Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།next

གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།


JKT008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་བཞུགས་སོ།།


JKT008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། གདམས་པ་འདི་འཆད་པ་ལ་དོན་གསུམ་སྟེ། དང་པོ་མདོར་བསྟན་པ་ནི། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཁར་འཕོ་བའི་གདམས་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པ། འཆི་ཁའི་ཉམས་ལེན་གྱི་སྙིང་པོར་འཕོ་བ་བསྒོམ་པ། བར་དོའི་ཉམས་ལེན་གྱི་སྙིང་པོ་བསྲེ་བ་བསྒོམ་པའོ། །དང་པོ་ལའང་བཞི་ལས། དང་པོ་རྐྱེན་སྐུལ་མ་གདབ་པའི་མན་ངག་ནི། མི་སྡུག་བསྔལ་དྲན་བྱས་ནས། །གཉིས་པ་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །གསུམ་པ་ཐབས་བླ་མ་ཡི་དམ་ལ་གསོལ་བ་གདབ་པའི་མན་ངག་ནི། སྤྱི་བོར་བླ་མ་སྙིང་གར་ལྷ། །བཞི་པ་ངོ་བོ་རང་སེམས་སྐྱེ་མེད་དུ་བསྒོམ་པའི་མན་ངག་ནི།


JKT008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་སྐྱེ་མེད་བསྒོམ་པར་བྱ། །གཉིས་པ་ལའང་བཞི་ལས། དང་པོ་སྒྱུ་ལུས་ཚོགས་སུ་འབུལ་བ་ནི། རང་ལུས་མཆོད་སྦྱིན་བྱས་ནས་ནི། །གཉིས་པ་ཡིད་ཀྱི་འབྲེལ་ཐག་བཅད་པ་ནི། ལྟོས་པ་ཐམས་ཅད་རབ་སྤངས་ཏེ། །གསུམ་པ་ཐར་པའི་ལམ་ཆེན་དབྱེ་བ་ནི། འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །བཞི་པ་རྣམ་ཤེས་གོང་དུ་འཕོ་བ་ནི། སེམས་ནི་དགའ་ལྡན་གནས་སུ་འཕང་། ། གསུམ་པ་ལའང་བཞི་ལས། དང་པོ་བར་དོ་ངོ་མི་ཤེས་པའི་གཉེན་པོ་ཡིད་ལ་བྱ་བ་ནི། འདི་ཉིད་བྱས་ལ། །གཉིས་པ་བར་དོ་ཐ་མལ་དུ་ཞེན་པའི་གཉེན་པོ་ཡིད་ལ་བྱ་བ་ནི། ཕྱི་ནང་གསང་བ་བསྒྱུར་བྱས་ཏེ། །གསུམ་པ་ཆགས་སྡང་གིས་ཉིང་མཚམས་སྦྱོར་བའི་གཉེན་པོ་ཡིད་ལ་བྱ་བ་ནི། སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །བཞི་པ་སྐྱེ་བ་ངེས་པ་མེད་པའི་གཉེན་པོ་ཡིད་ལ་བྱ་བ་ནི། མཁས་པས་


JKT008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་མཚམས་སྦྱར་བར་བྱ། །གསུམ་པ་ལྟ་སྒོམ་སྤྱོད་གསུམ་གྱི་མན་ངག་གིས་མཇུག་བསྡུ་བ་ནི། གང་ཤར་ངོས་འཛིན་ལྟ་བའི་གནད། །དེ་ལ་མ་ཡེངས་སྒོམ་པའི་གནད། །དྲན་པ་རོ་སྙོམས་སྤྱོད་པའི་གནད། །གྲུབ་ཐོབ་ཆེན་པོའི་གདམས་ངག་གོ། །ཞེས་གདམས་པའི་བྱུང་ཚུལ་དང་བཅས་ཏེ་སྟོན་པ་ཡིན་ནོ། །འདིའི་ཤློ་ཀ་དང་པོ་གྲུབ་ཆེན་གྱི་གསུང་དངོས་ཡིན་ལ། ལྷག་མ་རྣམས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་དོན་འགྲེལ་གྱི་ཚུལ་དུ་མཛད་པའོ།། །།སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་བྱིན་རླབས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །ཐུགས་རྗེ་ཆེན་པོ་བློ་གྲོས་རིན་ཆེན་དང་། །གྲུབ་ཆེན་སྟེ་ལོ་པ་དང་ལ་ལི་ཏ། །མི་ཏྲ་ཛོ་ཀི་ཁྲོ་ཕུ་ལོ་ཙཱ་བར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བསོད་ནམས་དབང་ཕྱུག་བསོད་ནམས་སེང་གེ་དང་། །རིན་ཆེན་སེང་གེ་ཀུན་མཁྱེན་རིན་ཆེན་གྲུབ། །བྱང་ཆུབ་རྩེ་མོ་གྲགས་པ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་གྲགས་པའི་ཞབས། །ཟླ་བ་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །ཀུན་སྤངས་ཆེན་པོ་བློ་གསལ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ མཁྱེན་བརྩེའི་དབང་ཕྱུག་བྱམས་པ་སྐལ་བཟང་དང་། ། དབང་ཕྱུག་རབ་བརྟན་ཁྱབ་བདག་ཞྭ་ལུ་པ། །འཇམ་དབྱངས་གྲགས་པ་དགེ་ལེགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ བྱམས་མགོན་བླ་མ་ཀུན་མཁྱེན་འཇིགས་མེད་དབང་། །དཀོན་མཆོག་རྒྱལ་མཚན་


JKT008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རབ་རྒྱས་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཞེས་པའམ། ཡང་ན་རིན་ཆེན་གྲུབ་ཀྱི་རྗེས། གཞོན་ནུ་བསོད་ནམས་འཇམ་མགོན་ཡབ་སྲས་ལ། །གསོལ་བ་འདེབས་སོ༴ ཆོས་ཀྱི་རྒྱལ་མཚན་ལེགས་པ་ཆོས་འབྱོར་དང་། །དགེ་འདུན་རྒྱ་མཚོ་བསོད་ནམས་གྲགས་པའི་སྡེ། །བསོད་ནམས་རྒྱ་མཚོ་བསོད་ནམས་དཔལ་བཟང་ལ། །གསོལ་བ་འདེབས་སོ༴ ཆོས་དཔལ་བཟང་པོ་དཔལ་འབྱོར་ལྷུན་གྲུབ་དང་། །ཕྲིན་ལས་རབ་རྒྱས་བློ་བཟང་རྒྱ་མཚོའི་ཞབས། །འཇམ་དབྱངས་གྲགས་པ་མན་འདྲ། གང་ལྟར་ཡང་མཐར། མི་རྟག་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །ཟབ་གསལ་བླ་མ་ལྷ་ཡི་རྣལ་འབྱོར་དང་། །སེམས་ཉིད་སྐྱེ་མེད་གནས་ལུགས་མངོན་གྱུར་ཤོག །ཟག་བཅས་ཕུང་པོའི་མཆོད་སྦྱིན་བྱས་ནས་ཀྱང་། །གཉེན་འཁོར་ལོངས་སྤྱོད་ལུས་ཀྱི་ཞེན་པ་སྤངས། །འོད་ཟེར་ལྕགས་ཀྱུས་རང་སེམས་སྤྱན་རས་གཟིགས། །མ་ཕམ་མགོན་པོའི་ཐུགས་ཀར་འཕོ་བར་ཤོག །འདིར་སྣང་རྨི་ལམ་བར་དོར་རྗེས་དྲན་ཅིང་། །སྣོད་བཅུད་རྣམ་དག་སྣང་སྟོང་ཆེན་པོར་ཤར། །སྟོང་ཉིད་སྙིང་རྗེས་ཆགས་སྡང་རང་གྲོལ་ནས། །མྱུར་དུ་ཟུང་འཇུག་གོ་འཕང་ཐོབ་པར་ཤོག །ཅེས་པ་འདིའང་རིས་མེད་པའི་བསྟན་པ་ལ་མཆོག་ཏུ་དད་པའི་བློ་


JKT008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ཀྱི་ཨུཏྤལ་ཁ་ཡོངས་སུ་བྱེ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱིས་གསོལ་བ་བཏབ་པ་སིདྡྷིར་སྟུ།།


previousགྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།next