་པར་ཤོག །ཁྱད་པར་ཕྱི་སྣོད་ཐར་པ་ཆེན་པོའི་གྲོང་། །ནང་བཅུད་འགྲོ་ཀུན་རྗེ་བཙུན་ཌཱ་ཀིའི་སྐུར། །ཡོངས་ཤར་ཐ་མལ་སྣང་ཞེན་ཀུན་བཅོམ་པས། །བུམ་དབང་གྲུབ་མཐའ་རྙོགས་པར་བྱིན་གྱིས་རློབས། །ཤེས་རབ་རྡོ་རྗེ་རྣལ་འབྱོར་གཏུམ་མོའི་མེས། །ཐབས་མཆོག་བདེ་ཆེན་དམ་ཚིག་བསྲེགས་བཞུའི་ཕུལ། །ཟུང་འཇུག་དྷུ་ཏིའི་དབྱིངས་སུ་ཐིམ་པ་ལས། །གསང་དབང་གྲུབ་མཐའ་རྙོགས་པར་བྱིན་གྱིས་རློབས། །དངོས་ཡིད་ཕྱག་རྒྱ་མཛེས་མའི་སྙོམས་འཇུག་གིས། །ཆར་ཡང་ཨེ་ཝཾ་མཱ་ཡར་དྲངས་པའི་མོད། །ཞུ་བདེ་མི་


JKT007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དགའ་བཞིའི་ཏིང་འཛིན་རོས། །ཤེར་དབང་གྲུབ་མཐའ་རྙོགས་པར་བྱིན་གྱིས་རློབས། །ལྷན་སྐྱེས་བདེ་སྟོང་འབར་བའི་སྣང་བ་ཆེས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་བཙུན་མོའི་ཞལ། །དུས་གསུམ་འདུ་འབྲལ་མེད་པར་མཇལ་བ་ཡིས། །ཚིག་དབང་གྲུབ་མཐའ་རྙོགས་པར་བྱིན་གྱིས་རློབས། །གལ་ཏེ་དུས་འདིར་གྲུབ་མཐའ་མ་རྙོགས་ན། །ནམ་ཞིག་འཕོས་ཚེ་དཔའ་བོ་རྣལ་འབྱོར་མས། །ཡིད་འོང་མཆོད་པའི་སྤྲིན་གྱིས་མདུན་བདར་ཏེ། །དག་པའི་ཞིང་དུ་འཁྲིད་པར་བྱིན་གྱིས་རློབས། །མཐར་ཐུག་གནས་དང་ཡུལ་གྱི་རླུང་སེམས་ཀུན། །འོད་གསལ་ཨ་བ་དྷུ་ཏིར་ཕྱག་བྱས་པས། །སྐུ་གསུམ་དབྱེར་མེད་བཛྲ་ཝཱ་ར་ཧཱིའི། །གོ་འཕང་མཆོག་ལ་འགྲོ་ཀུན་འདྲེན་གྱུར་ཅིག །དེ་ལྟར་ཨོཎྜི་ཡཱ་ནའི་ས་སྤྱོད་དབང་པོའི་བློས་ལེགས་པར་བཀྲལ་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱ་ཀི་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི་ཡང་གཙུག་ལག་དུ་མར་གཟིགས་པའི་སྤྱན་ཡངས་བླ་མ་དམ་པ་ཝཱ་གིནྡྲ་སུ་སིདྡྷིའི་བཀས་བསྐུལ་བ་ལས། ཀུན་རྨོངས་དཱ་རི་དྲ་པ་ཚངས་སྲས་དགྱེས་པའི་བློ་ལྡན་དུ་བོད་པས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བ་ཛ་ཡནྟ།།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་ཌཱཀྐི་དགྱེས་པའི་རོལ་མོ།next