Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན།
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན། next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན།


JKT007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་ཆེན་ཁ་སྦྱོར་བདུན་གྱི་གོ་འཕང་བརྙེས། །རྣལ་འབྱོར་མ་དཔལ་ཤེས་རབ་ཟག་མེད་བདེ་བས་མྱོས། །ནཱ་རོ་ཏ་པ་པཎ་གྲུབ་རྒྱ་མཚོའི་གཙུག་གི་ནོར། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཕམ་མཐིང་སྐུ་མཆེད་འཁོར་ལོ་སྡོམ་པའི་སྔགས་རིག་གྲུབ། །ཤེས་རབ་བརྩེགས་ནི་སྐད་གཉིས་སྨྲ་བའི་ཕ་རོལ་སོན། །བློ་གྲོས་གྲགས་པ་བར་དོར་མཆོག་གི་དངོས་གྲུབ་བརྙེས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཀུན་དགའ་སྙིང་པོ་པད་དཀར་འཆང་བ་མི་ཡི་ཟོལ། །བསོད་ནམས་རྩེ་མོ་མཁའ་སྤྱོད་གྲོང་དུ་ཡུད་ཀྱིས་གཤེགས། །གྲགས་པ་རྒྱལ་མཚན་གསང་སྔགས་རྒྱ་མཚོའི་


JKT007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་དུ་གྱུར། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ས་སྐྱ་པཎ་ཆེན་འཛམ་གླིང་འདི་ན་མཁས་པའི་ཕུལ། །འཕགས་པའི་མཚན་ཅན་ཁམས་གསུམ་འགྲོ་བའི་བླ་མར་གྱུར། །ཞང་སྟོན་ཆོས་རྗེ་ཟབ་རྒྱས་གདམས་པའི་དཔལ་ལ་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །པུཎྱ་ཤི་རྩེ་གཅིག་སྒྲུབ་པའི་སྲོག་ཤིང་འཛིན། །བསོད་ནམས་རྒྱལ་མཚན་ཐམས་ཅད་མཁྱེན་པར་ཡོངས་སུ་གྲགས། །སེང་གེའི་མཚན་ཅན་སྙན་བརྒྱུད་རྒྱ་མཚོའི་བཀའ་བབས་ཆེ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྒྱལ་བ་མཆོག་དབྱངས་ལུང་རྟོགས་ཡོན་ཏན་དཔལ་གྱིས་ཕྱུག །ནམ་མཁའི་མཚན་ཅན་མཁྱེན་རབ་མཐུ་སྟོབས་ཕ་མཐའ་ཡས། །བློ་གྲོས་རྒྱལ་མཚན་བརྩེ་བ་ཆེན་པོའི་རྣམ་འཕྲུལ་དངོས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྡོ་རིང་པ་ནི་གྲུབ་རིག་བྱེ་བའི་གཙུག་ན་མཛེས། །ཚར་པ་ཆོས་རྗེ་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་། །མཁྱེན་བརྩེའི་དབང་ཕྱུག་འཇམ་དབྱངས་ངུར་སྨྲིག་བླ་གོས་ཅན། །བདེན་པ་དེས་ཀྱང་བདེ་མཆོག །བསླབ་གསུམ་རྒྱལ་མཚན་སྙན་བརྒྱུད་བསྟན་པའི་སྲོག་ཤིང་ཆེ། །དབང་ཕྱུག་རབ་བརྟན་རྡོ་རྗེ་འཛིན་པའི་འཁོར་ལོས་སྒྱུར། །བསོད་ནམས་མཆོག་ལྡན་ཟབ་རྒྱས་ཆོས་ཀྱི་མཛོད་གཅིག་པུ། །བདེན་པ་དེས་ཀྱང་བདེ་མཆོག༴ །བསོད་


JKT007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མཆོག་གྲུབ་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན། །མཁྱེན་རབ་བྱམས་པ་གྲུབ་གཉིས་དཔལ་ལ་བདག་གིར་སྤྱོད། །ཀུན་དགའ་ལྷུན་གྲུབ་སྙིགས་དུས་བསྟན་པའི་གསལ་བྱེད་ཆེ། །བདེན་པ་དེས་ཀྱང་བདེ་མཆོག །གནས་གསར་ཆོས་རྗེ་སྨྲ་བའི་སེང་གེར་ཡོངས་སུ་གྲགས། །ཀུན་དགའ་བློ་གྲོས་མཁས་དང་གྲུབ་པའི་ཕ་རོལ་སོན། །ནམ་མཁའ་འཆི་མེད་ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བསྟན་པའི་ཉི་མ་རྡོ་རྗེ་བཙུན་མོ་མི་ཡི་ཟོལ། །ངག་གི་དབང་པོ་ཟབ་རྒྱས་སྙན་བརྒྱུད་རྒྱ་མཚོའི་བདག །ཀུན་དགའི་མཚན་ཅན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །བདེན་པ་དེས་ཀྱང་བདེ་མཆོག །རྩ་བའི་བླ་མ་རིགས་ཀུན་བདག་པོའི་རྣམ་རོལ་གྱིས། །དྲན་པ་ཙམ་གྱིས་མཁའ་སྤྱོད་དངོས་གྲུབ་སྟེར་བ་ལ། །རྣལ་འབྱོར་མ་དང་གཉིས་སུ་མེད་པར་ངེས་རྙེད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཆོས་སྐུའི་ངང་ལས་ལྷན་སྐྱེས་ལོངས་སྤྱོད་རྫོགས་སྐུའི་གཟུགས། །ཞིང་སྐྱེས་སྤྲུལ་པས་འགྲོ་བ་འདུལ་བའི་རྣམ་རོལ་ཅན། །སྔགས་སྐྱེས་མཁའ་སྤྱོད་དགའ་མའི་མཚན་བཟང་བསྒོམས་པ་ཡི། །བདེན་པ་དེས་ཀྱང་བདེ་མཆོག །གྲུབ་བརྙེས་རྣལ་འབྱོར་དབང་ཕྱུག་བྱེ་བ་གཤེགས་པའི་ཤུལ། །ཧེ་རུ་ཀདཔལ་ཉུང་ངུའི་རྒྱུད་ཀྱི་སྙིང་པོའི་ཕུལ། །


JKT007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཀླགས་པ་ཙམ་གྱིས་གྲུབ་པའི་གསང་སྔགས་རབ་བཟླས་པའི། །བདེན་པ་དེས་ཀྱང་བདེ་མཆོག །ཁ་སྦྱོར་ཚོགས་གཉིས་རླུང་སེམས་དབུ་མར་འཆིང་བ་དང་། །བདེ་ཆེན་འབར་དང་འཛག་པའི་ཟློས་གར་ཅི་ཡང་རྩེན། །གསལ་སྟོང་བརྗོད་བྲལ་གཉུག་མའི་ངང་དུ་མཉམ་བཞག་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཐབས་ཤེས་ཕྱོགས་ཀྱི་ཊཱ་ཀི་འདུ་བའི་དུས་བཟང་པོར། །རྣལ་འབྱོར་སྤྱི མ་དཔལ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། །ཟག་མེད་བདུད་རྩི་ཚོགས་ཀྱི་འདུ་བས་མཉེས་བྱས་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །འཆི་ཚེ་མཁའ་སྤྱོད་གྲུབ་པའི་གྲོང་དུ་རོལ་པ་ལས། །མཐར་ཐུག་རྩ་རླུང་ཐིག་ལེ་ཨེ་ཝཾ་དབྱིངས་ཐིམ་ནས། །སྐུ་གསུམ་དབྱེར་མེད་གོ་འཕང་བརྙེས་པའི་བཀྲ་ཤིས་ཤོག །ཅེས་པའང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱི་བློ་མཚོ་ལས་བྱུང་བ་མངྒལཾ།།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན། next