Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ལམ་རིམ་དང་འབྲེལ་བ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།
   
   
   
   


 
previousབླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ལམ་རིམ་དང་འབྲེལ་བ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།next

བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ལམ་རིམ་དང་འབྲེལ་བ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།


JKT007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ལམ་རིམ་དང་འབྲེལ་བ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཅེས་བྱ་བ་བཞུགས་སོ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །དཔལ་ལྡན་བླ་མ་མཁའ་སྤྱོད་དབང་མོའི་ཞབས། །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབ་ཅིག་རྣལ་འབྱོར་མ། །བདག་ཅག་དེང་ནས་བྱང་ཆུབ་སྙིང་པོའི་བར། །རྡོ་རྗེའི་ལུས་ཐོབ་ཐེག་ཆེན་རིག་སད་ནས། །མཚན་ལྡན་བླ་མ་ཚུལ་བཞིན་བསྟེན་ནུས་པའི། །སྐལ་པ་བཟང་


JKT007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྦྱོར་ཅིག་རྣལ་འབྱོར་མ། །ཁམས་གསུམ་འཁོར་བ་སྡུག་བསྔལ་ཕུང་པོར་རིག །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །ལས་འབྲས་བླང་དོར་བརྩོན་སོགས་ཐུན་མོང་གི། །ལམ་རིམ་རྒྱུད་ལ་སྐྱེས་ཅིག་རྣལ་འབྱོར་མ། །ཁྱད་པར་རྣམ་དག་དབང་དང་བྱིན་རླབས་ཀྱིས། །རྒྱུད་སྨིན་དམ་ཚིག་སྡོམ་པར་ལྡན་པ་ལས། །སྨིན་གྲོལ་ལམ་བཟང་འཇུག་ཅིང་བསྒོམ་རུང་བའི། །ཟབ་མོའི་རྟེན་འབྲེལ་བསྒྲིགས་ཤིག་རྣལ་འབྱོར་མ། །དེ་ཚེ་དབེན་ཞིང་བསམ་གཏན་འཕེལ་བའི་སར། །ནང་གི་རྣལ་འབྱོར་རྩེ་གཅིག་གཞོལ་བ་ན། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་རྒྱས་པར་མཛོད་ཅིག་རྣལ་འབྱོར་མ། །ཉལ་དུས་འོད་གསལ་ངང་དུ་མཉམ་གཞག་ཅིང་། །ལྡང་ཚེ་ཟུང་འཇུག་སྒྱུ་མའི་སྐུར་གསལ་བས། །དགའ་བ་གསུམ་ལྡན་བདུད་རྩི་མྱང་བའི་མཐུས། །སྒོ་གསུམ་དག་པར་མཛོད་ཅིག་རྣལ་འབྱོར་མ། །བླ་མ་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་། །བྱམས་དང་སྙིང་རྗེ་བྱང་སེམས་གཏིང་ནས་འབྱོང་། །སྟོབས་བཞི་ཚང་བའི་རྡོར་སེམས་བསྒོམ་བཟླས་ཀྱིས། །སྡིག་ལྟུང་བྱང་བར་མཛོད་ཅིག་རྣལ་འབྱོར་མ། །དངོས་གྲུབ་འབྱུང་གནས་ཁྱབ་བདག་རྡོ་རྗེ་ཆོས། །དད་པས་བསྒོམ་ཞིང་མཆོད་ཅིང་གསོལ་བཏབ་མཐུས། །བྱིན་རླབས་བདུད་རྩིས་དབང་བཞིའི་ཡེ་ཤེས་ཀྱི། །པདྨོ་ལྷག་པར་རྒྱས་མཛོད་རྣལ་འབྱོར་མ། །


JKT007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་སྦྱངས་ཤིང་བསྒྱུར་བའི་བསྐྱེད་རིམ་གྱིས། །ལྟར་སྣང་གཅིག་ཏུ་ཤར་བའི་དམ་ཚིག་པར། །ཡེ་ཤེས་ཕོ་ཉ་གསུམ་གྱི་བྱིན་རླབས་རྒྱུན། །འཇུག་ཅིང་བརྟན་པར་མཛོད་ཅིག་རྣལ་འབྱོར་མ། །ང་རྒྱལ་རྣམ་པའི་སེམས་འཛིན་ལ་བརྟེན་ནས། །རིམ་པར་དང་པོའི་གསལ་སྣང་མཐར་ཕྱིན་ཅིང་། །ངག་དང་ཡིད་ཀྱི་བཟླས་པས་མཁའ་སྤྱོད་ཀྱི། །དངོས་གྲུབ་འགྲུབ་པར་མཛོད་ཅིག་རྣལ་འབྱོར་མ། །ཕྱི་ནང་། ཁམས་གསུམ་བསམ་གྱིས་མི་ཁྱབ་པའི། །འོད་གསལ་ངང་དུ་ཐིམ་པའི་སྐད་ཅིག་ལས། །ལྷ་སྔགས་ཆོས་སྐུར་འཆར་བའི་སྤྱོད་ལམ་གྱིས། །ཚོགས་གཉིས་རྫོགས་པར་མཛོད་ཅིག་རྣལ་འབྱོར་མ། །རྩ་རླུང་ཐིག་ལེ་སྨིན་ཅིང་སྦྱང་བའི་ཕྱིར། །གཏུམ་མོའི་མེ་ལྕེས་དབུ་མའི་སྒོ་དབྱེ་ཞིང་། །རླུང་གི་སྦྱོར་བས་ལུས་སེམས་སིམ་པ་ལས། བདེ་སྟོང་ཡེ་ཤེས་འགྲུབ་མཛོད་རྣལ་འབྱོར་མ། །དེ་ལྟར་བསྒོམ་བཟླས་བསྒྲུབ་ལ་བརྩོན་པའི་མཐུས། །གྲུབ་པའི་དབང་པོ་ཀུ་སཱ་ལི་པ་བཞིན། །མངོན་སུམ་ལག་པའི་མཁྲིག་མ་ནས་བཟུང་ནས། །མཁའ་སྤྱོད་གྲོང་དུ་འཁྲིད་ཅིག་རྣལ་འབྱོར་མ། །དེར་ནི་ཞིང་སྐྱེས་ཕོ་ཉའི་ཚོགས་རྣམས་ཀྱིས། རྡོ་རྗེའི་ཉམས་འགྱུར་རྫོགས་པའི་ཡན་ལག་གིས། །ཀུན་ཏུ་འཁྱུད་ཅིང་ཙུམྤ་སྔོན་འགྲོ་བས། །སྙོམས་འཇུག་བདེ་ཆེན་བསྐྱེད་མཛོད་རྣལ་འབྱོར་མ། །དེ་ཚེ་བདེ་བས་དྲངས་པའི་སྟོང་པ་ཉིད། །མཐོང་བའི་ལམ་


JKT007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་གསལ་མངོན་གྱུར་ནས། །སློབ་དང་མི་སློབ་ཁ་སྦྱོར་བདུན་ལྡན་གྱི། །ཟུང་འཇུག་ཐོབ་པར་མཛོད་ཅིག་རྣལ་འབྱོར་མ། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །ཡིད་འཕྲོག་མཆོད་པའི་སྤྲིན་གྱི་མདུན་བསུས་ཏེ། །དག་པའི་ཞིང་དུ་དྲོངས་ཤིག་རྣལ་འབྱོར་མ། །དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་རྡོ་རྗེ་བཙུན་མོ་ཡིས། །མིང་ནས་ལུང་སྟོན་དགའ་བ་རྣམ་གསུམ་གྱི། །དབུགས་དབྱུང་ལྷག་པར་སྩོལ་ཅིག་རྣལ་འབྱོར་མ། །མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མ་རྡོ་རྗེ་རྣལ་འབྱོར་མས། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ཞིང་། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་འདི་ཕྱིའི་འདུན་མ་བླ་མ་དང་མཆོག་གསུམ་གྱི་བཀའ་དྲིན་ཁོ་ན་ལ་རེ་བ་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། ཁྱབ་བདག་འཁོར་ལོ་སྡོམ་པའི་ཕོ་བྲང་དྲང་སྲོང་སྲིན་པོ་རིར་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྣང་བརྙན་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ཇི་ལྟར་གསོལ་བ་བཏབ་པ་བཞིན། །སླད་ནས་ཀྱང་ཡང་ཡང་གསོལ་བ་བཏབ་པའི་དགེ་བས་བདག་དང་འགྲོ་ཀུན་བླ་མ་རྗེ་བཙུན་མས་དུས་རྟག་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤེ་ཡོ་བྷ་བ་ཏུ།།


previousབླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ལམ་རིམ་དང་འབྲེལ་བ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།next