Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
  expand section
   
ནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱན།


 
previousནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱན།no next

ནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱན།


JKT007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།།


JKT007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཝཱ་རཱ་ཧཱི་པཱ་དཱ་ཡ། །ཨེ་དབྱིངས་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཝཾ་ཡིག་བདེ་ཆེན་ཐིག་ལེར་བྱང་ཆུབ་པ། །ཟུང་འཇུག་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །དངོས་གྲུབ་རྒྱ་མཚོའི་གནས་སུ་དབུགས་འབྱིན་མཛོད། །དེ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་རིམ་པ་ཇི་ལྟར་འཆད་པ་ལ། སྤྱིར་སློབ་དཔོན་གྱི་མཁྱེན་རྟོགས་ཆེ་ཆུང་། སློབ་མའི་དབང་པོ་རྣོ་རྟུལ་ཡུལ་དུས་གནས་སྐབས་དང་བཅས་པའི་དབང་གིས་མཐའ་གཅིག་ཏུ་མ་ངེས་ཀྱང་། རྒྱས་པར་ཉིན་གྲངས་ཉེར་ལྔར་འཆད་པའི་ཚུལ་ནི་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་གསུང་རབ་ས་ཆེན་ཐུགས་ཐིག་ལས་ཤེས་པར་བྱ་ཞིང་། འདིར་ཤིན་ཏུ་བསྡུས་པ་ཉིན་བདུན་གྱི་ཁོངས་


JKT007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐྱེད་རྫོགས་ཀྱི་དངོས་གཞི་ཞལ་ཤེས་དང་བཅས་པ་ཚང་བར་སྟོན་པའི་ཚུལ་ལ། ཐོག་མར་སློབ་མ་རབ་བདེ་མཆོག་ལཱུ་ནག་གམ། དེ་མིན་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ལེགས་པར་ཐོབ་པ་ལ། ཡར་མར་གྱི་ཚེས་བཅུ་གང་ཡང་རུང་བར། ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་དཀྱིལ་དང་། མཚམས་སྦྱོར་ཇི་ལྟར་རིགས་པ་སྦྱར་ལ་འདི་ཉིད་ཀྱི་བྱིན་རླབས་ཟབ་མོས་རྒྱུད་སྨིན་པར་བྱས་ནས། གནས་དབེན་ཞིང་ཡིད་དང་མཐུན་པར་རྣལ་འབྱོར་མའི་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་སྟེགས་ཀྱི་ཁར་མཁའ་སྤྱོད་མའི་འབུལ་གཏོར་དང་། མཁའ་འགྲོ་སྤྱི་གཏོར་དེ་གཉིས་ཀྱི་བར་དུ་དུར་ཁྲོད་བདག་པོའི་གཏོར་མ་སྟེ་གཏོར་མ་གསུམ་མམ།


JKT007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན། ཟླུམ་གཏོར་གཅིག །གང་ལྟར་ཡང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། ནང་མཆོད་ཆུ་ཆང་གིས་སྦྱངས། སྤོས་ཀྱིས་བདུག །སློབ་དཔོན་གྱི་མདུན་དུ་འཐོར་ནས། ཌཱ་མ་རུ། རྡོར་དྲིལ། ནང་མཆོད། ལས་ཀྱི་རྡོ་རྗེའི་དྲུང་དུ་མཎྜལ་འབྲུ་དྲི་བཟང་གི་ཆུ་དང་བཅས་པ་འདུ་བྱ། དེ་ནས་རང་ཉིད་ཀྱིས་དེ་རིང་སློབ་མ་ལ་འབོགས་རྒྱུའི་དམིགས་ཐུན་ཉིད་གཙོ་བོར་བཏོན་པའི་མཁའ་སྤྱོད་མའི་བསྒོམ་བཟླས་བཀྲ་ཤིས་ཀྱི་བར་གྲུབ་རྗེས། སློབ་མ་རྣམས་ཀྱིས་ཕྱག་དང་ཡོན་ཕུལ། རིགས་དང་ཡོན་ཏན་རྒན་པ་བསླབ་པ་སོགས་ཀྱི་གྲལ་རིམ་ལ་འཁོད་གྲུབ་པ་དང་། སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ཞེས་དང་། དཔོན་སློབ་ཀུན་གྱིས་འུར་འདོན་བྱས་ལ་ཧེ་རུ་ཀའི་ཡིག་བརྒྱ་ཉེར་གཅིག་བརྗོད། མཐར་ཐལ་མོ་སྦྱར་ལ། བླ་མ་བདག་ནི་སོགས་བཤགས་སྡོམ་གྱི་ཚིག་གཞན་ནས་འབྱུང་བ་བཞིན་བརྗོད། སློབ་དཔོན་ནམ་གཞན་གང་རུང་གིས་བསྐུལ་ལ། བརྒྱུད་འདེབས་ལམ་རིམ་གནད་བསྐུལ་རྣམས་ཚར་ཆེན་གྱིས་མཛད་པ་བཞིན། བྱུང་ན་བརྒྱུད་འདེབས་ལ་ཚར་ཆེན་ཡབ་སྲས་ཀྱི་གསུང་གདངས་ཡོད་པ་བཞིན་གནས་གསར་རྡོ་རྗེ་འཆང་གི་ཕྱག་ལེན་ལའང་མཛད་གསུངས་པས་དེ་བཞིན་བྱ། ལམ་རིམ་ཚུགས་པ་དང་ལས་ཀྱི་རྡོ་རྗེས་མཎྜལ་གྱི་འབྲུ་བཀྱེ་


JKT007_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བྱས་རྗེས། སློབ་མ་རྣམས་ཀྱིས་མཎྜལ་ཚོམ་བུ་སོ་བདུན་མ་གང་གི་མཆོད་རྫས་མ་བཅས་བགྱིད་སྐབས། སློབ་དཔོན་གྱིས་གཏོར་མ་ལ་རྡོ་རྗེའི་རྗེས་ནང་མཆོད་འཐོར་ཚུལ་དང་། སུམྦྷས་བསངས། སྭ་བྷཱ་བས་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧཱི༔ ལན་གསུམ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་རླབས། ཚར་ཆེན་རིན་པོ་ཆེའི་སྒྲུབ་ཐབས་ཀྱི་གཤམ་ནས་འབྱུང་བ་ལྟར་མཁའ་སྤྱོད་མར་གཏོར་མ་ཕུལ། ཡང་གོང་བཞིན་བྱིན་གྱིས་རླབས་ལ་དུར་ཁྲོད་བདག་པོའི་གཏོར་སྔགས་ལན་གསུམ། ཕྱི་ནང་གི་མཆོད་བསྟོད་ཕྲིན་ལས་བཅོལ། ཡང་གོང་བཞིན་བྱིན་གྱིས་བརླབས་ལ་མཁའ་འགྲོ་སྤྱི་གཏོར་རྣམས་བྱས་པའི་མཐར། ཧེ་རུ་ཀའི་ཡིག་བརྒྱ་དང་། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་གསོལ། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་། མེད་པ་རྣམས། ལག་པ་རྒྱབ་སྦྱར་མཐེབ་སྲིན་གྱི་སེ་གོལ་དང་། བཛྲ་མུས་གཤེགས་སུ་གསོལ། འཆི་ཚེ་མགོན་སོགས་དང་། ལྷ་མོ་ཚད་མ་སོགས་ཀྱི་སྨོན་ལམ་གདབ། ཞྭ་ཡོད་ན་གྱོན། ལུས་ཀྱི་འདུག་སྟབས་དྲང་པོར་གནས་པས། ཟང་ཟིང་མེད་པའི་སྙིང་རྗེ་དང་འཁོར་བ་ལས་སྒྲོལ་འདོད་ཀྱི་བློ་ཡི་དམ་གྱི་ང་རྒྱལ་རྣམས་གསལ་བཏབ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཉིན་དང་པོ་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་སྐུ་བཞིའི་བདག་


JKT007_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་ངེས་པར་བྱ། དེའི་ཆེད་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་ཏུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བསམ་པ་རྣམ་པར་དག་པས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་ལུས་ཀྱི་འདུག་སྟངས་དྲངས་པོར་གནས་པ་དང་། སེམས་ཀྱི་དམིགས་པར་གནས་ཁང་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་ཙམ་མ་ཡིན་པར་དག་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ད་ལྟར་ཆོས་སྟོན་མཁན་གྱི་སློབ་དཔོན་ཀྱང་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་ན་བཞུགས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པའི་ངང་དུ་ལྷང་ལྷང་སྒྲོགས་པ་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་ཐུན་མཚམས་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་བཞིན་པའི་སྒོ་ནས་གསལ་སྟོང་འཛིན་མེད་ཀྱི་ངང་ནས་ཡེངས་མེད་ཀྱི་ཚུལ་དུ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། དུས་གསུམ་


JKT007_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ནས་ཐུགས་ཀྱི་དགའ་བ་ཡིན་ནོ། །བཞི་པ་ཚད་མེད་པའི་རྣལ་འབྱོར་ནི་ནས། དེ་ལྟར་བྱ་གསུང་ངོ་བར། གཉིས་པ་དཔྱད་དོན་ཉམས་སུ་ལེན་པ་ལ་སྔོན་འགྲོ་ནས། གསུམ་ངེས་པར་བརྗོད་དོ་བར་རྣམས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་མཁའ་སྤྱོད་བགྲོད་པའི་ཉེ་ལམ་ལྟར་བཤད། །གསུམ་པ་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ། ཞེས་མཚམས་སྦྱར་ཏེ་བདེ་ཀྱེ་གང་རུང་གི་རྣམ་བཤད་ཀྱི་དབུ་ནས་འབྱུང་བ་ལྟར་བཤད་རྗེས། འདིའི་སྐབས་སུ་སྤྱི་བོའི་རྡོ་རྗེ་སེམས་དཔའ་ཆེ་ཆུང་རང་གི་མཐོ་ཚད་ཙམ་དུ་བསྒོམ་པ་བླ་མ་རྣམས་ཀྱི་གསུང་སྒྲོས་ཡིན་གསུངས། ཞེས་བརྗོད། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་ཀྱི་སྤྱོད་ལམ་དང་ལྡན་པས་འདུག །རླུང་རྔམ་པ་ཅན་རང་ཞིར་མ་སོང་གི་བར་དུ་ཅུང་ཟད་ཙམ་ངལ་བསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བའི་སྒོ་ནས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ཡང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་ལམ་གྱི་རིམ་བ་ཟབ་མོ་ཉམས་སུ་ལེན་པ་ལ། གང་ཟག་རབ་འབྲིང་ཐ་གསུམ་མམ། ཤིན་ཏུ་ཐ་མ་སྐྱེ་བ་བརྒྱུད་ནས་དངོས་གྲུབ་


JKT007_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ནས་བླ་མ་རྣམས་ཀྱི་གསུང་སྒྲོས་ཡིན་གསུངས་པར་གོང་བཞིན་ཚར་གཅིག །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ནས། ཡིན་གསུངས་བར་ལན་གསུམ་བཤད་མཐར། དེ་ལྟ་བུའི་ཉམས་ལེན་གྱི་རིམ་པ་དེ་རྣམས་ཀྱང་། སྔོན་ནས་ཉམས་ལེན་བྱེད་བཞིན་པ་ཡིན་ན། ཐུན་ལས་ལྡང་བར་བརྩམས་པ་ན་བླ་མའི་རྣལ་འབྱོར་སོགས་ཤར་སྒོམ་གྱིས་ཉམས་སུ་བླངས་ལ་སྨོན་ལམ་བཀྲ་ཤིས་ཀྱི་བར་བྱ། ད་ནས་བཟུང་ཉམས་ལེན་བྱེད་པ་ཡིན་ན། རྡོར་སེམས་བསྒོམ་བཟླས་ཀྱི་རྗེས་སུ་དེ་ལྟ་བུ་ལས་བྱུང་བའི་དགེ་བ་རྣམས་གཞན་དོན་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་རྒྱས་བཏབ་ནས་ཐུན་ལས་ལྡང་བ་དང་། ཐུན་མཚམས་ཐམས་ཅད་དུའང་སྒོ་གསུམ་དགེ་བའི་བྱ་བས་དུས་འདའ་བར་བྱ་དགོས་པས་དོ་ནུབ་ཀྱི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མས་ཕྱག་ཕུལ་ནས་རང་གནས་སུ་ཕྱིན། དེ་ནས་བཟུང་ཁྲིད་མ་གྲོལ་བར་ལ་ཐུན་བཞིར་ཆགས་མེད་བྱེད། འདི་པའི་ལུགས་ལ་མཐོང་གྲོལ་སྡེ་མིག་ཏུ་གསུངས་པ་ལྟར་བྱིན་བརླབས་ཐོབ་ནས་རྒྱུན་ཁྱེར་དང་། ༀ་གསུམ་མའི་དམ་བཅའ་ཆགས་མེད་དུ་བཟླ་དགོས་པས། གོང་དུ་རྣམ་བཞག་གཉིས་བཤད་པ་དེ་


JKT007_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱིར་བཏང་ཙམ་མོ། །དེས་ན་སློབ་མ་ཐམས་ཅད་རྒྱུན་ཁྱེར་ཆགས་མེད་དུ་བྱེད་པ་ཡིན་ན། གསུམ་བཤད་ཀྱི་མཐར། ཐུན་ལས་ལྡང་བ་ནས་བཀྲ་ཤིས་ཀྱི་བར་བྱ། ཞེས་པའི་མཐར། ཐུན་མཚམས་ཐམས་ཅད་སོགས་གོང་ལྟར་སྦྲེལ་ལོ། །མཆན། ༈ ། ཉིན་གཉིས་པ་ལ། འོ་ནམ་མཁའ་ནས། བླ་མ་རྣམས་ཀྱི་གསུང་སྒྲོས་ཡིན་གསུངས་པར་ཁར་སོང་གི་བཤད་པ་དང་པོ་ལྟར་བསྐྱར་ལ། དེ་ཡན་ཆད་ཁར་སོང་གི་ཐུགས་དམ་དམིགས་པའི་རིམ་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། ད་དེ་རིང་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་ཕུལ་བ་ལའང་། བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དང་། དཔྱད་དོན་དམིགས་པར་བསྒྲིལ་ནས་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ལ། ལྔ་པ་བླ་མའི་རྣལ་འབྱོར་ནི་ནས་སྦྱོང་བྱེད་ཡེ་ཤེས་ཚོགས་བསགས་འདིས་ལམ་དུ་བྱེད་པ་ཡིན་ནོ་གསུང་བར་ཁྲིད་ཡིག་ལྟར། གཉིས་པ་དཔྱད་དོན་ཉམས་སུ་ལེན་པ་ལ། བཞི་པ་མཐུན་རྐྱེན་ཚོགས་མྱུར་དུ་རྫོགས་པར་བྱེད་པ་མཎྜལ་ནི། བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བ་སྟེ། དེ་སྒོམ་པའི་ཚུལ་ནི། གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ། ཞེས་འབྱུང་བའི་ཞལ་ཤེས་དང་པོ་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་བསྐྱེད་པ་དང་། ཞལ་ཤེས་གཉིས་པ་བླ་མ་བསྟིམ་པའི་ཞལ་ཤེས་དག་ཉམས་སུ་བླང་བར་བྱ་བ་ཡིན་ཏེ། དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་


JKT007_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་རྣམས་སྔོན་ཏུ་སོང་ནས། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་ནས། ཐོད་པའི་བདུད་རྩི་རྣམས་མི་དམིགས་པར་གྱུར་པའི་ངང་ལ་འཛིན་མེད་དུ་བློ་བཞག་ནས། ཁྲིད་ཀྱི་སྐབས་འདིར་ཀུ་སཱ་ལིའི་ཚོགས་གསོག་ལན་མང་གི་མཐར། མཎྜལ་ཚོམ་བུ་བདུན་མ་གྲངས་ཅི་མང་ལག་ལེན་ལྟར་འབུལ། སྐབས་སུ་སོ་བདུན་མའང་སྤྲོ་ན་བྱེད་གསུངས། དེ་ནས་དུས་གསུམ་སངས་རྒྱས་ནས། ལམ་མེའི་ངང་དུ་མཉམ་པར་གཞག་གོ་བར་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་ལྟར་ལ། བླ་མ་བརྒྱུད་པའི་ཁ་སྐོང་སོགས་སྦྱར། ཐུགས་ངེས་པར་བྱ་བའི་ཕྱིར་ནས། འཇུག་པར་བྱ་སྟེ་བར་ཁར་སོང་ལྟར། དེ་ལའང་བསྒོམ་བྱའི་དོན་ལ་ནས། མཉམ་པར་བཞག་གོ་བར་གོང་བཞིན། སླར་ཡང་ཐུགས་ངེས་པར་ནས། མཉམ་པར་བཞག །ཐུན་དེ་ལས་ལྡང་བར་འདོད་ན། མངོན་རྟོགས་ཀྱི་འཕྲོ་རྣམས་དཀྱུས་བཞིན་ཉམས་སུ་བླང་བའམ། བླ་མའི་རྣལ་འབྱོར་གྱི་རྗེས་སུ་དེ་ལྟ་བུ་ལས་བྱུང་བའི་སོགས་ཁར་སོང་ལྟར་རོ། ༈ །ཉིན་གསུམ་པ་ལ། འོ་ནམ་མཁའ་ནས། དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་གཉིས་ཀྱི་བར་ཉིན་དང་པོ་ལྟར། དང་པོ་ལས། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། བདུད་རྩི་མྱོང་བའི་རྣལ་འབྱོར་ཚད་མེད་པའི་རྣལ་འབྱོར་རྣམས་དང་། གཉིས་པ་ལས། སྐྱབས་འགྲོ། སེམས་བསྐྱེད།


JKT007_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་བཅས་པའི་ཁྲིད་རྣམས་ལེགས་པར་ཕུལ་ཟིན་ནས། ལྔ་པ་བླ་མའི་རྣལ་འབྱོར་ནི་ནས། ལམ་མེའི་ངང་དུ་མཉམ་པར་གཞག་གོ་བར་ཁར་སོང་ལྟར་བསྐྱར་ལ། དེ་ཡན་ཆད་ཁར་སོང་གི་ཐུགས་དམ་དམིགས་པའི་རིམ་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་ཕུལ་བ་ལའང་། བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དང་། དཔྱད་དོན་དམིགས་པར་བསྒྲིལ་ནས་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ལ། དྲུག་པ་བདག་ལྷར་བསྐྱེད་པའི་རྣལ་འབྱོར་ནི་ནས། བོལ་གཉིས་སུ་བསྒོམ་པའོ་བར་ཁྲིད་ཡིག་ལྟར། གཉིས་པ་དཔྱད་དོན་ཉམས་སུ་ལེན་པ་ལ། འཇུག་པའི་རིམ་པ། གནས་པའི་རིམ་པ། ལྡང་བའི་རིམ་པ་སྟེ་གསུམ་ལས། དང་པོ་ནི། སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་ཡན་དཀྱུས་བཞིན་དུ་ཉམས་སུ་བླང་། བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ཉམས་ལེན་དེ་ཀའི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེ་ནས་རང་གི་སྙིང་གར་ཨེ་ཨེ་ལས་ནས། བཻ་ཡིག་ལ་ཐིམ་པར་བསམ་མོ་བར་ཚར་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་སོགས་ནས་འབྱུང་བ་ལྟར་བཤད་པའི་མཐར། དེ་ལྟ་བུའི་བསྒོམ་བཟླས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པ་དང་། ཁྱད་པར་རྩ་སྔགས་ཨོཾ་གསུམ་མ་དམ་བཅའ་བཞིན་


JKT007_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་དུ་བཟླས་པས། རེ་ཞིག་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་རྗེས་སུ་འཛིན་པར་བཤད་པ་ནི་གང་ཟག་རབ་བཟླས་བསྒོམ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པ་ཞེས་བྱ་བ་ཡིན་པས་ཁྱེད་རང་རྣམས་ཀྱིས་ཀྱང་བྱིན་རླབས་ཐོབ་ནས་བཟུང་བསྒོམ་བཟླས་ཆགས་མེད་དུ་ཉམས་སུ་ལེན་པ་ཤིན་ཏུ་གལ་ཆེ་བ་ལགས། གཉིས་པ་གནས་པའི་རིམ་པ་ལ། དཔྱད་དོན་དངོས་བྱེད་པ་ཅན་གྱི་བསྐྱེད་རིམ་སེམས་འཛིན་གྱི་རིམ་པ་རྣམས་འབྱུང་བ་སྟེ། དེ་ལའང་ང་རྒྱལ་ལ་སེམས་འཛིན་པ། རྣམ་པ་སྤྱི་ལ་སེམས་འཛིན་པ། བྱེ་བྲག་ལ་སེམས་འཛིན་པ། ལུས་དཀྱིལ་ལ་སེམས་འཛིན་པ་དང་བཞི་ཡོད་པ་ལས། དང་པོ་ང་རྒྱལ་ལ་སེམས་འཛིན་པ་ནི། ཇི་སྐད་དུ། གསལ་ལ་དྲག་ལ་ཡུན་ཐུང་བ། བསྐྱེད་པའི་རིམ་པར་གནད་དུ་ཆེ། ཞེས་གསུངས་པ་ལྟར་བྱ་བ་ཅན་གྱི་བསྐྱེད་རིམ་འཇུག་པའི་རིམ་པ་རྣམས་ཤར་བསྒོམ་གྱི་ཚུལ་དུ་ཉམས་སུ་བླངས་ཤིང་། ཞར་བྱུང་རྫོགས་རིམ་དང་བཅས་པ་ལེགས་པར་བསྒོམ་པའི་མཐར་འདི་ལྟར་ངེས་པར་བྱ་སྟེ། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་འབྲས་དུས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་བཞུགས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དེ་དངོས་ཡིན་སྙམ་དུ་ང་རྒྱལ་བསྐྱེད་ལ་ཧྲིལ་གྱིས་བསྒྲིམ། ཐ་མལ་གྱི་དངོས་པོ་འགགས་པ་ཙམ་བྱུང་ན་ཨ་འཐས་མི་བྱ་


JKT007_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བར་མདུན་གྱི་དངོས་པོ་གང་རུང་ཞིག་གི་སྟེང་དུ་སེམས་སྤོས་ལ་ལྷོད་ཀྱིས་གློད་ལ་བཞག །ཡང་འོག་འགྱུ་སྐྱེས་ན་ང་རྒྱལ་ལ་ཧྲིལ་གྱིས་བསྒྲིམ། དེ་ལྟར་བྱས་ཀྱང་རྣལ་འབྱོར་མའི་ང་རྒྱལ་མི་འཆར་བར་ཐ་མལ་གྱི་རྣམ་པར་རྟོག་པ་ཁོ་ན་ཤར་ཀྱང་ཨུ་ཚུགས་མི་བྱ་བར་རིམ་གྱིས་བསླབ། གཉིས་པ་རྣམ་པ་སྤྱི་ལ་སེམས་འཛིན་པ་ནི། འོ་ན་ང་ཉིད་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་ན། དེའི་རྣམ་པ་ཇི་ལྟ་བུ་ཞེ་ན། དེ་ཡང་ས་མདོག་དམར་མོ། ཞལ་གཅིག ཕྱག་གཉིས་མ་རྒྱན་ཆ་ལུགས་ཐམས་ཅད་ཡངས ཕག་གཉིས་མ་རྒན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུའི་རྣམ་པ་སྤྱི་ཙམ་ལ་ཡིད་ཞུགས་པ་བ ན་ཆེར་གྱིས་གཏད་དེ་སེམས་འཛིན། གསུམ་པ་རྣམ་པ་བྱེ་བྲག་ལ་སེམས་འཛིན་པ་ལའང་། རྒྱན་མེད་ལ་སེམས་འཛིན་པ་དང་། རྒྱན་ཅན་ལ་སེམས་འཛིན་པ་གཉིས་ལས། དང་པོ་ནི། དེ་ནས་སྤྱན་དབུས་མ་ནས། རྒྱན་མེད་པ་ལ་སེམས་འཛིན་བར་ཁྲིད་ཡིག་ལྟར། །རྣམས་ཀྱང་དང་པོར་ཧྲིལ་གྱིས་བསྒྲིམ། གནས་བྱུང་བ་དང་གཞན་ལ་སྤོ་བ་སོགས་སྔར་ཇི་སྐད་བཤད་པ་བཞིན་བྱས་ལ། གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང་ཞིང་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་དུ་ཉམས་སུ་བླང་བར་བྱའོ། །གསུམ་པ་ལྡང་བའི་རིམ་པ་ནི། དེ་ལྟ་བུའི་དམིགས་པ་


JKT007_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུན་ཆུང་ལ་གྲངས་མང་བའི་ཚུལ་གྱིས་ཉམས་སུ་བླངས་པའི་མཐར་ཐུན་མོང་བའི་བསམ་མི་ཁྱབ་སོགས་སྒྲུབ་ཐབས་ནས་འབྱུང་བའི་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་ཏུ་བྱའོ་གསུངས། ཐུགས་ངེས་པར་བྱ་བའི་ནས། འཇུག་པར་བྱ་སྟེ་བར་ཉིན་དང་པོ་ལྟར། དེ་ལའང་བསྒོམ་བྱའི་དོན་ལ་ནས། བྱའོ་གསུངས་བར་གོང་ལྟར། སླར་ཡང་ཐུགས་ངེས་པར་བྱ་བའི་ནས། རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་ཏུ་བྱ་དགོས་པ་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། ༈ །ཉིན་བཞི་པ་ལ། འོ་ནམ་མཁའ་ནས། དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་གཉིས་ཀྱི་ཞེས་པའི་བར་ཉིན་དང་པོ་ལྟར་ལ། དང་པོ་ལས། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། བདུད་རྩི་མྱོང་བའི་རྣལ་འབྱོར། ཚད་མེད་པའི་རྣལ་འབྱོར། བླ་མའི་རྣལ་འབྱོར་རྣམས་དང་། གཉིས་པ་ལས། སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཎྜལ་དང་བཅས་པའི་ཁྲིད་རྣམས་ལེགས་པར་ཕུལ་ཟིན་ནས། དྲག་པ་བདག་ལྷར་བསྐྱེད་པའི་ནས་ཚུལ་བཞིན་དུ་བྱའོ་གསུངས་བར་ཁར་སོང་ལྟར་བསྐྱར། དེ་ཡན་ཆད་ཁར་སོང་གི་ནས། ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ལ། དགུ་པ་བཟླས་པའི་རྣལ་འབྱོར་ལ་གཉིས་ལས་ནས། སྙིང་གི་དཀྱིལ་དུ་འཆང་བ་གལ་ཆེའོ་


JKT007_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ་བར་ཁྲིད་ཡིག་ལྟར། གཉིས་པ་དཔྱད་དོན་ཉམས་སུ་ལེན་པ་ལ་འཇུག་གནས་ལྡང་གསུམ་ལས། དང་པོ་འཇུག་པའི་རིམ་པ་ནི། སྐྱབས་འགྲོ་ནས་ཞར་བྱུང་གི་རྫོགས་རིམ་གྱི་བར་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་རྣམ་རྟོག་གཞན་གྱིས་བར་མཆོད་པར་གསལ་ལ་དྲག་པར་ཤར་བསྒོམ་གྱི་ཚུལ་གྱིས་གསལ་བཏབ། གཉིས་པ་གནས་པའི་རིམ་པ་སེམས་འཛིན་དངོས་ལ། རྒྱན་མེད་ལ་སེམས་འཛིན་པ་ཡན་སྔོན་དུ་སོང་ཟིན་ནས། རྒྱན་ཅན་ལ་སེམས་འཛིན་པ་ནི། དཔྲལ་བར་ཡེ་ཤེས་ཀྱི་ནས། མཚན་མ་ཐོབ་ཀྱི་བར་ཉམས་སུ་བླང་བར་བྱའོ་བར་ཁྲིད་ཡིག་ལྟར། ཐུགས་ངེས་པར་ནས། འཇུག་པར་བྱ་སྟེ། བར་ཉིན་དང་པོ་ལྟར། དེ་ལའང་བསྒོམ་བྱའི་དོན་ལ་ནས། ཉམས་སུ་བླང་བར་བྱའོ་བར་དང་། སླར་ཡང་ཐུགས་ངེས་པར་ནས། ཉམས་སུ་བླང་བར་བྱའོ་བར་གོང་ལྟར་བསྐྱར། དེ་ནས་ཚོགས་པ་བྱིངས་གྲོལ་ནས། སློབ་མ་གསུམ་རེ་ལ་ལུས་དཀྱིལ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་བཞིན་དུ་བཤད་པར་བྱ་སྟེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་ལུས་དཀྱིལ་སྙན་བརྒྱུད་ཉམས་སུ་ལེན་པའི་ཚུལ་ལའང་། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་དང་། དཔྱད་དོན་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ནི། འགྲོ་བ་དག་པའི་ནས། སྔགས་ཕྲེང་སོགས་བསྒོམ་པར་ཚར་ཆེན་རིན་པོ་ཆེའི་


JKT007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལུས་དཀྱིལ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལྟར་ལ། ཡང་ན། ཡེ་ཤེས་པ་གཞུག་པའི་རྐྱེན་གྱིས་ལུས་དཀྱིལ་གསལ་བཏབ། དེ་ནས་གོ་ཆ་བཀོད་པ་སོགས་དཀྱུས་བཞིན་བྱ་བར་གསུངས་ཏེ། ད་ལྟར་གྱི་བླ་མ་དམ་པ་རྣམ་ཀྱི་ཕྱག་བཞེས་སུ་ཕྱི་མ་ལྟར་མཛད་པ་ལགས། གཉིས་པ་དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་ལ། ལུས་དཀྱིལ་གྱི་གཙོ་མོ་ནས་འཁོར་གྱི་བར་རེ་རེ་ལའང་སྤྱན་དབུས་མ་ནས་མེ་རིའི་བར་རིམ་བཞིན་དུ་སེམས་འཛིན་པ་དང་། བསམ་གཏན་གྱི་དུག་དབྱུང་བའི་ཚུལ་སོགས་ཇི་སྐད་བཤད་པ་བཞིན་ཉམས་སུ་བླང་བར་བྱའོ། །ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནས། ཉམས་སུ་བླང་བར་བྱའོ་བར། ཐུགས་ངེས་པར་ནས། ཉམས་སུ་བླང་བར་བྱའོ། །སླར་ཡང་ཐུགས་ངེས་པར་ནས། ཉམས་སུ་བླང་བར་བྱའོ་བར་བཞི་བཤད་ཀྱི་མཐར། དེ་ལྟ་བུའི་ལུས་དཀྱིལ་སྙན་བརྒྱུད་ཐུན་མོང་མ་ཡིན་པ་འདིའི་ཟབ་གནད། རྡོ་རྗེའི་ལུས་ལ་ནས། མིང་ཙམ་ཡང་མི་གྲགས་པར་བྱའོ་བར་ཚར་ཆེན་རིན་པོ་ཆེའི་གསུང་ལྟར་ལན་གཅིག་བརྗོད། ཐམས་ཅད་ལ་འཁྲིད་གྲུབ་བསྟུན། སླར་མཉམ་དུ་ཚོགས་པ་ལ། གསུམ་པ་ལྡང་བའི་རིམ་པ་ནི། ཐུན་དེ་ལས་ལྡང་བར་འདོད་ན། ཁྲིད་ཡིག་ལས་མངོན་རྟོགས་དཀྱུས་མ་ལས་འབྱུང་ནས། རྣམས་ཀྱིས་ངེས་པར་བྱ་གསུངས་


JKT007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ལྟར་ན་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། ༈ །ཉིན་ལྔ་པ་ལ། འོ་ནམ་མཁའ་ནས། དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་གཉིས་ཀྱི་བར་ཉིན་དང་པོ་ལྟར། དང་པོ་ལས། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། བདུད་རྩི་མྱོང་བའི་རྣལ་འབྱོར། ཚད་མེད་པའི་རྣལ་འབྱོར། བླ་མའི་རྣལ་འབྱོར། བདག་ལྷར་བསྐྱེད་པའི་རྣལ་འབྱོར། འགྲོ་བ་དག་པའི་རྣལ་འབྱོར། དཔའ་བོ་དཔའ་མོས་བྱིན་གྱིས་རླབས་པའི་རྣལ་འབྱོར་རྣམས་དང་། གཉིས་པ་ལས། སྔོན་འགྲོ་རྣམས་བཞི་དང་། དངོས་གཞི་རྒྱན་མེད་ལ་༣ སེམས་འཛིན་པ་ཡན་ཆད་ཀྱི་ཁྲིད་རྣམས་ལེགས་པར་ཕུལ་ཟིན་ནས། དགུ་པ་བཟླས་པའི་རྣལ་འབྱོར་ལ་གཉིས་ལས་ནས། མཚན་མ་ཐོབ་ཀྱི་བར་དུ་ཉམས་སུ་བླང་བར་བྱའོ། །གསུམ་པ་ལྡང་བའི་རིམ་པ་ནི་ནས་ངེས་པར་བྱ་གསུངས་ཏེ་བར་ཁར་སོང་ལྟར་བསྐྱར་ལ། དེ་དག་ནི་རྟེན་བསྐྱེད་པའི་རིམ་པ་འཁོར་དང་བཅས་པའོ། དེ་ཡན་ཆད་ཁར་སོང་གི་ཐུགས་དམ་དམིགས་པའི་རིམ་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ནི། གཉིས་པ་རྫོགས་པའི་རིམ་པ་ནི་ནས། ཡེ་ཤེས་སུ་འཆར་བ་ཞིག་ཡོང་ལ་བར་ཁྲིད་ཡིག་ལྟར། དེ་ནས་སྤྱོད་པ་ཉེ་རྒྱུའི་མཚམས་


JKT007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས། མཐར་ཐུག་གི་འབྲས་བུ་ཐོབ་པར་འགྱུར་བར་གསུངས་སོ། །ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། གཉིས་པ་རྫོགས་པའི་རིམ་པ་ལ། རྗེ་བཙུན་ཡུམ་གྱི་ངོ་བོ་ཏི་ལ་ཀ་ནས། འགྱུར་བར་གསུངས་སོ་བར། སླར་ཡང་ཐུགས་ངེས་པར་ནས། གསུངས་སོ་བར། ཐུན་དེ་ལས་ལྡང་བར་འདོད་ན་རང་ཉིད་ཐུན་མཚམས་ཀྱི་ལྷ་སྐུར་གསལ་བ་ལ་གོ་ཆ་བཀོད། དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ་བ་དང་། སྨོན་ལམ་རྣམ་པར་དག་པས་རྒྱས་གདབ། ཐུན་མཚམས་རྣམས་སུ་སྣང་གྲགས་རྟོག་གསུམ་དགའ་བ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་དགེ་བའི་རྩ་བས་དུས་འདའ་བར་བྱ་སྟེ། དེ་ལྟར་ན་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། ༈ །ཉིན་དྲུག་པ་ལ། འོ་ནམ་མཁའ་ནས། སྨོན་ལམ་གྱི་ལམ་དང་བཞིར་ཡོད་ཀྱང་ཞེས་པའི་བར་ཉིན་དང་པོ་བཞིན་ལ། དེ་ཐམས་ཅད་ཀྱི་ཐུན་མོང་གི་ཉམས་ལེན་ནི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་དང་། རྫོགས་རིམ་རྩ་དབུ་མ་གཉིས་སུ་འདུ་བ་ལས། རྟེན་བསྐྱེད་པའི་རིམ་པ་འཁོར་དང་བཅས་པའི་ཁྲིད་རྣམས་ལེགས་པར་ཕུལ་ཟིན་ནས། གཉིས་པ་བརྟེན་པ་རྫོགས་པའི་རིམ་པ་ནི། རྣལ་འབྱོར་གསང་མཐའ་ནས། འགྱུར་བར་གསུངས་སོ་བར་ཁར་སོང་ལྟར། དེ་ཡན་ཆད་ཁར་སོང་གི་


JKT007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། ད་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་འཕོ་བ་ལ་ནས། དབྱིངས་རིག་བསྲེའོ་བར་ཚར་ཆེན་རིན་པོ་ཆེའི་གསུང་རབ་ལྟར། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། རྗེ་བཙུན་ནཱ་རོ་ནས། བསྲེ་འོ་བར། ཐུགས་ངེས་པར་ནས། བསྲེ་འོ་བར། སླར་ཡང་ཐུགས་ངེས་པར་ནས། བསྲེའོ་བར་ལན་བཞིར་བསྐྱར་ལ། ཐུན་དེ་ལས་ལྡང་བར་འདོད་ན། རང་ཉིད་ཐུན་མཚམས་སོགས་ཁར་སོང་ལྟར་རོ། ༈ །ཉིན་བདུན་པ་ལ། མཎྜལ་ཡན་གྲུབ་ནས་ཚོགས་པ་བྱིངས་གྲོལ། དེ་ནས་སློབ་མ་རེ་རེ་བཞིན་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་ཁྲིད་ཚར་ཆེན་རིན་པོ་ཆེའི་གསུང་རབ་ལྟར་བཞི་བཤད་ཀྱི་ཚུལ་དུ་འཆད་པར་བྱ་སྟེ། དེའང་སེམས་བསྐྱེད་གསལ་འདེབས་རྒྱས་བསྡུས་གང་རིགས་སྔོན་ཏུ་འགྲོ་བས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་གསང་མཐའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་འཁོར་ལོ་བདེ་མཆོག་ནས། སྐབས་དང་བསྟུན་པར་བྱའོ་བར། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ་ནས། འཇུག་པར་བྱ་སྟེ། དེ་ཡང་རྒྱས་པར་ན་ནས། སྐབས་དང་བསྟུན་པར་བྱའོ་བར། ཐུགས་ངེས་པར་ནས། སྐབས་དང་


JKT007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་པར་བྱའོ་བར་སླར་ཡང་ཐུགས་ངེས་པར་ནས། སྐབས་དང་བསྟུན་པར་བྱའོ། །ཐུན་དེ་ལས་ལྡང་བར་འདོད་ན། བསམ་མི་ཁྱབ་པའི་འོད་གསལ་ཀྱི་ངང་ལས་རང་ཉིད་ཐུན་མཚམས་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བཏབ་ནས་གོ་ཆ་བཀོད། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། སྤྱོད་ལམ་རྣམས་སུའང་དགའ་བ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངང་ནས་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །དེ་ལྟ་བུའི་གདམས་པ་འདི་ལ་ཚིག་བསྒྲིལ་དུ་ནས། རྗེ་བླ་མའི་གསུངས་ལས་ཐོས་སོ་བར་བརྗོད་དོ། །ཐམས་ཅད་ལ་འཁྲིད་དམིགས་འབོགས་ཚར་ནས་སླར་ལྷན་ཅིག་ཏུ་ཚོགས་པ་ལ། དེ་ལྟར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རིམ་གཉིས་ཟབ་མོ་ལ་རྩེ་གཅིག་ཏུ་བསླབ་པས། ཅིར་སྣང་ཐམས་ཅད་ལྷ་དང་བདེ་ཆེན་གྱི་ཡེ་ཤེས་སུ་འཆར་བའི་ཉམས་མྱོང་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ན། དེ་ནས་ཐོག་མར་གསང་སྤྱོད་ནས། ཚུལ་བཞིན་དུ་བྱའོ་བར་ཁྲིད་ཡིག་ལྟར། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དེ་ལྟར་རྗེ་བཙུན་ནས་ཚུལ་བཞིན་ཏུ་བྱའོ། །སླར་ཡང་ཐུགས་ངེས་པར་ནས། ཚུལ་བཞིན་དུ་བྱའོ་བར། དེ་ལྟར་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་གྱི་རིམ་པ་ཟབ་མོ་ཆ་ཚང་དུ་ཐོབ་པ་ཡིན་པས་བཀའ་དྲིན་གཏོང་རག་གི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་དང་། མཎྜལ་


JKT007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཚོསླུ་བདུན་མ་ཕུལ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱི་སྒོ་ནས་རྣལ་འབྱོར་གསང་མཐའི་ཉིང་ཁུ་གྲུབ་པ་མཆོག་གི་སློབ་དཔོན་དཔལ་ནཱ་རོ་ཏ་པ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བ་ནས་བཟུང་། སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་སྙན་བརྒྱུད་ཚད་མ་བཞི་ལྡན་གང་ཟག་དབང་པོ་རབ་འབྲིང་ཐ་མ་དང་བཅས་པ་མཁའ་སྤྱོད་དུ་བགྲོད་པའི་ཉེ་ལམ་དུས་གསུམ་རྒྱལ་བའི་ཡུམ་གཅིག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་འཁྲིད་བཀའ་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རང་རང་གིས་ཉམས་སུ་ལེན་པ་དང་། སྣོད་མིན་ལ་བ་བཅོལ་དུ་མི་སྟོན་ཅིང་། སྣོད་ལྡན་ལ་བླ་མའི་ཕྱག་ལེན་བཞིན་རྒྱས་འབྲིང་བསྡུས་གསུམ་དུ་སྟོན་པ་སོགས་རང་གཞན་གྱི་དོན་མཐའ་ཡས་པ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་ཆོས་བསྔོ་གང་ཤེས་བྱའོ། །བསྔོ་བ་རྒྱས་པར་བྱེད་ན། རང་གཞན་གྱི་དོན་མཐའ་ཡས་པ་མཛད་པ་དང་། དེ་ལྟར་རང་རེ་རྣམས་ཀྱིས་ཆོས་འཆད་ཉན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་


JKT007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་བྱང་ཆུབ་སྙིང་པོར་བསྔོ་བས་རྒྱས་གདབ་དགོས་པས། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་བ་དང་སྨོན་ལམ་ལ་སོགས་པའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦར་ལ་སྤྱི་བསྡོ་དང་། བསྟན་པ་རྒྱས་པའི་སྨོན་ལམ། ཤིས་བརྗོད་བཅས་རྒྱས་པར་བྱའོ། །དེ་ལྟར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་མའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་འདི་འཆད་པ་ལ་ཉེ་བར་མཁོ་བའི་ཡིག་ཆ་སྐོར་ལ། ཚར་ཆེན་རིན་པོ་ཆེའི་སྒྲུབ་དཀྱིལ། བྱིན་རླབས་ཀྱི་མཚམས་སྦྱོར་གང་རིགས་འཇམ་མགོན་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་ཆེན་མོ་མཁའ་སྤྱོད་བགྲོད་པའི་ཉེ་ལམ། བདེ་ཀྱེ་གང་རུང་གི་རྣམ་བཤད་ལས་འབྱུང་བའི་རྡོར་སེམས་བསྒོམ་བཟླས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་བླ་མའི་རྣལ་འབྱོར་སོགས་ཀྱི་ཞལ་ཤེས། ཚར་ཆེན་རིན་པོ་ཆེ་ནས་མཛད་པའི་ལུས་དཀྱིལ་སྙན་བརྒྱུད། རྗེ་བཙུན་ཡབ་ཡུམ་གྱི་འཕོ་བ། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་རྣམས་དང་། འཆད་ཐབས་འདི་ཉིད་བཅས་ཀྱིས་དོན་གྲུབ་པར་ཡོད་ལ། བསྙེན་སྒྲུབ་དང་རྒྱུན་གྱི་ཉམས་ལེན་སོགས་ལ་གནས་གསར་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས། དཀྱིལ་ཆོག །སྦྱིན་སྲེག །རྨོར་ཆེན་གྱི་བསྙེན་ཐབས་རྣམས་ལུགས་འདི་ལ་ཚད་མར་གྱུར་པ་ཉིད་དོ། །ལེགས་གསུང་མཁའ་སྤྱོད་བགྲོད་


JKT007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེ་ལམ་གྱི། །འཆད་ཐབས་ནོར་བུའི་ཆུན་འཕྱང་རབ་གཡོ་བ། །ཆོས་སྨྲ་མགྲིན་པ་མཛེས་པའི་རྒྱན་གྱུར་ཏེ། །ཕན་བདེའི་འདོད་རྒུ་རྟག་ཏུ་འཇོ་བར་ཤོག །ཅེས་པའང་ཆོས་རྗེ་བླ་མ་དམ་པ་ཨཱནནྡ་མཉྫགྷོ་ཥས་སྔ་ཕྱིར་ཡང་ཡང་བསྐུལ་བ་ལྟར། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་འཆད་ཐབས་ལ་གཞི་བྱས། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་ཇི་ལྟར་ཐོབ་པའི་ཚུལ་དང་མཐུན་པར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་དམན་རྣམས་ལ་ཕན་པའི་བསམ་པས་གཏི་ཐུག་ནག་འགྲོས་སུ་བྲིས་པ་ལ་མཁས་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །འདིས་ཀྱང་ལམ་ཟབ་མོའི་བཤད་སྒྲུབ་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པའི་རྒྱུར་གྱུར་ཅིག། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


previousནཱ་རོ་མཁའ་སྤྱོད་མའི་འཁྲིད་ཀྱི་འཆད་ཐབས་མཁའ་སྤྱོད་ལམ་བཟང་མཛེས་པར་བྱེད་པའི་རྒྱན།no next