Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ།next

ཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ།


JKT008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མ ཧཱ ཀཱ རུ ཎཱ ཡ གུ རུ བི པ ཏྟེ ར དྷེ ཥ ཎ བ ན ནུ ཀྲ མ པྲ ཎི དྷ ན ཤྩ སཱ དྷིཥྛ ན པ ར དཱ ན ནཱ མ བི ཧ ར ཏི སྨ །།
ཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །


JKT008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཚེམ་བུ་པ་དང་བྱང་ཆུབ་འོད། །བྱང་ཆུབ་ཚུལ་ཁྲིམས་བསོད་ནམས་སྙིང་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐུགས་རྗེ་བརྩོན་འགྲུས་རྒྱལ་བ་ཡེ་ཤེས་ཞབས། །གཞོན་ནུ་སེང་གེ་བསོད་ནམས་རྒྱལ་མཚན་དཔལ། །ཐེག་ཆེན་ཆོས་རྗེ་དཔལ་ལྡན་ལེགས་པ་ལ། ། གསོལ་བ་འདེབས་སོ་དངོས་གྲུབཟ བདག་ཆེན་རྡོ་རྗེ་འཆང་དབང་རྡོ་རིང་པ། །ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་། །བྱམས་པ་སྐལ་བཟང་དབང་ཕྱུག་རབ་བརྟན་ལ། །གསོལ་བ་འདེབས་སོ༴ བསོད་ནམས་མཆོག་གྲུབ་བསོད་ནམས་རྒྱ་མཚོ་དང་། །འཇམ་དཔལ་ཆོས་དབང་འཇམ་དཔལ་མཁྱེན་བརྩེའི་ཞབས། །འཇམ་


JKT008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཚུལ་ཁྲིམས་བློ་གསལ་བསྟན་རྒྱན་ལ། །གསོལ་བ་འདེབས་སོ༴ མཁས་ཤིང་གྲུབ་བརྙེས་ཡེ་ཤེས་དཔལ་འབྱོར་དང་། །རིགས་ཀུན་ཁྱབ་བདག་བློ་གསལ་བསྟན་སྐྱོང་སོགས། །སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡང་ན། ཐུགས་རྗེ་བརྩོན་འགྲུས་ཀུན་མཁྱེན་འཕགས་པ་འོད། །རྩོད་དུས་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། །རིན་ཆེན་རྣམ་རྒྱལ་རིན་ཆེན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ མཁྱེན་རབ་ཆོས་རྗེ་ཀུན་སྤངས་རྡོ་རིང་པ། །ཚར་ཆེན་སོགས་མན་འདྲའོ། །དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་། །ལས་འབྲས་བསླུ་མེད་དོན་ལ་


JKT008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བསམས་ནས། །ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་མཆོག་གསུམ་ཐུགས་རྗེས་རྟག་ཏུ་སྐྱོང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྒྱུད་ལ་ཤར། །རྡོར་སེམས་བདུད་རྩིས་སྒྲིབ་གཉིས་ཀུན་སྦྱངས་ནས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་བར་ཤོག །འོད་གསལ་ངང་ལས་ཤར་བའི་བསྐྱེད་རིམ་གྱིས། །ང་རྒྱལ་རྣམ་པའི་གསལ་སྣང་རབ་རྫོགས་ཤིང་། །གྲགས་སྟོང་དབྱེར་མེད་སྔགས་ཀྱི་རྣལ་འབྱོར་དང་། །ཟབ་གསང་རྡོ་རྗེའི་བཟླས་པ་མཐར་ཕྱིན་ཤོག །འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །མེད་བཞིན་ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །བརྗོད་བྲལ་བློ་འདས་ཕྱག་ན་པདྨོའི་ཞལ། ། མངོན་སུམ་མཐོང་ནས་འབྲལ་མེད་སྐྱོང་བར་ཤོག །སྤྱོད་ལམ་ཟས་གོས་གཉིད་དང་རྨི་ལམ་སོགས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་ཤར། །ཚེ་ཡི་མཐར་ཡང་འཕོ་བའི་རྣལ་འབྱོར་གྱིས། །བདེ་ཆེན་དག་པའི་ཞིང་དུ་བགྲོད་པར་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ནས། །རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་བློ་གསལ་ཞབས་ལས་ཆོས་ཚུལ་འདིའི་བཀའ་དྲིན་ནོས་པའི་ཚེ། རྒྱལ་ཁམས་ཀྱི་བྱ་བྲལ་བསྐལ་བཟང་མཁྱེན་བརྩེའི་མིང་གིས་དཔལ་ཞྭ་ལུ་རི་སྨུག་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།།


previousཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ།next