Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ།
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ།


JKT007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་བཙུན་མོ་དང་། །དབྱེར་མེད་དཔལ་ལྡན་བླ་མོར་གུས་བཏུད་ནས། །གང་དེ་མཆོད་པའི་ཐབས་ཚུལ་རྨད་བྱུང་བ། །བསོད་ནམས་སྤྲིན་གྱི་རོལ་མོ་འདིར་འཁྲོལ་ལོ། །དེ་ཡང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྣལ་འབྱོར་མའི་བྱིན་རླབས་ཀྱིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་དཔལ་ལྡན་བླ་མ་རིགས་ཐམས་ཅད་ཀྱི་བདག་པོར་བལྟས་ནས་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་འདུམས་པར་འདོད་པས་མཆོད་པའི་ཆོ་ག་འདི་བརྩམས་པར་བྱ་སྟེ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྩ་བརྒྱུད་བླ་མའི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པའི་མདུན། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་ཅི་འབྱོར་པའི་བྱེ་བྲག་གཙང་ཞིང་བཀོད་པས་མཛེས་པ་ཕྱག་ལེན་ལྟར་བཤམས། །རང་གི་མདུན་དུ་གོས་ཟུང་། མཎྜལ་དྲི་བཟང་གི་ཆུ་དང་བཅས་པ། མེ་ཏོག་གི་སྣོད། ནང་མཆོད། རྡོར་དྲིལ་སོགས་རོལ་མོའི་བྱེ་བྲག་ཇི་ལྟར་རིགས་པས་མཚོན་དགོས་པའི་ཡོ་བྱད་རྣམས་འདུ་བྱ། །རང་ཉིད་སྟན་བདེ་བ་ལ་འཁོད་ནས་ངེས་འབྱུང་དང་བྱང་ཆུབ་


JKT007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཉིས་ཀྱི་བློ་ཁྱད་པར་ཅན་གྱི་ངང་། གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོ་གྲཏྣ་གྲིཉྩ་ཧཱུྃ་ཧཱུྃ་ཕཊ། ༀ་གྲིདྡྷཱ་པ་ཡ་གྲིཏྟཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་། བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷསྭ་བྷ་ཝ་ཤུདྡྷོཉ་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི། རྟ་བབ་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ནམ་མཁའ་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨགྷཾ་ཨཱ༔ཧཱུྃ་ནས། ཤཔྟ་ཨཱཿཧཱུྃ་གི་བར་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས།


JKT007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཨོཾ་བཛྲ་སྤ་ར་ཎ་ཁཾ་ཞེས་པས་མང་པོར་སྤེལ། ཨོཾ་བཛྲ་གྷནྡྷེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲི་ད་ཡ་ནི། སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་དབབ། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་ཀྱི་མཐར། ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་


JKT007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་རྣམས་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་དྲུག་ལས། དང་པོ་ཚོགས་ཞིང་བསྐྱེད་པ་ནི། རང་སེམས་ལྷན་སྐྱེས་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མར་འཆར་བ་ལས། །མ་དག་སྣང་བ་རྟེན་དང་བརྟེན་པར་བཅས། །བརྗོད་བྲལ་བདེ་ཆེན་དབྱིངས་སུ་ཐིམ་པའི་རྩལ། །ཕྱི་སྣོད་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་། །མེ་ཏོག་ཆར་འབེབས་རོལ་མོ་སྣ་ཚོགས་སྒྲོགས། །རྣམ་བཀྲའི་འཇའ་འོད་འཁྲིགས་པའི་བར་བར་ན། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་རབ་མཛེས་པའི། །མདུན་གྱི་ནམ་མཁར་ཡིད་འཕྲོག་རིན་ཆེན་ཁྲིར། །མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་ཆུ་སྐྱེས་ཉི་ཟླའི་གདན་གྱི་དབུས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །མཐའ་ཀླས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་བདག །སྨིན་གྲོལ་ལམ་གྱི་སྟོན་པ་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །ཚུར་མཐོང་མོས་ངོར་དཔའ་བོ་རྡོ་རྗེ་ཆོས། །སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་པའི་གཟི་འབར་ཞིང་། །བརྒྱད་


JKT007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལང་ཚོར་མཚན་དཔེར་མཚར་སྡུག་རྫོགས། །ཕྱག་གཡས་བདེ་སྟོང་སྒྲ་སྒྲོགས་ཌཱ་མ་རུ། །གཅིག་ཤོས་བདུད་རྩིས་གང་བའི་ཐོད་པ་དང་། །གཡོན་པའི་གྲུ་མོར་རྡོ་རྗེའི་ཁ་ཊཾ་བསྣམས། །ཕྱིན་དྲུག་རྣམ་དག་རུས་པའི་ཕྱག་རྒྱས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རོལ། །མཐའ་བསྐོར་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་ཆོས་སྲུང་ནོར་ལྷའི་ཚོགས་བཅས་རྣམས། །བདག་ལ་དགྱེས་ཤིང་འཛུམ་པས་བཞུགས་པ་ཡི། །སོ་སོའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞེས་པས་གསལ་བཏབ། གཉིས་པ་ཕྱག་འཚལ་བ་ནི། རྒྱས་པར་བརྒྱུད་པའི་ཕྱག་འཚལ་ལོགས་ནས་འབྱུང་བ་ལྟར་བྱ་ཞིང་། བསྡུ་ན། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བའི་བཀའ་དྲིན་ཅན། །རྗེ་བཙུན་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས། །མཁའ་སྤྱོད་དབང་མོ་རྡོ་རྗེ་རྣལ་འབྱོར་མ། །གྲུབ་པའི་སར་བཞུགས་པཎ་ཆེན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། ། ཟབ་ཡངས་ཆོས་ཀྱི་གཏེར་གྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །རྡོ་རྗེ་འཆང་དངོས་བླ་ཆེན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་ཕྱག་འཚལ་ལོ། །གནས་།


JKT007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རིག་པ་ས་སྐྱ་པཎ་ཆེན་དང་། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་ཞབས། །རིམ་གཉིས་ཐུགས་གཞོལ་དཀོན་མཆོག་དཔལ་བ་དང་། །བྲག་ཕུག་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་ཞབས། །གདམས་པ་རྒྱ་མཚོའི་མངའ་བདག་དཔལ་ལྡན་པ། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་རྡོ་རྗེ་འཆང་། །ཀུན་དགའ་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པ་དཀོན་མཆོག་རྒྱལ་མཚན་དང་། །ཀུན་མཁྱེན་མཁས་པའི་དབང་པོ་སེང་གེའི་མཚན། །ས་བཅུའི་དབང་ཕྱུག་སངས་རྒྱས་རིན་ཆེན་དང་། །ས་སྐྱ་ལོ་ཙཱ་རྣམས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་དང་། །པཎ་ཆེན་མཁས་པའི་དབང་པོ་ནམ་མཁའི་མཚན། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བསོད་ནམས་དང་། །དཔལ་མཆོག་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཕུན་ཚོགས་དང་། །རྡོ་རྗེ་འཆང་དབང་བསོད་ནམས་དཔལ་ལྡན་ཞབས། །བསྟན་པའི་ཉི་མ་ནམ་མཁའ་བསམ་འགྲུབ་དང་། །ཀུན་དགའ་བློ་གྲོས་རྣམས་ལ་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་ནམ་མཁའ་འཆི་མེད་དང་། །སྐྱབས་གནས་ཀུན་འདུས་རྣལ་འབྱོར་འཇམ་དཔལ་བཟང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །


JKT007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཉེར་སྤྱོད་ཀྱི་མཆོད་པ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་ཚབ་ཏུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང་། སྔགས་ཀྱི་ཨགྷཾ་ཚབ་ཏུ། པཱ་ཏྱཾ་ནས། ཤཔྟའི་བར་རྣམས་སྦྱར། གཉིས་པ་གོས་ཟུང་གི་མཆོད་པ་ནི། གོས་ཟུང་། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་ན་བཟའ་སྲབ་ལ་འཇམ་པ་ཡང་བ་ཟུང་དུ་སྦྱར་བ་དང་ལྡན་པར་བསམས་ལ། ཁ་དོག་འཇམ་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། ། ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བསྒྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ཝ་ས་མྱ་ཨཱཧཱུཾ། གསུམ་པ་རིག་མ་བཅུ་དྲུག་གི་མཆོད་པ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་མཆོད་པར་བསམས་ལ། །དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝཾ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་


JKT007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས། །དཔལ་ལྡན་བླ་མ་པི་ཝཾ་སྒྲ་ཡིས་མཆོད། །ཨོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཱི་ཎི་ཧུ་ཧཱུྃ་ཕཊ། །གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གླིང་བུའི་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཝཾ་སེ་ཧཱུྃ་ཧཱུྃ་ཕཊ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྫ་རྔའི་སྒྲ་ཡིས་མཆོད། །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏ་ས་པ་རི་ཝཱ་ར་ཨོཾ་བཛྲ་མྲི་ཏཾ་གེ་ཧུཾ་ཧཱུྃ་ཕཊ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རྔ་ཟླུམ་སྒྲ་ཡིས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་མུ་རྫི་ཧཱུྃ་ཧཱུྃ་ཕཊ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། ། དཔལ་ལྡན་བླ་མ་བཞད་པའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཧཱ་སྱེ་ཧུཾ་ཧཱུྃ་ཕཊ། །ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །


JKT007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྒེག་མཛེས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ལཱ་སྱེ་ཧུཾ་ཧཱུྃ་ཕཊ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་སྙན་པའི་གླུ་ཡིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཱི་ཏཱི་ཧུཾ་ཧཱུྃ་ཕཊ། པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མཛེས་མའི་གར་གྱིས་མཆོད། ཨོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཀྲྀ་ཏེ་ཧཱུཾ་ཧཱུཾ་ཕཊ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མེ་ཏོག་སིལ་མས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུཔྤེ་ཧཱུྃ་ཧཱུྃ་ཕཊ། ཨིནྡྲ་ནཱི་ལིའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་བདུག་སྤོས་སྤྲིན་གྱིས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དྷཔྤེ་ཧཱུྃ་ཧཱུྃ་ཕཊ། །ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །སྣ་


JKT007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་མར་མེའི་ཕྲེང་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་བཛྲ་དཱི་པེ་ཧུཾ་ཧཱུྃ་ཕཊ། སིནྡྷའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་དྲི་བཟང་བྱུགས་པས་མཆོད། །ༀ་གུ་རུ་བུདྡྷ་བོ་ཚ དྷི་ས་ཏ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཧཱུྃ་ཧཱུྃ་ཕཊ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་གཟུགས་ཀྱི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོ་རཱུ་པ་བཛཱི་ཧུཾ་ཧཱུྃ་ཕཊ། བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རོ་ཡི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོ་རཱ་ས་བཛཱི་ཧུཾ་ཧཱུྃ་ཕཊ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་རེག་བྱའི་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོ་སྤརེ་བཛྲ་ཧཱུྃ་ཧཱུྃ་ཕཊ། སྟོན་ཟླའི་མདོག་


JKT007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་ཆོས་ཁམས་བདེ་བས་མཆོད། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨོཾ་དྷརྨ་དྷ་ཏུ་བཛཱི་ཧུཾ་ཧཱུཾ་ཕཊ། བཞི་པ་རིན་ཆེན་སྣ་བདུན་གྱི་མཆོད་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ༔ བླ་མ་རྒྱལ་བ་སྲས་བཅས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བླ་མ་རྒྱལ་བ་སྲས་བཅས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། ། མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཝསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཨཱཧཱུཾ། གླང་པོ་


JKT007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཧཱུཾ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ནས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་བློ ར་ཁང་རཏྣ་པཱུ་ཛི་ཏེ་ཨཱཧཱུྃ། ལྔ་པ་འདོད་ཡོན་གྱིས་མཆོད་པ་ནི། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཤསྡེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་


JKT007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟན་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རྭ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ་ཕཊ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་སྤརེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུཾ། དྲུག་པ་མཎྜལ་གྱི་མཆོད་པ་ནི། ཨོཾ་བཛྲ་བྷུ་མི་ཨཱཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཎཱཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་།


JKT007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ། གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་


JKT007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱིར་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དམ་ཆོས་ཀུན་འདུས་བླ་མ༴ །དྲིན་ཅན་ཆོས་ཀྱི་རྗེ་ལ༴ །མཉམ་མེད་བཀའ་དྲིན་ཅན་གྱི༴ །འདི་ཕྱི་བར་དོ་ཀུན་ཏུ༴ །དགེ་འདུན་ཀུན་འདུས་བླ་མ །དྲིན་ཅན་ཆོས་ཀྱི་རྗེ་ལ༴ །མཉམ་མེད་བཀའ་དྲིན་ཅན་གྱི་།འདི་ཕྱི་བར་དོ་ཀུན་ཏུ= །བྱང་སེམས་ཀུན་འདུས་བླ་མ །དྲིན་ཅན་ཆོས་ཀྱི་རྗེ་ལ༴ །མཉམ་མེད་བཀའ་དྲིན་ཅན་གྱི༴ །འདི་ཕྱི་བར་དོ་ཀུན་ཏུ །ཉན་རང་ཀུན་འདུས་བླ་མ= །དྲིན་ཅན་ཆོས་ཀྱི་རྗེ་ལ༴ །མཉམ་མེད་བཀའ་དྲིན་ཅན་གྱི= །འདི་ཕྱི་བར་དོ་ཀུན་ཏུ༴ །ཆོས་སྐྱོང་ཀུན་འདུས་བླ་མ༴ །དྲིན་ཅན་ཆོས་ཀྱི་རྗེ་ལ༴ །མཉམ་མེད་


JKT007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཅན་གྱི༴ །འདི་ཕྱི་བར་དོ་ཀུན་ཏུ༴ །ནོར་ལྷ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དེ་ནས་རྩ་བའི་བླ་མའི་གསོལ་འདེབས་བརྒྱ་རྩ་སོགས་ཅི་ནུས་དང་། མཎྜལ་ཚོམ་བུ་བདུན་མ་བརྒྱ་རྩ་དང་། སོ་བདུན་མ་གསོལ་གདབ་བཅས་སྤེལ་མར་ཅི་ནུས་ཕུལ་བའི་མཐར། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་


JKT007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཞེས་བརྗོད། བདུན་པ་ནང་མཆོད་ནི། ཨོཾ་ཨཱཧཱུཾ། བར་མ་དབུགས་དབྱུང་མཆོག་དག་དང་། །དྲི་ཡི་ཆུ་དང་དག་པ་ཡི། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེས། །ཧེ་རུ་ཀ་དཔལ་བླ་མ་མཆོད། །ཨོཾ་སརྦ་བཛྲ་ཀ་མི་ནི། སརྦ་བྷཀྵ་ཤོ་དྷ་ཡ། གུ་གྱ་བདྲི་ཎཱི་ཧཱུྃ། ཞེས་དང་། སྤྲོ་ན། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཞལ་དུ་ཨོཾ་ཨཱཧཱུྃ། ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །སེང་གེ་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །


JKT007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཧཱུཾ། བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤང་ཆོས་རྗེ་ཚར་ཆེན་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དཔལ། །བསོད་ནམས་མཆོག་ལྡན་ཞལ་དུ་ཨོཾ་ཨཱཿཧཱུྃ། བསོད་ནམས་མཆོག་གྲུབ་མཁྱེན་རབ་བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་པ། ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས། །མཆོད་འོས་རྒྱ་མཚོའི་ཞལ་དུ་ཨོ་ཨཱཧཱུྃ། ཞེས་འབུལ། བརྒྱད་པ་ཡིད་བྱུང་གི་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཅས་ཏེ། ན་མོ། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །བླ་


JKT007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཞེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ༔ ན་མས་མནྟ་བུདྡྷ་ནཱཾ། ཨ་བྷི་སྨ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜལ་མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན་སརྦ་ཏ་ཐཱ་ག་ཏ་བ་ལེན། བཛྲ་སྭསྦྱན་བ་ལེ་ན་ཙ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ཏེ་སེ་གོལ་བརྡབ་པའི་མཐར་རོལ་མོའི་སྒྲ་དང་བཅས་པས། ལྷ་མའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང་། །གསང་དང་རབ་གསང་གསང་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། ། ཅེས་བརྗོད་ལ་ཅི་ནུས་པའི་མཆོད་པ་དབུལ་བར་བྱའོ། །བཞི་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་བྱ་བ་ནི། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །དེ་རྣམས་བསྡམས་ཏེ་ཐམས་ཅད་སོ་སོར་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་


JKT007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་བགྱིས་པ། །དེ་ཡང་བླ་མེད་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རང་། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང་། །རྟོག་པའི་དྲྭ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དབང་དགེ་འདུན། །རབ་ཏུ་དད་པས་རྟག་ཏུ་སྐྱབས་སུ་མཆི། །རྒྱལ་དང་བདག་ཉིད་ལེགས་སྐྱོབ་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་གིས་ལུས་འདི་འབུལ། །སེམས་དཔའ་མཆོག་གིས་བདག་ཉིད་ཡོངས་བཞེས་ཤིག །དད་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །གློ་བུར་ཉོན་མོངས་ཚད་པས་གདུང་བ་ཡི། །སྐྱོབ་པ་སྐྱེ་བོ་མཐའ་དག་གྲོལ་བའི་ཕྱིར། །དམ་ཆོས་བདུད་རྩིའི་ཆོས་ཟློ| རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་བསྐུལ་ལོ། །མཆོག་ཏུ་མི་དགེ་ལ་སོགས་རབ་བཅོམ་པའི། །བདུད་རྩི་སྐྱེ་རྒ་ན་དང་འཆི་བ་ལས། །མྱ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་འདེབས། །ལུས་ངག་ཡིད་ཀྱིས་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་གང་ཅིའང་རུང་། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །སངས་རྒྱས་འཇིག་རྟེན་གང་བྱུང་ལ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་


JKT007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་བཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱའི་བར་མི་བཏང་བ་ལྟར། །བདག་ནི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང་། །བསླབ་འདི་མིག་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་དག་ཡེ་ཤེས་ལྔར་གྱུར་ལྔ། །རྟག་ཏུ་བསྟེན་ཅིང་སྤྱད་པར་བགྱི། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག ། རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང་། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་སྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་གཅིག་སོགས། །རིགས་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་། བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་སྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་བཟླ། །ཟླ་རེ་བཅུ་ཕྲག་གཉིས་པ་དང་། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་པ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བྱ། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་


JKT007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་དམ་བཅས་པ་ལ་བརྟེན་ནས་ལྔ་པ་གནང་བ་ནོད་པ་ནི། བླ་མ་ལ་སོགས་པའི་ཚོགས་ཞིང་རྣམས་ཐུགས་དགྱེས་པ་ཆེན་པོས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་གནས་པ་འདི་ལ་གནས་ན་ལེགས་པ་ཡིན་གྱི། གནས་པ་འདིས་གནས་ན་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པར་བསམ། དྲུག་པ་སྨོན་ལམ་གདབ་པ་ནི། དེ་ལྟར་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སྨོན་པའི་གནས་འདི་དག་མྱུར་དུ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམ་པ་རྩེ་གཅིག་པས། སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བའི་སྐུ། །ཉོན་མོངས་གདུང་སེལ་ཆོས་སྒྲ་སྒྲོགས་པའི་གསུང་། །ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །དཔལ་ལྡན་བླ་མ་དྲན་ཅིང་གསོལ་བ་འདེབས། །མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི། །སོགས་མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་གདབ། གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། གོང་ལྟར་མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ནས། རོལ་མོ་རྣམས་དྭངས་ཞིང་ཐོགས་པ་མེད་པ་


JKT007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨགྷཾ་ཨཱཿཧཱུྃ་ནས། ཤཔྟ་ཨཱཿཧཱུྃ་གི་བར་གྱིས་བྱིན་བརླབས། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཐལ་མོ་སྦྱར་བས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སྔོན་གྱི་ལས་ལས་གྱུར་པ་གི དང་། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་། འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་པ་ངན་པ་དང་། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་


JKT007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་གྱུར་པའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་། སྒྲིབ་པ་དང་། ལྟུང་བ་དང་། ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། །དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བར་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་། ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང་། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་


JKT007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་མདུན་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་། ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མོས་གུས་ཤུགས་དྲག་པོས་གསོལ་བ་གདབ། གཉིས་པ་ཚོགས་ཞིང་བསྡུ་བ་ནི། དེ་ལྟར་གུས་པས་མཆོད་ཅིང་གསོལ་བཏབ་མཐུས། །མཆོད་ཡུལ་མགྲོན་རྣམས་མཐའ་ནས་རིམ་པ་བཞིན། །འོད་དུ་ཞུ་སྟེ་རྩ་བའི་བླ་


JKT007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཐིམ། །དེ་ཡང་རང་གི་ཚངས་པའི་བུ་ག་ནས། །ཞུགས་ཏེ་སྙིང་དབུས་པད་དཀར་བཞད་པའི་རྩེར། །བདེ་སྟོང་ཉི་ཟླའི་དཀྱིལ་འཁོར་རྒྱས་པའི་དབུས། །དགྱེས་པ་ཆེན་པོའི་ངོ་བོར་རྟག་བཞུགས་ནས། ། དབང་དང་དངོས་གྲུབ་ཐམས་ཅད་སྩོལ་བར་གྱུར། །ཞེས་བརྗོད་ཅིང་བསམ་ལ། དད་མོས་རྩེ་གཅིག་པའི་ངང་ནས། བླ་མའི་མཚན་དཔེའི་སྣང་ཆ་གསལ་ལམ་མེ་བ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་དེ་ཅུང་ཟད་མཉམ་པར་བཞག་གོ། །གསུམ་པ་ཐུན་ལས་ལྡང་བ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། ། ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། ། བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་ནས། །


JKT007_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །བཞི་པ་དགེ་བ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོར་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ལྔ་པ་སྨོན་ལམ་གདབ་པ་ནི། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ནས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དྲུག་པ་ཤིས་པ་བརྗོད་པ་ནི། སྤྲོ་ན་རྣལ་འབྱོར་མའི་བླ་མ་བརྒྱུད་པའི་བཀྲ་ཤིས་ལོགས་ནས་འབྱུང་བ་ལྟར་རམ། དེ་ཙམ་མི་ནུས་ན། རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར་ཞེས་


JKT007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་ཅིང་མེ་ཏོག་གི་ཆར་སིལ་མར་དགྲམ་པར་བྱའོ།། ༈ །།གལ་ཏེ་རྣལ་འབྱོར་མའི་འཁྲིད་རིམ་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས་བླ་མའི་རྣལ་། འབྱོར་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་བླ་མ་མཆོད་པའི་ཆོ་ག་ཉམས་སུ་བླངས་བར་འདོད་ན། སྦྱོར་བ་སྔར་བཞིན་དང་། དངོས་གཞི་ལ། དང་པོ་ཚོགས་ཞིང་གསལ་གདབ་པ་ནི། ཕུན་ཚོགས་སྲིད་ཞིའི་དངོས་པོ་མཐའ་དག་རང་སེམས་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་ཆེན་པོའི་རྣམ་འཕྲུལ་ལས་བྱུང་བརྗོད་བྲལ་མཁའ་དབྱིངས་དག་པའི་ཀློང་། །ཕུལ་བྱུང་སྣ་ཚོགས་མཆོད་པའི་སྤྲིན་ཕུང་དུ་མས་མངོན་པར་མཛེས་པའི་དབུས། །མི་འཇིགས་སེང་གེ་བརྒྱད་ཀྱིས་རབ་བཏེགས་ནོར་བུའི་ཁྲི་འཕང་མཐོན་པོའི་རྩེར། །པད་དཀར་འདབ་བརྒྱ་བཞད་པའི་ལྟེ་བར་ཟླ་ཤེལ་གསར་པའི་གདན་སྟེང་དུ། །དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོར་རྩ་བའི་བླ་མ་རྡོ་རྗེ་ཆོས། །པདྨ་རཱ་གའི་རྡུལ་མང་བརྩེགས་པར་ཉིན་བྱེད་བྱེ་བས་འཁྱུད་པ་ཡི། །བརྒྱད་གཉིས་ལང་ཚོའི་མཚན་དཔེའི་མཚར་སྡུག་བདེ་སྟོང་ཉམས་བརྒྱས་རབ་ཏུ་སྒེག །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བའི་ཚུལ་གྱིས་འཛིན། །གནག་སྣུམ་མཐོན་མཐིང་རལ་པའི་ཅོད་པན་ཡིད་འཕྲོག་ནོར་བུའི་ཟུར་ཕུད་ཅན། །དར་དང་རུས་པའི་རྒྱན་གྱིས་


JKT007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཛེས་ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས། །འོད་དང་འོད་ཟེར་དུ་མ་འཕྲོ་བཞིན་བདག་ལ་དགེས་པའི་ཚུལ་གྱིས་བཞུགས། །དེ་མཐར་མདུན་གྱི་ཆ་ནས་བརྩམས་ཏེ་སངས་རྒྱས་རྡོ་རྗེ་འཆང་ཆེན་སོགས། །ཚད་མེད་མཁྱེན་དང་བརྩེ་བའི་བདག་ཉིད་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་། །དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པས་མངོན་སུམ་ལྟ་བུར་བསྐོར་བ་རྣམས། །མཁའ་དབྱིངས་མཛེས་མར་དབང་པོའི་གཞུ་བཞིན་སྣང་སྟོང་ཟུང་འཇུག་ཆེན་པོའི་སྐུར། །ཡོངས་ཤར་གནས་གསུམ་ཡི་གེས་མཚན་ལས་འོད་ཟེར་དཔག་ཡས་རབ་འཕྲོས་པས། །བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷར་བཅས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞེས་གསལ་བཏབ། གཉིས་པ་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བའི་བཀའ་དྲིན་ཅན། །རྗེ་བཙུན་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཆང་། །རྒྱལ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་སྲས་ཐུ་བོ་ནཱ་རོ་ཏ་པའི་ཞབས། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །


JKT007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་སློབ་བཤད་འཛིན་པའི་ཕམ་མཐིང་པ། །གསང་མཛོད་ཀུན་གྱི་གཏེར་གྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །རྡོ་རྗེ་འཆང་ཆེན་བླ་ཆེན་ས་སྐྱ་པ། །རྡོ་རྗེའི་སྲས་མཆོག་རྗེ་བཙུན་བསོད་ནམས་རྩེ། །རྡོ་རྗེ་འཛིན་པའི་གཙུག་རྒྱན་གྲགས་པའི་ཞབས། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ས་སྐྱ་པཎ་ཆེན་གངས་ཅན་མཁས་པའི་རྗེ། །ས་གསུམ་སྐྱེ་རྒུའི་གཙུག་རྒྱན་འཕགས་པའི་མཆོག །ས་སྐྱའི་བསྟན་འཛིན་ཞང་སྟོན་དཀོན་མཆོག་དཔལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །གྲུབ་པའི་དབང་པོ་ན་བཟའ་བྲག་ཕུག་པ། །གྲུབ་མཆོག་མཁས་པའི་དེད་དཔོན་ཆོས་ཀྱི་རྗེ། །གྲུབ་རིགས་སྙན་བརྒྱུད་མངའ་བདག་ཡར་ཀླུང་པར། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །བདག་གཞན་འགྲོ་བའི་སྐྱབས་མགོན་རྒྱལ་བ་མཆོག །བདག་ཉིད་ཆེན་པོ་འཇམ་དབྱངས་ནམ་མཁའི་མཚན། །བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་ཞབས། །གུས་པས༴ བཀའ་དྲིན་མཉམ་མེད་རྗེ་བཙུན་རྡོ་རིང་པ། །བཀའ་བཞིན་སྒྲུབ་པའི་བསྟན་འཛིན་བློ་གསལ་དབང་། །བཀའ་བརྒྱུད་གསང་ཆེན་སྨྲ་བ་མཁྱེན་བརྩེའི་ཞབས། །གུས་པས་ཕྱག་འཚལ །རིག་སྔགས་འཆང་བ་བསླབ་གསུམ་རྒྱལ་


JKT007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་། །རིགས་བརྒྱའི་ཁྱབ་བདག་དབང་ཕྱུག་རབ་བརྟན་དཔལ། །རིག་གྲོལ་མཐར་ཕྱིན་རྗེ་བཙུན་བཀའ་འགྱུར་བར། །གུས་པས་ཕྱག་འཚལ །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཞྭ་ལུ་པ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཁྱེན་རབ་རྗེ། །དཀྱིལ་འཁོར་འཁོར་ལོའི་བདག་པོ་རྣམ་གཉིས་ལ། །གུས་པས་ཕྱག་འཚལ༴ །སྙན་བརྒྱུད་གདམས་པའི་གཏེར་མཛོད་རྨོར་ཆེན་རྗེ། །སྙན་བརྒྱུད་མངའ་བདག་ཀུན་དགའ་ལེགས་འབྱུང་ཞབས། །སྙན་བརྒྱུད་སྤེལ་མཁས་ཀུན་དགའ་བློ་གྲོས་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ས་གསུམ་སྐྱེ་རྒུའི་གཉེན་གཅིག་ཐར་རྩེ་རྗེ། །ས་བསྟན་ཉིན་མོར་བྱེད་པའི་ནམ་མཁའ་ལེགས། །ས་བཅུའི་དབང་ཕྱུག་བསྟན་པའི་ཉི་མ་ལ། །གུས་པས་ཕྱག་འཚལ༴ །གྲུབ་པའི་སར་བཞུགས་ངག་དབང་རིན་ཆེན་དང་། །གྲུབ་པ་མཆོག་བརྙེས་ཀུན་དགའ་བསྟན་འཛིན་ཞབས། །གྲུབ་གཉིས་དཔལ་སྟེར་འཇམ་དཔལ་བཟང་པོ་ལ། །གུས་པས་ཕྱག་འཚལ༴ །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །དྲན་པས་སྲིད་ཞིའི་གདུང་བ་སེལ་མཛད་པ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཞེས་པས་ཕྱག་འཚལ། གསུམ་པ་མཆོད་པ་ལ། ཉེར་སྤྱོད། གོས་ཟུང་། རིག་མ་བཅུ་


JKT007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །རིན་ཆེན་བདུན། འདོད་ཡོན་ལྔ། མཎྜལ། ནང་མཆོད་རྣམས་ཐུན་མོང་ལྟར་བྱས་པའི་མཐར། ནང་གི་ཚོགས་ཀྱི་མཆོད་པ་ལ། ཐོག་མར་ཞེན་པ་སྤང་བ་ནི། གང་ལ་ཆགས་ན་ཉེས་ཀུན་འབྱུང་བའི་གཞི། །ཉོན་མོངས་ཀྱིས་བསགས་ཟས་ནོར་ལོངས་སྤྱོད་ཀུན། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །རྒྱགས་དང་སེར་སྣ་ཞི་བར་བྱིན་གྱིས་རློབས། །རང་གི་ཞེ་སྡང་རང་གཟུགས་ཤར་བ་ཡི། གནོད་བྱེད་དགྲ་འདྲེར་སྣང་བ་ཅི་མཆིས་པ། །རྗེ་བཙུན་བླ་མའི་འཁོར་དུ་དབུལ་བར་བགྱི། །ཞེ་སྡང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །ལྟར་སྣང་ཕན་པས་འཁོར་བར་འཆིང་བའི་གྲོགས། །གཉེན་དང་མཛའ་བཤེས་འཁོར་གཡོག་ལ་སོགས་པ། །དེ་ཀུན་བླ་མ་མཆོག་ལ་དབུལ་བར་བགྱི། །འདོད་ཆགས་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །ཚེ་རབས་དུ་མར་གྲངས་མེད་མར་བྱས་ཀྱང་། །ལས་ཉོན་དབང་གིས་གཉེན་ངོ་མ་ཤེས་པའི། །བར་མའི་འགྲོ་རྣམས་ཁྱེད་ལ་དབུལ་བར་བགྱི། །རྨོངས་དང་ཕྲག་དོག་ཞི་བར་བྱིན་གྱིས་རློབས། །མཆོད་པ་དངོས་ནི། སྙིང་གའི་པཾ་ཡིག་རྡོ་རྗེ་རྣལ་འབྱོར་མ། ། དབུ་མའི་ལམ་བརྒྱུད་ཚངས་པའི་སྒོ་ནས་ཐོན། །རྩ་བའི་བླ་མར་འཁྱུད་ཅིང་ཙུམྥ་ཡིས། །ཟག་མེད་བདེ་ཆེན་མཆོད་པས་རབ་ཏུ་མཉེས། །སླར་ཡང་རང་གི་ཕུང་པོ་རྙིང་པ་ལ། །གཟིགས་པས་ཆེ་ཞིང་ཚོ་


JKT007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣུམ་མཐོང་ནས། །སྔོན་ཆད་འདི་འདྲའི་ལུས་ཀུན་དོན་མེད་སོང་། །ད་ལན་དོན་ཆེན་བྱའོ་སྙམ་དུ་དགོངས། །ཕུང་པོའི་རྩར་བྱོན་ཕྱག་གཡས་གྲི་གུག་གིས། །ཐ་མལ་ལུས་སུ་སྣང་བའི་མགོ་བོ་ཡི། །ཡ་ཐོད་བཅད་དེ་ཐོད་པའི་སྒྱེད་པུའི་ཁར། །བཞག་པས་ཕྱི་དཀར་ནང་དམར་ཀ་པཱ་ལ། །སྟོང་གསུམ་དང་མཉམ་སྣོད་དུ་གྱུར་པའི་ནང་། །རྐང་གཡོན་གཡས་པ་ཁོག་སྨད་ནང་ཁྲོལ་དང་། ། ཁོག་སྟོད་ལག་གཉིས་མགོ་བོ་ལྷག་མར་བཅས། །རིམ་པར་བསྒྱུར་པས་ཤ་ཁྲག་ཕུང་པོར་གྱུར། །འོག་ནས་ཡེ་ཤེས་མེ་སྦར་ཐོད་པའི་རྫས། །བཀོལ་ཞིང་འོད་དུ་མེར་གྱིས་ཞུ་བ་ལས། །རྣམ་མང་འདོད་པའི་ཡོན་ཏན་འཕྲོ་བའི་སྤྲིན། །ཟག་མེད་བདུད་རྩིའི་རྒྱ་མཚོར་ཨོཾ་ཨཱཧཱུྃ། སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བདག་གིས་མངོན་པར་བཤམས་པའི་མཆོད་པ་འདི། །བདག་ལ་བརྩེ་བའི་ཐུགས་ཀྱིས་ལེགས་དགོངས་ལ། །དགྱེས་པ་ཆེན་པོས་བཞེས་པར་མཛད་དུ་གསོལ། །རང་ལུས་ལྷ་སྐུར་གསལ་བའི་ཐུགས་ཀ་ནས། །ཡིད་འཕྲོག་མཆོད་པའི་ལྷ་མོ་མང་སྤྲོས་པས། །ཕྱག་གི་ཐོད་པས་བདུད་རྩི་ལེགས་བླངས་ནས། །མཆོད་ཡུལ་རྣམས་ལ་འཕུལ་ཏེ་མཆོད་པར་གྱུར། །དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་ཅན། །འཁོར་ལོའི་མགོན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། །སྐྱབས་གནས་ཀུན་འདུས་ཞལ་དུ་ཨོཾ་ཨཱཿཧཱུྃ།


JKT007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྩ་བའི་བླ་མ་ལ་ལན་བདུན་ཕུལ། དེ་ནས་བརྒྱུད་པའི་བླ་མའི་ཞལ་དུ་ཨོཾ་ཨཱཧཱུཾ། །ཡི་དམ་ལྷ་ཚོགས་ཞལ་དུ༴ །སངས་རྒྱས་བྱང་སེམས་ཞལ་དུ༴ །ཉན་ཐོས་རང་རྒྱལ་ཞལ་དུ༴ །ཆོས་སྲུང་ནོར་ལྷའི་ཞལ་དུ་ཨོཾ་ཨཱཧཱུཾ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཆོད་པའི་ལྷ་རྣམས་རྩ་བའི་བླ་མ་ཡི། །ཐུགས་ཀར་ཐིམ་པས་ཐུགས་རྒྱུད་ཟག་མེད་ཀྱི། །བདེ་བ་ཆེན་པོས་ཡོངས་སུ་མཉེས་གྱུར་ཏེ། །མཆོག་ཏུ་དགེས་པའི་ཉམས་དང་ལྡན་པར་གྱུར། །བདུད་རྩིའི་ལྷག་མ་རིགས་དྲུག་སེམས་ཅན་རྣམས། །ལྷ་རུ་གསལ་བའི་ཞལ་དུ་ཨོཾ་ཨཱཧཱུཾ། །ཆགས་སྡང་རྨོངས་གསུམ་རྣམ་རྟོག་ཞི་བ་དང་། །བྱང་ཆུབ་སེམས་འབྱོངས་སངས་རྒྱས་ཐོབ་གྱུར་ཅིག །གསང་བའི་མཆོད་པ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་པདྨ་ཅན་ལ་སོགས་པ་ཕྱག་རྒྱའི་མཚན་ཉིད་ཡོངས་སུ་ཚང་བ་རྣམས་ཀྱིས་མཆོད་ཡུལ་རྣམས་ཀྱི་སྐུ་ལ་འཁྲིལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་པར་བསམ་ལ། རྣམ་མང་འདོད་ཡོན་སྒྱུ་མའི་མིག་འཕྲུལ་ཅིར་ཡང་བརྩེ་བའི་འཇོ་སྒེག་ཅན། །ཡེ་ཤེས་མཆོག་གི་བྱེད་པོས་ཡོངས་བསྐྲུན་ཕྱག་རྒྱའི་རེག་བྱ་ལས་བྱུང་བའི། །བདེ་ཆེན་བཅུ་དྲུག་དགའ་བའི་བདུད་རྩིས་རྟག་པ་རྒྱུན་དུ་མཆོད་


JKT007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་ན། །ལྷན་སྐྱེས་རྣམ་ཀུན་མཆོག་ལྡན་རོལ་མོས་བདག་རྒྱུད་ཚིམ་པར་མཛད་དུ་གསོལ། །ཞེས་བསྟོད། མཐར་མཆོད་པའི་ལྷ་མོ་རྣམས་རང་ལ་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དེ་ནས་ཡིད་བྱུང་གི་མཆོད་པ་སྔར་ལྟར་གྱི་མཐར། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རང་སེམས་བླ་མ་ཡི་དམ་དབྱེར་མེད་ཕྱིར། །མཆོད་བྱ་མཆོད་བྱེད་སྤྲོས་ཀུན་ལས་འདས་པའི། ། གསལ་སྟོང་ཟུང་འཇུག་བརྗོད་བྲལ་གཉུག་མའི་གཤིས། །གནས་ལུགས་སེམས་ཀྱི་རྡོ་རྗེའི་རང་ཞལ་བལྟ། །ཞེས་བརྗོད་ལ་ཅུང་ཟད་ཅིག་མཉམ་པར་བཞག །བཞི་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་དང་། ལྔ་པ་གནང་བ་ནོད་པ། དྲུག་པ་སྨོན་ལམ་གདབ་པ་རྣམས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་དྲུག་ལས། དང་པོ་ཚོགས་ཞིང་བསྟིམ་པ་ནི། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས་འབུལ། འདོད་པའི་དོན་ལ་གསོལ་བ་གདབ་ཅིང་ཁྱད་པར། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དངོས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། ཞེས་པས་གསོལ་བཏབ་རྩ་བའི་བླ་མ་ཡིས། །བརྒྱུད་པའི་བླ་མར་གནང་བ་ཞུ་བའི་སླད། །ཡེ་


JKT007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྤྱན་གྱིས་གཟིགས་དང་ལྷན་ཅིག་པར། །བརྒྱུད་པའི་བླ་མ་རྣམས་ཀྱིས་ཐུགས་རྗེའི་སྤྱན། །འཁོར་ལོའི་མགོན་པོའི་ཐུགས་ཀར་གཏད་ནས་ཀྱང་། །གནང་བ་སྦྱིན་པའི་ཚུལ་གྱིས་གཡས་བསྐོར་དུ། །རིམ་གྱིས་འོད་ཞུ་གཅིག་ལ་གཅིག་ཐིམ་མཐར། །དབྱིངས་ཀྱི་རོལ་པ་བླ་མའི་ཐུགས་ཀར་ཐིམ། །གཉིས་པ་དེ་ལ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། སྐབས་གནས་བླ་མ་འདུས་པའི་བདག་ཉིད་ཡི་དམ་ཞི་ཁྲོའི་ངོ་བོ་ཉིད། །མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་དེད་དཔོན་དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས། །བཀའ་དྲིན་མཉམ་མེད་ཁྱབ་བདག་བླ་མར་སྙིང་ནས་གུས་པས་གསོལ་འདེབས་ན། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་དེང་འདིར་བདག་ལ་སྩལ་དུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མཚན་དཔེའི་སྣང་ཆར་ཡོངས་ཤར་བ། །དཔལ་ལྡན་བླ་མ་སྐུ་ཡི་རྡོ་རྗེར་སྙིང་ནས་གུས་པས་གསོལ་བ་འདེབས། །ཕུང་ཁམས་སྐྱེ་མཆེན་འཁྲུལ་པའི་དྲི་མ་སྣང་སྟོང་ཆེན་པོར་ཐིམ་པ་ལས། །སྣ་ཚོགས་སྤྲུལ་པའི་རྣམ་རོལ་འཆང་བ་བུམ་པའི་དབང་མཆོག་དེང་འདིར་སྩོལ། །མི་ཤིགས་ནཱ་དའི་རོལ་མོ་ལས་བྱུང་ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་བདག །དཔལ་ལྡན་བླ་མ་གསུང་གི་རྡོ་རྗེར་སྙིང་ནས་གུས་པས་གསོལ་བ་འདེབས། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་དབུ་


JKT007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབྱིངས་སུ་བཅིངས་པ་ལས། །ཁ་སྦྱོར་རྡོ་རྗེའི་ཉམས་བརྒྱས་རབ་སྒེག་གསང་བའི་དབང་མཆོག་དེང་འདིར་སྩོལ། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་མངོན་གྱུར་འཕོ་མེད་གྲུབ་པའི་ཧེ་རུ་ཀ དཔལ་ལྡན་བླ་མ་ཐུགས་ཀྱི་རྡོ་རྗེར་སྙིང་ནས་གུས་པས་གསོལ་བ་འདེབས། །དངོས་ཡིད་ཕྱག་རྒྱའི་རེག་བྱ་ལས་བྱུང་བདེ་ཆེན་བཅུ་དྲུག་དགའ་བའི་རོས། །རྡུལ་བྲལ་ཆོས་སྐུའི་གོ་འཕང་ལ་སྦྱོར་གསུམ་པའི་དབང་མཆོག་དེང་འདིར་སྩོལ། །གཅིག་དང་དུ་མའི་སྤྲོས་པ་ལས་འདས་སེམས་ཉིད་འོད་གསལ་གཉུག་མའི་གཤིས། །དཔལ་ལྡན་བླ་མ་ཡེ་ཤེས་རྡོ་རྗེར་སྙིང་ནས་གུས་པས་གསོལ་བ་འདེབས། །གཟུང་དང་འཛིན་པའི་རྟོག་པ་མ་ལུས་ལྷན་ཅིག་སྐྱེས་པར་ཉེར་སིམ་པས། །ངོ་བོ་ཉིད་སྐུའི་ཡེ་ཤེས་མངོན་གྱུར་བཞི་པའི་དབང་མཆོག་དེང་འདིར་སྩོལ། །མདོར་ན་སྨིན་བྱེད་བདུད་རྩིས་རབ་བརླན་དམ་ཚིག་སྡོམ་པ་རྣམ་པར་དག །བསྐྱེད་རྫོགས་ཟུང་འཇུག་མྱུར་ལམ་ལ་བརྟེན་གནས་སྐབས་ཐུན་མོང་དངོས་གྲུབ་དང་། །མཐར་ཐུག་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་མཆོག་ཏུ་ཉམས་དགའ་བར། །སྐུ་གསུམ་དབྱེར་མི་ཕྱེད་པའི་གོ་འཕང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། གསུམ་པ་དབང་བླང་བ་ནི། དེ་ལྟར་སྐྱབས་གནས་ཐམས་ཅད་འདུས་པའི་དངོས། །དཔལ་ལྡན་རྡོ་རྗེ་འཆང་


JKT007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངོ་བོ་ཉིད། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་བཏབ་པའི་མཐུས། །བླ་མའི་དཔྲལ་བའི་ཨོ་ལས་འོད་དཀར་པོ། །དཔག་མེད་བྱུང་ནས་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡི་བྱིན་རླབས་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱལས་འོད་དམར་པོ། །དཔག་མེད་བྱུང་ནས་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །དཔག་མེད་བྱུང་ནས་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །དཔག་མེད་བྱུང་ནས་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པའི་བག་ཆགས་དག །ཀུན་གྱི་བྱིན་རླབས་ངོ་བོ་ཉིད་སྐུར་གྱུར། །བཞི་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། སླར་ཡང་དཔལ་ལྡན་བླ་མ་དགྱེས་བཞིན་དུ། །བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་། །ཁྱབ་བདག་བླ་མའི་གསང་གསུམ་དབྱེར་མེད་འདྲེས། །དེ་ཚེ་ཆོས་ཀུན་འགྲོ་འོང་མ་དམིགས་ཤིང་། །བསམ་བརྗོད་སྤྲོས་པའི་ཕ་རོལ་ལས་འདས་བཞིན། །སྣ་ཚོགས་རྟེན་འབྲེལ་སྣང་


JKT007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགགས་མེད་པའི། །གནས་ལུགས་འོད་གསལ་བླ་མའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེ་ལས་ལྡང་བར་བརྩམས་པ་ན། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་ནས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །ལྔ་པ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོར་


JKT007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང་། །རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ། །དབྱེར་མེད་སྙིང་པོའི་བླ་མར་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །ལྷག་པའི་ལྷ་རུ་ཤེས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས། །དོན་ཡོད་རྣམ་བཞིས་བླ་མ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པ་ལེགས་རྟོགས་ཏེ། །རྨད་བྱུང་ཕྲིན་ལས་བསྒྲུབ་ལ་བརྩོན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་དང་། གཞན་ཡང་སྨོན་ལམ་རྒྱས་བསྡུས་ཇི་ལྟར་རིགས་པ་གདབ་བོ། །དྲུག་པ་ཤིས་པ་བརྗོད་པ་ནི་སྔར་ལྟར་བྱའོ། །སྨྲས་པ། གང་གིས་བརྩོན་པས་དངོས་གྲུབ་ཀུན་ཐོབ་པ། །དཔལ་ལྡན་བླ་མ་མཆོད་པའི་ཆོ་གའི་ཚུལ། ། བསོད་ནམས་སྤྲིན་གྱི་རོལ་མོ་འདི་སྦྱར་བའི། །དགེ་བས་འགྲོ་ཀུན་རྡོ་རྗེའི་ས་བརྙེས་ཤོག །ཞེས་པའང་དགེ་སློང་སྤོང་བ་པ་མཉྫཤཱི་ཤཱ་ས་ན་དྷཱ་རས་ནན་ཏན་ཆེན་པོས་བསྐུལ་བ་ལས། སྔོན་ཆད་འདི་ལྟ་བུ་


JKT007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་དུ་སྦྱར་བ་མ་མཐོང་བས་རང་བཟོའི་ཉེས་པས་འགྱུར་ཉན་ཆེ་ཡང་། དོན་གཉེར་ཅན་གྱི་འདུན་པ་ལྡོག་ཏུ་མ་བཏུབ་པར། ནཱ་རོ་མཁའ་སྤྱོད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་དང་། །ཐུན་མོང་མ་ཡིན་པ་རྣམས་དང་། ལམ་འབྲས་བླ་མ་མཆོད་པའི་ཆོ་ག་ཚོགས་གཉིས་རབ་རྒྱས། ལམ་ཟབ་བླ་མཆོད་བྱིན་རླབས་ཆར་རྒྱུན་སོགས་ལ་གཞི་བྱས། དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བདེ་མཆོག་བླ་མཆོད་བསོད་ནམས་རབ་རྒྱས་ལས་ཁ་བསྐང་སྟེ་ཉམས་སུ་བླངས་བདེ་བར་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་རབ་ཡིད་ཆུ་ཡོས་ལོའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བ་ལས། སླར་ཡང་སྒྲུབ་བརྩོན་གུ་ཎ་ལཀྵིའི་བཞེད་སྐོང་དུ་ནག་འགྲོས་བཀླགས་ཆོག་ཏུ་བགྱིས་པ་འདི་ལ་ནོངས་པའི་ཆ་ཤས་མཆིས་པ་ཐམས་ཅད་སྙིང་ནས་བཤགས་ཤིང་། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤེ་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི། རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ཡང་སྙིང་བཟླས་པ་ཙམ་གྱིས་གྲུབ་པ་སྟེར། །དྲན་པའི་མོད་ལ་སྲིད་ཞིའི་འཇིགས་འཕྲོག་ཡེ་ཤེས་ཆེན་པོའི་གསང་མཛོད་འཆང་། །ནཱ་རོ་ཏ་པའི་


JKT007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཉིང་ཁུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །སྒྲུབ་ཐབས་བྱེ་བའི་ཡོངས་བཅུད་དྲིལ་འདི་འཇམ་དབྱངས་བླ་མའི་ལེགས་གསུངས་དབྱིག །མི་ཟད་སྤར་དུ་བཞེངས་པ་ཡི། །ལེགས་བྱས་བྱང་ཆུབ་སྙིང་པོར་བསྔོ། །པྲ་ཛྙཱ་བྷ་དྲ་འཇིགས་མེད་ཟུང་། །རྣལ་འབྱོར་མ་དཔལ་མྱུར་ཐོབ་ཤོག །ཅེས་པའང་སྤར་བྱང་སྨོན་ཚིག་འདི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་ཛ་ག་ཏཾ།། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་མཆོད་པའི་ཆོ་ག་བསོད་ནམས་སྤྲིན་གྱི་རོལ་མོ།next