Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
གྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་།next

གྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་།


JKT008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །སྲས་བཅས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །བླ་མ་ཕྱག་ན་པདྨོར་གུས་བཏུད་ནས། །གང་དེའི་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས། །ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་དབྱེ། །དེ་ལ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པ་ནི་འཕགས་མཆོག་སྤྱན་རས་གཟིགས་འདི་ཉིད་ཡིན་པའི་ཕྱིར། སྤྱིར་རིགས་དྲུག་གིས་བསྡུས་པའི་ཡིད་ཅན་ཐམས་ཅད་དང་། ལྷག་པར་གངས་ཅན་པའི་འགྲོ་བ་རྣམས་ལ་ཐུགས་རྗེའི་འཇུག་པ་མཚུངས་ཟླས་དབེན་པས་ན། མདོ་རྒྱུད་དང་སྒྲུབ་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས་ཡོངས་སུ་གྲགས་པ་དམར་ཁྲིད་རྣམ་པ་བཞི་ཞེས་གྲགས་པའི་ཡ་གྱལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བོད་ཀྱི་གྲུབ་ཆེན་ཚེམ་བུ་པ་དར་མ་འོད་ལ་དངོས་སུ་གནང་བའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་བའི་ཚུལ་ནི། བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བཞི་རྫོགས་པར་ཐོབ་ཅིང་ཁྲིད་རིམ་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས། གཞིའི་གནས་ལུགས་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གློ་བུར་གྱི་དྲི་མས་ནོངས་པར་བྱས་པ་ཉིད་ལམ་ཟབ་མོའི་ཐབས་མཁས་ཀྱིས་སྦྱང་བའི་སླད་དུ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་སྒོ་ནས་འཇུག་པར་བྱ་བ་ལས། དང་པོ་སྔོན་འགྲོ་ལའང་། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་


JKT008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས། ད་ལན་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་མི་ལུས་འདི་ལྟ་བུ་ཞིག་ཐོབ་ཏུ་ཟིན་ཡང་། སྐྱེས་པའི་མཐའ་འཆི་བ་ལས་འོས་མ་མཆིས་ཤིང་། ནམ་འཆི་བའི་ཆ་མེད། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་ནས། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བཟོད་པའི་བླགས་མེད། ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཙམ་གྱིས་མཐོ་རིས་གསུམ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱའོ་སྙམ་དུ་ངེས་འབྱུང་ཤུགས་དྲག་ཏུ་སྐྱེད་བཞིན་པའི་ངང་། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་བཞི་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། དེ་ལྟ་བུའི་འཁོར་བའི་འཇིགས་པ་ལ་སྐྱབས་དང་ར་མདའ་ཞུ་བའི་འདུན་པས། ས་ཕྱོགས་དང་གནས་ཁང་ཐམས་ཅད་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་གསལ་བའི་དབུས་སུ། རང་གི་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བའི་མདུན་གྱི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་དར་ཟབ་སྣ་ཚོགས་ཀྱིས་བཀབ་པའི་སྟེང་དུ། སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྣམ་པ་ལ། འདི་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམས་པ་དང་། འོད་དཔག་མེད་ཀྱི་རྣམ་པར་བསྒོམས་པའང་རུང་བས་གང་བདེ་བྱའོ། །བརྒྱུད་པའི་བླ་མ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་རྣམ་པས་བསྐོར་བ། ཁྲི་དེའི་མདུན་གྱི་ཆར་ཡི་


JKT008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། གཡས་སུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས། རྒྱབ་ཏུ་ཆོས་པུ་སྟི་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་སྐོར་ཀུན་ཏུ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོར་བཞུགས་པའི་མདུན་དུ་རང་ཉིད། གཡས་གཡོན་དུ་ཕ་མ། མདུན་དུ་གནོད་བྱེད། མཐའ་སྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་པ་བཞིན་གསལ་བཏབ་སྟེ། བདག་གཞན་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་སྙིང་པོའི་བར་དུ་བླ་མ་ལ་འདྲེན་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཇི་ཙམ་ནུས་པའི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་སེམས་བསྐྱེད་ནི། རང་གི་མཐའ་སྐོར་དུ་གནས་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི་དྲིན་ཅན་ཤ་སྟག་


JKT008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་ཐམས་ཅད་ལ་དྲིན་གཟོ་བའི་ཚུལ་གྱིས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེའི་ཆེད་དུ་རང་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་དང་། ལམ་ཟབ་མོ་ལ་བསླབ་པར་འདོད་པའི་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཀྱི་དོན་ཡིད་ལ་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་ལ་མོས་གུས་དུང་བ་བྱས་པས་དེ་ཐམས་ཅད་འོད་དུ་ཞུ་ནས་རང་དང་སེམས་ཅན་རྣམས་ལ་ཐིམ། བདག་གཞན་ཀུན་ཀྱང་ལུས་ཟག་མེད་ཐུགས་རྗེ་ཆེན་པོའི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར། མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ་གསལ་སྟོང་ཟུང་འཇུག་བརྗོད་བྲལ་གྱི་ངང་དུ་ངལ་བསོ། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་སྐུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་


JKT008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཡབ་ཀྱི་དབུ་གཙུག་ནས་ཞུགས། སྐུ་གང་། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང་། ཡབ་ཡུམ་གཉིས་ཀའི་སྔགས་ཕྲེང་ལས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། སྦྱོར་མཚམས་ནས་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་ལ་སོགས་བའི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ནས། ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར་པར་བསམས་ལ། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་སྒྲ་སྒྲོགས་པར་མོས་པ་དང་བཅས། ཨོཾ་བི་བཛྲ་ཧེ་རུ་ཀ་ས་མ་ཡ་སོགས་ཧེ་རུ་ཀའི་ཡིག་བརྒྱའམ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་ནུས་བཟླ། དེའང་རྟེན་གྱི་སྟོབས་བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར། སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་སྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བྱས་པས་རང་རྒྱུད་ཀྱི་སྡིག་པ་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་ཏེ་སྟོབས་བཞིའི་དམིགས་གནད་དང་མ་བྲལ་བར་བྱ། མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །


JKT008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ། ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམས་ལ་གནས་ལུགས་བརྗོད་བྲལ་གྱི་ངང་དུ་བཞག །བཞི་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་གྱི་སྟེང་དུ་བླ་མ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཋདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་རྣམས་སྤྱན་དྲངས་དབུའི་གཙུག་ཏུ་ཐིམ་པས་བླ་མ་ཀུན་འདུས་སུ་གྱུར།


JKT008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་སྐུའི་སྟོད་ཀྱི་ཆ་ལ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། དཀོན་མཆོག་གསུམ་པོ་སྤྱན་དྲངས་སྐུའི་བར་གྱི་ཆ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་གྱུར། མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་སྤྱན་དྲངས་སྐུའི་སྨད་ཀྱི་ཆ་ལ་ཐིམ་པས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམས་ལ་སྐྱབས་གནས་ཀུན་འདུས་བཀའ་དྲིན་མཚུངས་པ་མེད་པར་ཐག་གཅད། ངེས་ཤེས་བསྐྱེད། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོས་ཏེ་མཆོད་པར་བསམས་ལ། མཎྜལ་ཚོམ་བུ་སོ་བདུན་མའམ། བདུན་མ་གང་རུང་གི་མ་ཚང་བ་མེད་པ་འདི་ཉིད་ཅེས་པ་ཡན་སྤྱི་ལྟར་ལ། དེ་ནས། དཔལ་ལྡན་བླ་མ་དམ་པ་ཀུན་འདུས་རིན་པོ་ཆེ་ལ་དབུལ་བར་བགྱིའོ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཚར་གྲངས་ཇི་ལྟར་རིགས་པ་དང་། མོས་གུས་ཀྱི་གདུང་ཤུགས་དྲག་པོས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དང་། སྤྲོ་ན་རྩ་བའི་བླ་མའི་སྐུ་བསྟོད་གང་ཤེས་ཀྱིས་གསོལ་བ་གདབ། མཐར། བླ་མ་སངས་


JKT008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ཅིར་ཡང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །ལམ་གྱི་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྣང་བ་ཆོས་སྐུར་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཆེད་དུ་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ཏེ་དབང་བཞི་ཐོབ། སྒྲིབ་བཞི་སྦྱངས། ལམ་བཞི་བསྒོམ་པ་ལ་དབང་། འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་བསམས་ལ། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་མོས་གུས་སུ་ལམ་མེ་བའི་ངང་དུ་མཉམ་པར་གཞག་གོ །གཉིས་པ་དངོས་གཞི་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང་། མཉམ་གཞག་ལས་ལངས་པའི་རྣལ་འབྱོར་རོ། །དང་པོ་ལའང་རྟེན་བསྐྱེད་རིམ། བརྟེན་པ་རྫོགས་རིམ། ལམ་གྱི་ཡན་ལག་འཕོ་བའི་རྣལ་འབྱོར་རོ། །དང་པོ་ལ་དངོས་དང་། ཞར་བྱུང་བཟླས་པའི་རྣལ་འབྱོར་གཉིས་ཀྱི། དང་པོ་དངོས་ལའང་གཉིས་ལས།


JKT008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བྱ་བ་ཅན་གྱི་བསྐྱེད་རིམ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦདྷ་རྨསྭ་བྷ་ཝ་ཤུདྡྷོཉ་ཧཾ། སྐབས་འདིར་རྒྱས་པར་མངོན་བྱང་ལྔ་བསྐྱེད་ལྟར་སྤྲོ་ན། །རང་གི་སྙིང་སྒོང་སྟོང་པ་ལྟ་བུའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་༢འཁོར་གྱི་སྟེང་དུ་ཡི་གེ་༣ཧཱི༔དཀར་པོ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཕགས་པ་མཆོད། སོགས་ནས། ཧྲིལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་༤མ་བརྒྱད་པ་ཧྲིས་མཚན་པ་གཅིག་ཏུ་གྱུར། པད་ཟླ་ཕྱག་མཚན་ས་བོན་དང་བཅས་པ་འོད་དུ་ཞུ་བ་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་འཕགས་པ། སོགས་དཀྱུས་བཞིན་ནོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲིདཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཧྲུལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་


JKT008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེལ་དཀར་གྱི་ཕྲེང་བ་དང་། གཡོན་གྱི་གཉིས་པས་མེ་ཏོག་པདྨ་དཀར་པོའི་རྩ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བ། སྤྱན་དཀྱུས་རིང་ཞིང་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་འགྲོ་བ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་། ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་བཟང་པོ་ཁ་དོག་ལྔ་ལྡན་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཅན་དུ་གྱུར་པར་བསམས་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱི༔དཀར་པོ་རྣམས་གསལ་བཏབ་པ་ནི་གནས་བཞི་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ། །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ཨོཾ་བཛྲས་མཱ་ཛས་སྤྱན་དྲང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་ལ། ཨོཾ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨཧཱུྃ་པྲ་ཏི་ཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོས། རང་ལ་གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས་པས་རྒྱུད་སྡེ་བཞི་དང་


JKT008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། རང་ལ་གཉིས་སུ་མེད་པར་ཐིམ་པས་རང་ཉིད་ཡི་དམ་ཀུན་འདུས་སུ་གྱུར་པར་བསམས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྩ་བའི་བླ་མ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ༔ ཨོཾ་གུ་རུ་བཛྲ་དྷཱ་ར་ཨབྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ནས། ཤཔྟའི་བར་གྱིས་མཆོད། དཔལ་ལྡན་བླ་མ་དམ་པས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་འོད་དཔག་མེད་དུ་གྱུར་པའི་ཞལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡང་ལུད་པ་སྤྱི་བོར་འཁྱིལ་པ་ལས་པད་ཟླའི་གདན་དུ་གྱུར་པའི་སྟེང་དུ་རྩ་བའི་བླ་མ་ཉིད་རིགས་བདག་གི་ཚུལ་གྱིས་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ཏེ་སྤྱི་བོའི་བླ་མ་ལ་ཐིམ་པས་བླ་མ་ཀུན་འདུས་སུ་གྱུར་པར་བསམས་པ་ནི་དབང་བསྐུར་ཞིང་རྒྱས་གདབ་བསྒྲུབ་པ་ཆེན་པོའི་ཡན་ལག་གོ། །དེ་ནས་རང་དང་སྤྱི་བོའི་བླ་ལ་མ་ཐུགས་ཀའི་ཧཱུྃ་ཡིག་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨགྷཾ་ནས། ཤབྡའི་བར་གྱིས་མཆོད།


JKT008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་གོས་སྐུ་མདོག་དཀར། སོགས་ཀྱི་རྡོ་རྗེའི་གླུས་བསྟོད་ཅིང་སླར་ཡང་རང་ལ་ཐིམ་པར་བསམ་མོ། །གཉིས་པ་བྱེད་པ་ཅན་གྱི་བསྐྱེད་རིམ་ནི་སེམས་འཛིན་གྱི་རིམ་པ་སྟེ། དེ་ཡང་ང་རྒྱལ་ལ་སེམས་འཛིན་པ། རྣམ་པ་སྤྱི་ལ་སེམས་འཛིན་པ། བྱེ་བྲག་རྒྱན་མེད་ལ་སེམས་འཛིན་པ། རྒྱན་ཅན་ལ་སེམས་འཛིན་པ་སོགས་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་དུ་མན་ངག་ལྟར་ཉམས་སུ་བླངས་ཤིང་། རྒྱུན་དུ་སེམས་ཉིད་ཀྱི་གཤིས་བརྗོད་བྲལ་བློ་འདས་ཀྱི་ངང་ལས་མ་གཡོས་བཞིན་དུ། རྣམ་པ་ཅིར་སྣང་ཐམས་ཅད་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་ལྷ་དང་གཞལ་ཡས་ཁང་དུ་གསལ་བའི་བསྐྱེད་རྫོགས་ཟུང་འཇུག་ལ་སེམས་བཟུང་ངོ་། །དེས་སྐྱོ་ན་ཞར་བྱུང་བཟླས་པའི་རྣལ་འབྱོར་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི༔དཀར་པོའི་མཐར་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོགས་བཞིན་པས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་པའི་རྣམ་པར་སྤྱན་དྲངས་ཏེ། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར་པར་བསམས། སྤྱི་བོའི་བླ་མ། རང་ཡི་དམ་སྣོད་བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ་ནས་མགྲིན་གཅིག་ཏུ་གསུངས་པར་བསམས་ལ། སྒྲ་གྲགས་སྟོང་དབྱེར་མེད་ལ་སེམས་གཏད་དེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཇི་ཙམ་


JKT008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་བཟླ། མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། ཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་ཅིང་ཕྲེང་བ་སྤྱི་བོར་འཇོག །གཉིས་པ་རྫོགས་རིམ་ལ་མཚན་བཅས་དང་། མཚན་མེད་གཉིས་ལས། དང་པོ་ལའང་གསུམ་གྱི། རགས་པ་ནི། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས་ལ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦ་སྨྱུག་འབྲིང་པོ་ཙམ། གཡས་སུ་རོ་མ་དམར་མོ་དང་། གཡོན་དུ་རྐྱང་མ་དཀར་མོ་གཉིས་གྲོ་སོག་ཙམ་གྱི་མར་སྣ་ལྟེ་འོག་གི་དབུ་མའི་ནང་དུ་ཆུད་ཅིང་། ཡར་སྣ་སྤྱི་བོ་ནས་སྦྲ་གུག་པ་ལྟར་སྣ་བུག་གཉིས་སུ་ཟུག་པར་གསལ་གདབ། གཡོན་གཡས་དབུས་རྣམས་ནས་རླུང་རོ་ལན་གསུམ་རེ་བསལ། རླུང་སྣ་བུག་གཡས་གཡོན་གང་ནས་རྒྱུ་ངོས་བཟུང་ལ། ནང་དུ་འཇུག་པའི་ཚེ་ཨོཾ་དཀར་པོ། གནས་པ་ལ་དམར་པོ། ཕྱིར་འགྲོ་བ་ན་ཧཱུཾ་སྔོན་པོར་དྲན་པར་བྱས་ལ་སེམས་གཟུང་། ཕྲ་བ་ནི། རླུང་སྔར་བཞིན་ལ། འཇུག་པ་འོད་དཀར་པོ། གནས་པ་དམར་པོ། ཕྱིར་རྒྱུ་བ་སྔོན་པོར་བསྒོམ་པ་དང་། ཤིན་ཏུ་ཕྲ་བ་ནི། འཇུག་གནས་ལྡང་གསུམ་གྱི་སྒྲ་ཙམ་ཡིད་ཡུལ་དུ་བྱས་ནས་སེམས་བཟུང་སྟེ། རིམ་གྱིས་སྔ་མ་ལ་གོམས་པ་བརྟན་ནས་ཕྱི་མ་ལ་འཇུག་པར་བྱའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ནི། ཐོག་མར་རྟེན་ཞི་གནས་ལ་


JKT008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པར་བྱས། དེ་ནས་བརྟེན་པ་ལྷག་མཐོང་གི་ཡེ་ཤེས་ངོ་སྤྲད་དེ། མཐར་ཞི་ལྷག་ཟུང་འཇུག་གི་ངང་དུ་མཉམ་པར་བཞག་པའི་ཚུལ་རྣམས་བླ་མ་ཉམས་མྱོང་དང་ལྡན་པའི་ཞལ་ལས་བླང་བར་བྱ་ཞིང་། འདིར་བློ་ཅུང་ཟད་འབྱོངས་པས་རྒྱུན་དུ་ཉམས་སུ་བླང་བའི་ཚུལ་ནི། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། མིག་གི་གནད་སྨིན་མཚམས་ཀྱི་ཐད་ཀ་མཐོ་གང་ཙམ་གྱི་ནམ་མཁར་མི་འཛུམ་པར་གཏོད། ངག་གནད་རླུང་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་ལ་རང་སོར་བཞག །སེམས་ཀྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་བྱེད་པོ་རང་གི་སེམས་ཡིན་པར་ཐག་བཅད། སེམས་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་སྒྱུ་མ་ལྟར་ཤེས་པས་རང་ཉིད་ལྷ་སྐུ་འཇའ་ཚོན་ལྟ་བུར་གསལ་ལམ་མེ་བ་ཙམ་ཡིད་ཡུལ་དུ་བྱས་ཏེ། དེ་ལས་གཞན་དུ་འདས་པའི་རྣམ་རྟོག་གི་རྗེས་མི་གཅོད། མ་འོངས་པ་སྡུན་མི་བསུ། ད་ལྟའི་ཤེས་པ་སྐད་ཅིག་མ་ལ་རྩིས་གདབ་མི་བྱ་བར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བའི་གསལ་རིག་རྗེན་ནེ་པའི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞག །རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན། དེ་ལ་བཟོ་བཅོས་གང་ཡང་མི་བྱ་བར་ཉམས་ལེན་གྱི་རྒྱུན་བསྐྱང་། དེ་ཡང་དང་པོར་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། ཐ་མ་རང་སོ་བཟུང་བའི་ཚུལ་གྱིས་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པའི་མཐར། རང་གི་ཐུགས་ཀའི་ཧྲིལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་རྗེ་ཆེན་པོར་གསལ་བ་ཡང་རིམ་གྱིས་འོད་དུ་ཞུ་ནས་ཐུགས་ཀའི་ཧྲིལ་ཐིམ། དེའང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་


JKT008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། གསལ་རིག་འཛིན་མེད་ཀྱི་ངང་དུ་གཞག་གོ །གསུམ་པ་འཕོ་བའི་རྣལ་འབྱོར་སྦྱང་བ་དང་ལས་ལ་སྦྱར་བའི་ཚུལ་དང་། ཞར་བྱུང་བར་དོའི་རྣལ་འབྱོར་བཅས་ཁྲིད་ཡིག་ལས་ཤེས་པར་བྱའོ། །གཉིས་པ་མཉམ་གཞག་ལས་ལངས་པའི་རྣལ་འབྱོར་ལ་གཉིས་ཏེ། ཁྱད་པར་གྱི་རྣལ་འབྱོར་དྲུག་དང་། ཐུན་མོང་ཁྱེར་སོ་གསུམ་མོ། །དང་པོ་ལའང་དྲུག་ལས། ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་ནི། མཉམ་གཞག་འོད་གསལ་བའི་ངང་ལས། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྔོ་སྨོན་བྱས་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། སྣོད་ཐམས་ཅད་གཞལ་ཡས་ཁང་། གདན་པད་ཟླ། བཅུད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བཏབ་ལ་རང་ཀུན་འདུས་རྣམ་གཉིས་སུ་གསལ་བས་ཅིར་སྣང་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ལོངས་སྤྱད། བཟའ་བ་ཟས་ཀྱི་རྣལ་འབྱོར་ནི། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་མོས་ནས་ཕུད་ཀྱིས་བླ་མ་མཆོད་པའི་མཐར། རང་ཡི་དམ་ཀུན་འདུས་སུ་གསལ་བས་ཞེན་པ་མེད་པར་རོལ། བགོ་བ་གོས་ཀྱི་རྣལ་འབྱོར་ནི། ཨོཾ་ཨཱཧཱུྃ་གིས་ལྷ་རྫས་ཀྱི་གོས་པཉྩ་ལི་ཀར་བསམས་ལ་སྤྱི་བོའི་བླ་མ་ཀུན་འདུས་དང་། རང་ཡི་དམ་ཀུན་འདུས་ལ་ཕུལ་བར་བསམས་པས་བགོ། །ཉལ་བ་གཉིས་ཀྱི་རྣལ་འབྱོར་ལ་མཚན་བཅས་ནི། རང་སེང་གེའི་ཉལ་སྟབས་སུ་འཁོད་པའི་སྙིང་གར་ཐུགས་རྗེ་ཆེན་པོའི་སྐུ་མཐེ་བོང་ཙམ་ཞིག་གསལ་བཏབ་ལ། སྤྱི་བོའི་བླ་མ་ལ་མོས་གུས་བྱས་པས་ཚངས་བུག་ནས་མར་བྱོན། སྙིང་གའི་ཡི་དམ་གྱི་སྤྱི་བོར་བཞུགས་པས་ཡི་དམ་གྱི་འོད་དཀར་པོས་བླ་མ། བླ་མའི་


JKT008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དམར་པོས་ཡི་དམ། གཉིས་ཀའི་འོད་ཀྱིས་ལུས་ཐམས་ཅད་གསལ་ལམ་མེ་བ་ལ་སེམས་གཏད་དེ་གཉིད་ལོག །མཚན་མེད་ནི། སྔར་བཤད་ལྟར་སྣོད་བཅུད་ལྷར་སྣང་དང་བཅས་པ་འོད་གསལ་དུ་བསྡུས་ཏེ། ཨོ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ་ཉལ་བས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་རོ། །རྨི་ལམ་སྤྲུལ་བསྒྱུར་གྱི་རྣལ་འབྱོར་ནི། ཉིན་སྣང་ཐམས་ཅད་རྨི་ལམ་གྱི་སྐབས་ཡིན་པར་དྲན་པར་བྱས་ཏེ། གཉིད་དུ་འགྲོ་ཁར་ཙོག་པུར་འཁོད་པས། སྤྱི་བོའི་བླ་མ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་གིས་རྨི་ལམ་རྨི་ལམ་དུ་ངོ་ཤེས་ཤིང་སྦྱང་སྤེལ་སྤྲུལ་བསྒྱུར་འབྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མགྲིན་པར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཐིག་ལེ་དམར་པོ་སྲན་མ་འབྲིང་པོ་ཙམ་བདེ་གསལ་དུ་གནས་པ་ལ་སེམས་གཏད་དེ། འདི་རྨི་ལམ་རྨི་བ་ཡིན་འདུག་པས་ངོ་ཤེས་པར་བྱས་ཏེ་སྦྱང་སྤེལ་སྤྲུལ་བསྒྱུར་གྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་དུ་འཕེན་པ་བཏང་ནས་གཉིད་ལོག་པས་རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང་། དེ་ལ་བརྟེན་ནས་སྦྱང་སྤེལ་སྤྲུལ་བསྒྱུར་སོགས་ལ་རིམ་གྱིས་བསླབ་པར་བྱའོ། །ཐོ་རངས་ལྡང་བའི་རྣལ་འབྱོར་ནི། ནམ་གྱི་ཐོ་རངས་བརྒྱད་ཆ་ཙམ་ལོན་པ་ན། ནམ་མཁའ་ནས་མཁའ་འགྲོ་སྡེ་ལྔས་ཌ་མ་རུའི་སྒྲ་ཡི་གེ་དྲུག་པའི་གདངས་སུ་བསྒྲགས་པས་བསྐུལ་ཏེ་གཉིད་སད་པར་བསམས་ལ། ལྷར་གསལ་བཞིན་པའམ། འོད་གསལ་གྱི་ངང་ལས་ཟུང་འཇུག་གི་སྐུར་ལམ་གྱིས་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན། མདུན་མཁར་བླ་མ་འོད་དཔག་མེད་པའི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་མཛད་པར་བསམས་ལ།


JKT008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་གིས་ཁྲུས་བྱས་ལ་སྔར་བཞིན་སྐྱབས་འགྲོ་ནས་བརྩམས་ཏེ་ཐུན་བཞིའི་རྣལ་འབྱོར་གྱིས་ཉམས་སུ་བླང་བར་བྱའོ། །གཉིས་པ་ཐུན་མོང་ཁྱེར་སོ་གསུམ་ནི། དུས་དང་གནས་སྐབས་ཀུན་ཏུ་རང་དང་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་སྣང་སྟོང་ཟུང་འཇུག །སྒྲར་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་གྲགས་སྟོང་དབྱེར་མེད། ཡིད་ཀྱི་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་འོད་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རིག་སྟོང་ཟུང་འཇུག་ཆེན་པོར་ལམ་དུ་འཁྱེར་བ་དང་མ་བྲལ་བའི་སྒོ་ནས་ཐ་མལ་གྱི་སྣང་བ་ཐམས་ཅད་ལྷ་དང་ཡེ་ཤེས་སུ་བསྒྱུར་ནས་ཉམས་སུ་བླང་ངོ་། །གསུམ་པ་རྗེས་ནི། དེ་ལྟ་བུའི་དགེ་པའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །དེ་ལྟར་རིམ་གཉིས་ཡན་ལག་དང་བཅས་པའི་ལམ་ཟབ་མོ་འདི་རྣམས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པས་རྩེ་གཅིག་ཏུ་ཉམས་སུ་བླངས་པས། གནས་སྐབས་ཀྱི་འབྲས་བུ་སློབ་པའི་ཟུང་འཇུག་དང་། མཐར་ཐུག་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པ་ནི་ངེས་པའོ།། །།ཞར་ལ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། གནས་དབེན་ཞིང་རང་དབང་འདུས་པའི་སར་ཟླ་བ་གང་ཡང་རུང་བའི་མར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་སྔ་དྲོ་གནས་ཁང་ཕྱག་དར་བྱ། ཐུགས་རྗེ་ཆེན་པོའི་སྐུ་བྲིས་འབུར་ཇི་ལྟར་རིགས་པའི་མདུན་འབུལ་གཏོར་དཀར་ཟླུམ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། ཕྱི་དྲོའི་ཚེ་ཆ་གསུམ་ཡིད་ཆེས་པ་གཏང་། གྲུབ་ན་རྒྱལ་ཆེན་ཐོ་འཛུགས་རྨོར་ཆེན་གྱིས་མཛད་པ་ལྟར་བྱ། གང་ལྟར་ཡང་སྒོ་དྲུང་དུ་ཐོ་བརྟན་པོར་གཟུགས། ནང་དུ་ལོགས་ལ། བརྒྱུད་


JKT008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཡན་སྔར་ལྟར་ལ། གནས་དང་ཡོ་བྱད་རྣམས་ཨམྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུྃ་ནས། ཤཔྟའི་བར་དང་། དྷརྨཱ་ར་ཎི་ཏས་བྱིན་དབབ། སྐྱབས་འགྲོ་ནས། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། ཅེས་པའི་བར་སྔར་བཞིན་ལ། དེ་ནས་གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སྟི་གྱིས་གདན་དབུལ། ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ཨོ་ཨཱརླ་


JKT008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། མཚན་སྔགས་དེ་ཉིད་ཀྱི་མཐར། ཨཧཱུྃ་ནས། ཤབྡའི་བར་སྦྱར་བས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་གཉིས་པ་གཏོང་བར་སྤྲོ་ན་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་གཏང་། ཡི་གེ་བརྒྱ་བ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་བ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། ཨོ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱི་མཐར། བཛྲ་མུས། གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང་། བསྔོ་སྨོན་བཀྲ་ཤིས་བྱ། སླར་སྲོད་ཐུན་ལ་སྐྱབས་འགྲོ་ནས་བཟུང་སྟེ་བསྐྱེད་རིམ་འོད་གསལ་དུ་བསྡུ་བའི་བར་བདག་བསྐྱེད་བཞིན་ཉམས་སུ་བླངས་ལ་ཉལ་ལུགས་རྣམ་གཉིས་གང་རུང་གིས་ཉལ། ཐོ་རངས་ལྡང་བའི་རྣལ་འབྱོར་ཀྱིས་ལྡངས་ལ། སྲོད་ཐུན་གྱི་མཇུག་གི་བསྔོ་སྨོན་ཤིས་བརྗོད་སོགས་བྱ། སླར་ཐོར་ཐུན་ལ་བརྒྱུད་འདེབས་དང་སྐྱབས་འགྲོ་ནས་བཟུང་བསྔོ་སྨོན་བར་བྱས་ལ་ཉི་ཤར་ཙམ་ལ་གྲོལ། གཏོར་མ་བརྒྱ་རྩ་སོགས་བྱ། གུང་ཐུན་ལའང་སྐྱབས་འགྲོ་ནས་བསྔོ་སྨོན་བར་བྱས་ལ་ཉིན་གུང་མ་ཟིན་ཙམ་ལ་གྲོལ་


JKT008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟས་ཀྱི་རྣལ་འབྱོར་སོགས་ལ་འཇུག །དགོང་ཐུན་གྱི་ཐོག་མར་བརྒྱུད་འདེབས་དང་། གནས་ཡོ་བྱིན་རླབས། མཇུག་ཏུ་གཏོར་མ་འབུལ་བ་སོགས་བཤད་མ་ཐག་པ་ལྟར་བྱ། དེ་ནས་སྲོད་ཐུན་ལ་འཇུག་པ་སྟེ་ཐུན་བཞིའི་ཚུལ་གྱིས་ཉམས་སུ་བླང་། མཚན་མེད་ཀྱི་རྫོགས་རིམ་ནི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བསྒོམ་ཞིང་། མཚན་བཅས་རྡོ་རྗེའི་བཟླས་པ་དང་། འཕོ་བའི་རྣལ་འབྱོར་ཀྱང་ཐུན་གཉིས་ཙམ་གྱི་མཇུག་ཏུ་མ་ཆག་པར་བྱ། དེའང་བསྙེན་པ་ཡུན་རིང་དུ་བྱེད་ན། སྔོན་འགྲོ་སྐྱབས་འགྲོ། ཡིག་བརྒྱ། མཎྜལ་རྣམས་འབུམ་ཐེར་རེའམ། རྟགས་མ་བྱུང་བར་དུ་འབད། དེ་དག་གི་སྐབས་དངོས་གཞི་རྣམས་ཐུན་གྲོལ་ཁར་མ་ཆག་ཙམ་བྱ། བསྙེན་པ་ཟླ་བ་གཅིག་ཏུ་བྱེད་ན་སྔོན་འགྲོ་གསུམ་ཞག་རེ་གཏོང་བས་མཚོན་རིགས་འགྲེ། དངོས་གཞིའི་བསྙེན་པའི་གྲངས་ཚད་ནི་འབུམ་ཕྲག་ཉི་ཤུ་རྩ་བཞི་ཡིན་ལ། གཞན་མཚན་མ་ཐོབ་པ་སོགས་ཀྱི་བར་དུ་བཟླ། མཚམས་གྲོལ་བ་ནི་ཡར་ངོའི་སྔ་ཐུན་གྱི་འཇུག་ཏུ་གྲོལ། སྦྱིན་སྲེག་བྱེད་ན་འདི་ཉིད་ཀྱི་སྦྱིན་སྲེག་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའམ། མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་ཐུགས་རྗེ་ཆེན་པོ་ལྷ་གསུམ་པའི་སྦྱིན་སྲེག་ལྷ་བསྐྱེད་ཁ་བསྒྱུར་ཏེ་བཅུ་ཆ་སོགས་ཇི་ཙམ་ནུས་པ་དབུལ་ལོ་མ་གྲུབ་ན་སྔགས་ཀྱི་ལྷག་ཆད་ཁ་སྐོང་བའི་ཆེད་དུ་དམིགས་ཏེ་ཡི་གེ་བརྒྱ་པ་སྔགས་ཀྱི་བཅུ་ཆ་བཟླས་པས་ཀྱང་རུང་གསུངས། གཞན་ཐུན་དངོས་དང་ཐུན་སྐབས་ཀྱི་བྱ་བ་སོགས་ཞིབ་པར་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱ།། །།ཡང་རྒྱུན་དུ་ཉམས་ལེན་རྒྱས་པར་མི་འགྲུབ་པས་མདོར་བསྡུས་པ་བྱ་བའི་ཚུལ་ནི། བརྒྱུད་འདེབས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་ཡན་སྔར་ལྟར་ལ། རྡོར་སེམས་དགེ་སྦྱོར་གཞན་གྱི་ཐུན་ལ་ཡོད་ན་མ་བྱས་ཀྱང་བཏུབ། བླ་མའི་རྣལ་འབྱོར་གྱི་མཇུག་ཏུ།


JKT008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ནས། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱིདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ རང་ལ་ཐིམ་པས་རང་ཡི་དམ་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་ནས། བླ་མ་ཀུན་འདུས་སུ་གྱུར་པར་སྔར་བཞིན་ལ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོགས་བཟླས་དམིགས་གསལ་བཏབ་ལ་བཟླས་བ་ཇི་ཙམ་ནུས་པའི་མཐར་བསྐྱེད་རིམ་གྱི་ཉམས་ལེན་དེ་ཀའི་ངང་དུ་སེམས་རང་བབས་སུ་ཀློད་དེ། གཤིས་ཅི་ཡང་མ་ཡིན་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་ལྷ་སྐུར་འཆར་བའི་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་བཞག །དེ་ནས་འཕོ་བའི་དམིགས་པ་ཇི་ལྟར་རིགས་པ་ཉམས་སུ་བླང་། འོད་གསལ་གྱི་ངང་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་བཀྲ་ཤིས་སོགས་བྱ། ཟས་གོས་གནས་ཁང་གིས་མཚོན་ཅིར་སྣང་ལྷར་གསལ་བས་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔར་བཞིན་བྱ། སྣང་གྲགས་རིག་གསུམ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་དུ་ཤེས་པས་དུས་འདའ་བར་བྱའོ། །རྗེ་བཙུན་རྡོ་རྗེ་བཙུན་མོའི་ཞལ་གྱི་ལུང་། །གྲུབ་པའི་དབང་ཕྱུག་རྒྱ་མཚོའི་ཐུགས་ཀྱི་བཅུད། །ཅུང་ཟད་གསལ་བར་བཀོད་པའི་ལེགས་བྱས་ཀྱིས། །འགྲོ་ཀུན་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག། །།ཅེས་པའང་ལམ་འདི་ལ་མོས་པའི་


JKT008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོས་གནང་སྐྱེས་དང་བཅས་བསྐུལ་བས་མཚམས་སྦྱར་ཏེ། ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་དྲན་པས་སྲིད་ཞིའི་གདུང་སེལ་རྗེ་བཙུན་བླ་མ་བློ་གསལ་ཞབས་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཆོས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོབ་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ལ་གཞི་བྱས། དེར་མི་གསལ་བ་རྣམས་ཡིག་ཆ་གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཤིང་། བླ་མ་དམ་པའི་ཞལ་གྱི་བདུད་རྩིས་མཛེས་པར་བྱས་ཏེ། ངག་འདོན་བཀླགས་ཆོག་ཏུ་བགྱིས་པའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།


previousགྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་།next