Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
འཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ།next

འཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ།


JKT008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤཱ་རཱ་ཡ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །ངུར་སྨྲིག་གར་གྱིས་རྣམ་རོལ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །གང་དེའི་སྙིང་པོའི་རྣལ་འབྱོར་ཅུང་ཟད་དབྱེ། །དེ་ལ་འདིར་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་གདམས་པ་ཟབ་མོ་མདོར་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ལ་གཞུང་རྩ་བ་ལས། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཁར་འཕོ་བའི་གདམས་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུས་བསྒོམ་པ་ཀུན་གྱི་གནད། །ཅེས་གསུངས་པ་ལྟར། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པ། འཆི་ཁའི་ཉམས་ལེན་གྱི་སྙིང་པོ་འཕོ་བ་བསྒོམ་པ། བར་དོའི་ཉམས་ལེན་གྱི་སྙིང་པོ་བསྲེ་བ་བསྒོམ་པའོ། །དང་པོ་ནི། མི་རྟག་སྡུག་བསྔལ་དྲན་བྱས་ནས། །སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །སྤྱི་བོར་བླ་མ་སྙིང་གར་ལྷ། །རང་སེམས་སྐྱེ་མེད་བསྒོམ་པར་བྱ། །ཞེས་པའི་དོན་ཉམས་སུ་ལེན་པ་ལ། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་ཀྱང་དོ་ནུབ་ཙམ་ཡང་མི་འཆི་བའི་གདེངས་མེད། ཤི་བའི་འོག་ཏུ་དཀར་ནག་གི་ལས་འབའ་ཞིག་གི་རྗེས་སུ་འབྲངས་ནས་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་ཐར་པའི་ལམ་སྣེ་ཟིན་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་ངེས་འབྱུང་


JKT008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དྲག་པོ་སྐྱེད་བཞིན་པའི་ངང་། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོས་བཏེག་པའི་པདྨ་དཀར་པོ་འདབ་མ་བཞི་པའི་དབུས་སུ་བླ་མ། མདུན་དུ་སངས་རྒྱས། གཡས་སུ་ཆོས། གཡོན་དུ་དགེ་འདུན། རྒྱབ་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ང་བཅས་པས་བསྐོར་བ་མངོན་སུམ་ལྟ་བུར་དམིགས་ཏེ་འདུན་པ་རྩེ་གཅིག་པས། འགྲོ་རྣམས་བསྒྲལ་འདོད་སོགས་སམ། བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་ཕྱིར་སངས་རྒྱས་ཐོབ་པར་འདོད་པའི་བློས། །འཕགས་པ་སྤྱན་རས་གཟིགས་དབང་བསྒོམ་པར་བགྱི། །ལན་གསུམ། རང་གི་སྤྱི་བོར་ཤེལ་དཀར་ལས་གྲུབ་པའི། །བྱང་ཆུབ་མཆོད་རྟེན་མཚན་ཉིད་ཡོངས་རྫོགས་པ། །བང་རིམ་བཞི་ལ་སྒོ་སྟོང་ལྡན་པའི་དབུས། །པད་ཟླའི་སྟེང་དུ་བླ་མ་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བསྐལ་བཟང་སངས་རྒྱས་སྟོང་ནི་སྒོ་སྟོང་ལ། ། རིགས་བཞིའི་དེ་བཞིན་གཤེགས་པའི་རྣམ་པར་བཞུགས། །སྙིང་གར་པདྨ་འདབ་སྟོང་ལྟེ་བ་རུ། །རང་སེམས་འཕགས་མཆོག་ཁ་སརཱ་ཎི་དང་། །འདབ་མ་སྟོང་ལ་ཨ་ཡིག་དཀར་པོ་སྟོང་། །མུ་ཏིག་ཕྲེང་བ་ལྟ་བུར་གསལ་བ་ཡི། །ལྷ་རྣམས་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། ཅེས་རྒྱས་པའམ། བསྡུ་ན། དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །མཁྱེན་


JKT008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅི་ནུས་མཐར། ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡི། །སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་ཏེ། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དག །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །པད་དཀར་ཟླ་སྟེང་རང་ཉིད་སྤྱན་རས་གཟིགས། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །ཡིད་འཕྲོག་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །ཟླ་སྟེང་ཧྲིམཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ། །སོ་སོའི་སྡུག་བསྔལ་རྒྱུ་བཅས་ཡོངས་སྦྱངས་ནས། །ཕྱི་སྣོད་རྣམ་དག་རི་བོ་གྲུ་འཛིན་ཞིང་། །ནང་བཅུད་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་སྐུ། །སྒྲར་གྲག་ཡི་གེ་དྲུག་མའི་སྔགས་ཀྱི་སྒྲ། །དྲན་རྟོག་འོད་གསལ་ཆོས་སྐུར་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་སུ་བཟླ། སྤྱི་བོའི་བླ་མ་སྙིང་གའི་ཡི་དམ་དང་། །རྫོགས་


JKT008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཨ་ཡིག་སྟོང་ལ་ཐིམ། །མཆོད་རྟེན་ནམ་མཁར་འཇའ་ཚོན་བཞིན་དུ་ཡལ། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །རིམ་གྱིས་འོད་ཞུ་སྟོང་པ་ཉིད་དུ་གྱུར། །ཅེས་པའི་རྗེས་སུ་རྣམ་རྟོག་གཞན་གྱིས་བར་མཆོད་པར་ཞི་ལྷག་ཟུང་འཇུག་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག །ཐུན་དེ་ལས་ལྡང་བར་བརྩམས་པ་ན། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ། སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། དེ་ལྟར་མ་རྟོགས་པའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོའི་བློས། དགེ་བའི་རྩ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོའི་གོ་འཕང་འགྲུབ་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེའི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རིག་གསུམ་འཕགས་པའི་གསང་བ་གསུམ་གྱི་རྣམ་རོལ་དུ་བལྟ་བ་དང་མ་བྲལ་བ་ལ་བསླབ་པར་བྱའོ། །གཉིས་པ་ནི། རང་ལུས་མཆོད་སྦྱིན་བྱས་ནས་ནི། །ལྟོས་པ་ཐམས་ཅད་རབ་སྤངས་ཏེ། །འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །སེམས་ནི་དགའ་ལྡན་གནས་སུ་འཕང་། །ཞེས་པའི་དོན་ཉམས་སུ་ལེན་པར། མདུན་མཁར་ཚོགས་ཞིང་བླ་མའི་རྣལ་འབྱོར་ལྟར་གསལ་གདབ། རང་སེམས་ཐུགས་རྗེ་ཆེན་པོའི་རྣམ་པ་དེ་ཉིད་རྒྱངས་ཀྱིས་འཐོན། སྤྱི་བོའི་བླ་མ་ཐུགས་རྗེ་ཆེན་པོའི་མདུན་དུ་འཁོད་ནས། བདག་གི་ཕུང་པོ་འདི་ལ་བརྟེན་ནས་ཚོགས་རྒྱ་ཆེན་པོ་རྫོགས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕུང་པོ་རྙིང་པ་ལ་ཕོག་པས་ཚོ་ཞིང་ཆེ་ལ་སྣུམ་བག་དང་ལྡན་པར་


JKT008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། མགོ་བོ་གཅིག་ཤུལ་གཅིག་སྐྱེས་ཀྱི་ཚུལ་གྱིས་ལན་གསུམ་དུ་ཆད་པས་ཐོད་པའི་སྐྱེད་བུ་གསུམ་དུ་གྱུར་པའི་ཁར། བླ་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲི་གུག་ཐོགས་པ་ཞིག་ཆད། ཕུང་པོའི་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ་བཞག་པའི་ནང་དུ་ལུས་དུམ་བུར་གཏུབས། བླ་མའི་ཞལ་ནས་ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ་གསུངས་པས་མ་དག་པ་ཐམས་ཅད་སྦྱངས་ཤིང་། དག་པ་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་དང་མཉམ་པར་སྤེལ། སླར་ཡང་ཕྱག་གཡས་ཐོད་པ་ཐོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བདུད་རྩིའི་རྒྱུན་ལས་བཅུས་ནས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་མཆོད། ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་། བདུད་རྩིའི་ལྷག་མ་རིགས་དྲུག་གི་མགྲོན་རྣམས་ལ་བྱིན་པས་གང་ལ་གང་འདོད་པའི་ཡོ་བྱད་དུ་གྱུར་ནས་ལོངས་སྤྱོད་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་ཚིམ་པར་བསམ་ལ། ཨོཾ་ཨཱཧཱུྃ། ཅི་མང་བརྗོད་ཅིང་དམིགས་རྣམ་ནན་ཏན་དུ་གསལ་བཏབ་ནས་མཐར་མི་དམིགས་པའི་ངང་ལ་གཞག །དེ་ནས་དགྲ་གཉེན་ལ་ངེས་པ་མེད་པ་དང་ནོར་རྫས་དང་ལུས་ལ་སྙིང་པོ་མེད་པར་ཤེས་པས་དེ་དང་དེའི་འབྲེལ་ཐག་ཆད་ཀྱིས་བཅད། རི་རབ་ཀྱི་སྟེང་གི་སུམ་ཅུ་རྩ་གསུམ་གྱི་ནམ་མཁར་དགའ་ལྡན་གྱི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྒྱལ་བ་བྱམས་པ་མགོན་པོ་ཞལ་རང་རེ་ཛམྦུའི་གླིང་ལ་ཕྱོགས་པ་དང་། རང་ལུས་སྟོང་སང་ངེ་བའི་དབུས་སུ་རྩ་དབུ་མ་མར་སྣ་སྟེ་འོག་སོར་བཞིའི་ཚད་ཙམ་དུ་ཁ་ཟུམ་པ། ཡར་སྣ་ཚངས་ཕུག་ཏུ་ཧར་རེ་ཡོད་པ། སྙིང་གའི་ཐད་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཡི་དམ་སྤྱན་རས་གཟིགས་དང་བཅས་པ་རྣམས་གསལ་བཏབ་ལ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཉིད།


JKT008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བྱམས་པ་མགོན་པོར་གསོལ་བ་འདེབས། །བདག་འཛིན་འཁྲི་བ་རྩད་ནས་ཆོད་པ་དང་། །རྣམ་ཤེས་དགའ་ལྡན་འཕོ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རྒྱལ་བ་བྱམས་པའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་སེར་པོ་ཞིག་བྱུང་ནས་རང་གི་སྤྱི་བོར་ཟུག་པ་དང་མཉམ་དུ། དེའི་ནང་ནས་འོད་ཀྱི་ལྕགས་ཀྱུ་ཞིག་ནར་གྱིས་བྱུང་ནས་དབུ་མའི་ལམ་བརྒྱུད། སྙིང་གའི་རང་སེམས་ཐུགས་རྗེ་ཆེན་པོའི་རལ་པ་ལ་བཏབ་པས། འོད་དེ་ལ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། རྗེ་བཙུན་གྱི་ཐུགས་ཀར་འཕོ་བའི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་གྱི་ངང་ནས་གསོལ་བ་དྲག་ཏུ་བཏབ་པས་ཧྲིལ་གྱིས་དྲངས་ཏེ་ཐུགས་ཀར་རེག་པའི་མོད་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་སོང་སྙམ་པ་དྲན་ཙམ་གྱི་ངང་། སླར་རང་གནས་སུ་འཁོད་པར་མོས། དེ་ལྟར་ཡང་ཡང་སྦྱང་ཞིང་། ཐུན་བསྡུ་བ་ན། འོད་ཀྱི་སྤུ་གུ་ཆད་ཀྱིས་ཆད་དེ་རང་གི་ཚངས་བུག་སེར་འཁྱིལ་ལེ་བཀག་པར་བསམ། ནམ་ཞིག་ལས་ལ་སྦྱར་བའི་ཚེ། མར་འབེབས་པའི་དམིགས་པ་མི་བྱེད་པ་རྒྱལ་བ་བྱམས་པའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པ་དེ་ཀའི་ངང་དུ་མཉམ་པར་གཞག་གོ། །གསུམ་པ་ནི། འདི་ཉིད་བར་དོར་ཤེས་བྱས་ལ། །ཕྱི་ནང་གསང་བ་བསྒྱུར་བྱས་ཏེ། །སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །མཁས་པས་ཉིང་མཚམས་སྦྱར་བར་བྱ། །ཞེས་པའི་དོན་ཉམས་སུ་ལེན་པ་ལ། ཐོག་མར་ཉིན་བར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་བསམ། དེ་འབྱོངས་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་བྱུང་བ་དང་། ཉིན་སྣང་ཐམས་ཅད་བར་དོར་དྲན་པའི་འདུན་པ་དྲག་ཏུ་བྱ། དེ་ལ་གོམས་པ་ན། ཕྱི་སྣོད་ཐམས་ཅད་དག་པའི་ཞིང་ཁམས་དང་། ནང་བཅུད་ཐམས་ཅད་


JKT008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྐུ་དང་། དེ་དག་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གནས་བསྒྱུར་ནས། ཐ་མལ་གྱི་སྣང་ཞེན་བཙན་ཐབས་སུ་སྤངས། ཁྱད་པར་བར་དོའི་སྐབས་སུ་ཕ་མ་ལ་ཆགས་སྡང་གི་རྟོག་པས་སྐྱེ་གནས་བཟང་པོར་སྐྱེ་བའི་གེགས་བྱེད་པས་ན། ཆགས་པའི་གཉེན་པོར་སྐྱེ་འགག་གནས་གསུམ་གྱི་རྩ་གདར་བཅད་དེ་བདེན་སྟོང་གིས་རྒྱས་འདེབས་པ་དང་། སྡང་བའི་གཉེན་པོར་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པའི་སྙིང་རྗེ་ཆེན་པོའི་བློས་སྤངས་ཏེ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བ་དང་། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུའང་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་ཅིང་། ལམ་འདི་སྟོན་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་རྗེས་སུ་བཟུང་ནས་ཚུལ་བཞིན་དུ་ཉམས་སུ་བླངས་བ་ལ་བརྟེན་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་པའི་འདུན་པ་དང་། དེ་ལྟར་བྱེད་ནུས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་དང་། དེ་ལྟར་བྱེད་ནུས་པར་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པའི་གསོལ་བ་འདེབས་པ་གསུམ་ལ་ཆིག་སྒྲིལ་དུ་འབད་པར་བྱ་བ་དང་། མདོར་ན། གང་ཤར་ངོས་འཛིན་ལྟ་བའི་གནད། །དེ་ལ་མ་ཡེངས་སྒོམ་པའི་གནད། །དྲན་པ་རོ་སྙོམས་སྤྱོད་པའི་གནད། །གྲུབ་ཐོབ་ཆེན་པོའི་གདམས་ངག་གོ །ཞེས་གསུངས་པའི་དོན། དུས་དང་རྣམ་པ་ཀུན་ཏུ་གང་ཤར་གྱི་རྟོག་པ་ངོས་བཟུང་སྟེ་བདེན་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱ་བ་ནི་ལྟ་བའི་གནད། དེའི་ངང་དུ་བྱིང་རྒོད་སོགས་ཀྱི་སྐྱོན་སྤངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་སྒོམ་པའི་གནད། རྗེས་ཐོབ་ཏུའང་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་དྲན་པས་བདེ་སྡུག་རོ་སྙོམས་པ་ནི་སྤྱོད་པའི་གནད་དོ། །ཚུལ་དེ་ལྟ་བུའི་ཉམས་ལེན་གྱིས་སྒྲུབ་པ་སྙིང་པོར་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་སྣང་བ་


JKT008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་བའི་རྣམ་ཐར་ཉི་ཤུས་མཛེས་པའི་གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀིའི་གདམས་ངག་ཟབ་མོ་སངས་རྒྱས་སྒྲུབ་བའི་ལམ་ཚང་ལ་མ་ནོར་བ་ཡིན་པས་དལ་བའི་རྟེན་ལ་སྙིང་པོ་ཅི་ནུས་སུ་བླང་བར་བྱའོ། །སྨྲས་པ། དེ་ལྟར་འཕགས་བོད་གྲུབ་པ་མཆོག་རྣམས་ཀྱི། །ལམ་བཟང་གཅིག་ཏུ་གྱུར་པའི་ཤིང་རྟ་འདིར། །མཐའ་ཀླས་ཡིད་ཅན་རྩེ་དགས་རོལ་པའི་མོད། །བྱང་ཆུབ་སྙིང་པོའི་གྲོང་དུ་གཤེགས་གྱུར་ཅིག །ཅེས་པའང་རང་སློབ་སྤོང་པ་བསམ་གཏན་གྱི་འཁོར་ལོ་ལ་རྩེ་གཅིག་ཏུ་གཞོལ་བའི་དགེ་སློང་འཇམ་དཔལ་བསྟན་འཛིན་སོགས་དོན་གཉེར་ཅན་རྣམས་ལ་ལམ་འདིའི་ཁྲིད་སྨིན་པར་བགྱིས་སྐབས་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། ༈ །།ཐུགས་རྗེ་ཆེན་པོའི་དམར་ཁྲིད་མི་ཏྲ་ལུགས་ཀྱི་རྒྱུན་གྱི་རྣལ་འབྱོར་ངག་འདོན་སྙིང་པོ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཕགས་པ་སྤྱན་རས་གཟིགས་དངོས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་མི་ཏྲ་ཛོཀིའི་ཐུགས་བཅུད། མཁས་པ་དང་གྲུབ་པའི་སྐྱེས་བུ་བར་མ་ཆད་པ་ལས་འོངས་བའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་དུ་གྲགས་པ་ལས། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པའི་ཚུལ་མདོར་བསྡུས་པ་ནི། སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་ཇི་ལྟར་རིགས་པས་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་


JKT008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མ་དང་ལྷའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། རང་གི་སྤྱི་བོར་ཤེལ་དཀར་ལས་གྲུབ་པའི། །བྱང་ཆུབ་མཆོད་རྟེན་མཚན་ཉིད་ཡོངས་རྫོགས་པ། །བང་རིམ་བཞི་ལ་སྒོ་སྟོང་ལྡན་པའི་དབུས། །པད་ཟླའི་སྟེང་དུ་བླ་མ་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བསྐལ་བཟང་སངས་རྒྱས་སྟོང་ནི་སྒོ་སྟོང་ལ། །རིགས་བཞིའི་དེ་བཞིན་གཤེགས་པའི་རྣམ་པར་བཞུགས། །སྙིང་གར་པདྨ་འདབ་སྟོང་ལྟེ་བ་རུ། །རང་སེམས་འཕགས་མཆོག་ཁ་སརྦ་ཎི་དང་། འདབ་མ་སྟོང་ལ་ཨ་ཡིག་དཀར་པོ་སྟོང་། །མུ་ཏིག་ཕྲེང་བ་ལྟ་བུར་གསལ་བ་ཡི། །ལྷ་རྣམས་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །བརྒྱུད་འདེབས་རྒྱས་པའམ། བསྡུ་ན། དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅི་ནུམ་མ ཐར། ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡི། །སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་ཏེ། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དག །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར། །དེ་ཡི་ངང་


JKT008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐད་ཅིག་དྲན་རྫོགས་སུ། །པད་དཀར་ཟླ་སྟེང་རང་ཉིད་སྤྱན་རས་གཟིགས། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །ཡིད་འཕྲོག་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །ཟླ་སྟེང་ཧཱིཝམཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ། །སོ་སོའི་སྡུག་བསྔལ་རྒྱུ་བཅས་ཡོངས་སྦྱངས་ནས། །ཕྱི་སྣོད་རྣམ་དག་རི་བོ་གྲུ་འཛིན་ཞིང་། །ནང་བཅུད་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་སྐུ། །སྒྲར་གྲགས་ཡི་གེ་དྲུག་མའི་སྔགས་ཀྱི་སྒྲ། །དྲན་རྟོག་འོད་གསལ་ཆོས་སྐུར་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་སུ་བཟླ། སྤྱི་བོའི་བླ་མ་སྙིང་གའི་ཡི་དམ་དང་། །རྫོགས་སངས་རྒྱས་རྣམས་ཨ་ཡིག་སྟོང་ལ་ཐིམ། །མཆོད་རྟེན་ནམ་མཁར་འཇའ་ཚོན་བཞིན་དུ་ཡལ། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །རིམ་གྱིས་འོད་ཞུ་སྟོང་པ་ཉིད་དུ་གྱུར། །ཅེས་པའི་རྗེས་སུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཞི་ལྷག་ཟུང་འཇུག་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཐུན་དེ་ལས་ལྡང་བང་བརྩམས་པ་ན། སླར་ཡང་རང་སྐད་


JKT008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ། སྣང་སྲིད་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། དེ་ལྟར་མ་རྟོགས་པའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོའི་བློས། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། ། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའི་གནས་སྐབས་ཐམས་ཅད་དུའང་སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བ་ལ་བསླབ། འཕོ་བ་དང་བསྲེ་བའི་རྣལ་འབྱོར་བསྒོམ་པར་འདོད་ན་ཁྲིད་ཡིག་ལས་ཤེས་པར་བྱའོ། །ཞེས་པའང་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་བློ་དམན་རྣམས་ལ་ཕན་པའི་བསམ་པས་ངག་འདོན་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒལཾ།།


previousའཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ།next