Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས།


JKT008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།། །།


JKT008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་ཟླ་རྒྱལ་སྐྱི་ཚ་དབུ་དཀར་བ། །མྱ་ངན་མེད་དཔལ་རིན་འོད་འབྲུག་སྒྲ་གནུར། །རྒྱལ་སྲས་རྒྱ་མ་བ་དང་ལོ་ཙཱ་བ། །རྒྱལ་གྲགས་བྱང་སེམས་དཀོན་རྒྱལ་སྤས་པའི་རྗེ། །འཇམ་མགོན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། ། ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཆོག་གསུམ་སྐྱབས་གསོལ་བྱང་ཆུབ་སེམས་གཉིས་བསྐྱེད། །ཅིར་སྣང་ལྷ་དང་སྟོང་ཉིད་སྙིང་རྗེའི་ངང་། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་རྣལ་འབྱོར་གྱིས། །འཕགས་མཆོག་གོ་འཕང་ཐོབ་པར་


JKT008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷིརསྟུ། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསེང་ལམ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། །སྙིང་རྗེའི་དབང་ཕྱུག་འཇིག་རྟེན་མགོན། །མི་ཕྱེད་གུས་པས་མཆོད་བྱས་ནས། །འཕགས་མཆོག་ཟླ་བ་རྒྱལ་མཚན་གྱི། །ཐུགས་བཅུད་ཟབ་དོན་སྙིང་པོ་འབྲི། །འདི་ལ་གཉིས། མཉམ་གཞག་གི་རྣལ་འབྱོར་དང་། རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ཅི་ནུས་རྒྱུད་དང་འདྲེ་ངེས་བྱ། སྤྲོ་ན་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པ་དང་། ཚད་མེད་བཞི་བསྒོམ། གཉིས་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོ་ཉཧཾ། སྟོང་པའི་ངང་ལས་


JKT008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་གདན་གྱི་སྟེང་དུ་རང་སེམས་ཧྲིདཀར་པོ་ལས་པདྨ་འདབ་བརྒྱད་གསེར་བཙོ་མ་ལྟར་འབར་བ་ཟེའུ་འབྲུར་ཧྲིཝཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དཀར་པོའི་ཕྲེང་བ་དང་། གཡོན་འོག་མས་གསེར་གྱི་པདྨ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རི་དྭགས་ཀྲྀཥཱ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རི་བོ་པོ་ཏ་ལ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དབང་ལྷ་རིགས་ལྔ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་པ་རང་ལ་ཐིམ། རིགས་ལྔས་དབང་བསྐུར་བས། དབང་རྟགས་སུ་བླ་མ་འོད་དཔག་ཏུ་མེད་པས་དབུར་བརྒྱན། ཅེས་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་ལྷའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ཤར་བའི་གསལ་སྣང་བ་སེམས་རྩེ་གཅིག་ཏུ་གཟུང་། མཐར་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཧཱི༔ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་གསལ་བཏབ་ལ་བསྔགས་ཕྲེང་ལ་ཡིད་གཏད་དེ་ཀློག་པའི་ཚུལ་གྱིས། ཨོཾ་མ་ཎི་


JKT008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པདྨེ་ཧཱུཾ། ཞེས་ཅི་ནུས་བཟླ། སྐབས་སུ། སྙིང་གའི་སྔགས་ཕྲེང་ལས་ཐུགས་རྗེ་ཆེན་པོའི་སྐུ་དང་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་བཟླས་པའང་བྱའོ། །གཉིས་པ་ནི། དེའི་ངང་ལས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟོད་མ་ནས་ཞི་བའི་ཡེ་ཤེས། བློ་འདས་གཉུག་མའི་དབྱིངས་སུ་དེར་འཛིན་མི་བྱ་བར་རང་བབས་སུ་ལྷོད་ཀྱིས་གློད་དེ་མཉམ་པར་གཞག །གལ་ཏེ་རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན། ཐ་མལ་འཁྲུལ་པའི་དབང་དུ་མི་བཏང་བར་སེམས་ཀྱི་གཤིས་རིག་སྟོང་ཟུང་འཇུག་གིས་ངང་ལས་མ་གཡོས་བཞིན་དུ། གདངས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩལ་སྦྱང་། གསུམ་པ་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཟུང་དུ་འབྲེལ་བས་མཚམས་སྦྱར་ཏེ། གཉིས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་ནི། ཟས་ཟ་བ། གོས་གྱོན་པ། སྟན་ལ་འདུག་པ་སོགས་ཀྱི་སྐབས་ཐམས་ཅད་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་འདོད་ཡོན་ལ་ཞེན་པ་མེད་པར་ལོངས་སྤྱད། ཉལ་བའི་ཚེ་སྙིང་གའི་ཧཱུྃལ་སེམས་རྩེ་གཅིག་ཏུ་གཏད། ལྡང་བ་ན་ལྷའི་སྐུར་གསལ་བཞིན་པའི་ངང་ནས་ལངས་ཏེ་རྣལ་འབྱོར་ལ་འཇུག །འཕོ་བའི་རྣལ་འབྱོར་ནི། །རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་སྙིང་གའི་ཧཱུྃཡིག་དབུ་མའི་ལམ་བརྒྱུད། སྐར་མདའ་འཕངས་པ་བཞིན་སྤྱི་བོའི་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། བླ་མ་བདེ་བ་ཅན་དུ་གཤེགས་པར་བསམས་ལ་དབྱིངས་རིག་བསྲེ། བར་དོ་ད་ལྟ་ནས་རྗེས་ཐོབ་ཀྱི་སྣང་བ་སྤྱི་དང་བྱེ་བྲག་


JKT008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བར་དོར་དྲན་པས་ཁ་བསྒྱུར་ཏེ། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་དུ་ཤེས་པར་བྱས་ཏེ་ལམ་དུ་འཁྱེར་བ་ལ་བསླབ་པར་བྱའོ།། །།འཇམ་པའི་དབྱངས་སོགས་འཕགས་རྣམས་ཀྱིས། །གང་གི་མཁྱེན་བརྩེར་རབ་བསྔགས་པ། །འཇིག་རྟེན་མགོན་པོ་དགྱེས་པའི་ལམ། །ཟླ་བའི་བཞེད་གཞུང་སྙིང་པོའོ།། །།ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ལུགས་སྲོལ་གྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས།next