Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ།next

ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ།


JKT008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་གདམས་པ་ཟབ་མོ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་སྟེ། ཁྱབ་བདག་རྡོ་རྗེ་འཆང་དབང་ནས་བཟུང་སྟེ། །དྲིན་ཆེན་རྩ་བའི་བླ་མའི་བར་བྱོན་པའི། །དམར་ཁྲིད་བརྒྱུད་པའི་བླ་མ་ཐམས་ཅད་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ངེས་འབྱུང་སྙིང་རྗེ་བྱང་ཆུབ་སེམས་གཉིས་དང་། །མོས་གུས་བླ་མའི་རྣལ་འབྱོར་མཐར་ཕྱིན་ཞིང་། །བསྐྱེད་རྫོགས་ཟུང་འཇུག་མྱུར་ལམ་ལ་བརྟེན་ནས། །སྐུ་བཞིའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནི། བདག་སོགས་འགྲོ་


JKT008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ། སྤྲོ་ན་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས། །ཡབ་ཡུམ་མཉམ་སྦྱོར་ཐུགས་ཀའི་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་དག །ཤེས་ན་ཡི་གེ་བརྒྱ་པ་དང་། མི་ཤེས་ན། ཨོཾ་བཛྲ་ས་ཏཱ་ཨཱཿ ཅི་ནུས་བཟླ། རྡོར་སེམས་འོད་ཞུ་རང་ལ་གཉིས་མེད་ཐིམ། །བླ་མའི་རྣལ་འབྱོར་ནི། རང་མདུན་ནམ་མཁར་སེང་གེས་བཏེག་པ་ཡི། །རིན་ཆེན་ཁྲི་དང་པད་ཟླ་ཉི་མའི་སྟེང་། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང་། །སྐུ་མདོག་སྔོན་པོ་རྡོར་དྲིལ་ཐུགས་ཀར་བསྣོལ། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་བླ་མ་ཡི་དམ་མཆོག་གསུམ་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །དེ་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་དབུལ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལན་གསུམ། ཞེས་པས་གསོལ་


JKT008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྤྱི་བོའི་བླ་མ་ཉིད། །བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་། །དཔལ་ལྡན་བླ་མའི་གསང་གསུམ་དབྱེར་མེད་གྱུར། །ཅེས་སྤྲོས་བྲལ་གཉུག་མའི་ངང་དུ་མཉམ་པར་གཞག །གཉིས་པ་དངོས་གཞི་བསྐྱེད་རྫོགས་ཟུང་འབྲེལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །པད་ཟླའི་སྟེང་དུ་རང་ཉིད་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གནས་གསུམ་ཨོཾ་དཀར་ཨཱདམར་ཧཱུཾ་མཐིང་ག །ཐུགས་ཀའི་དབུས་སུ་ཟླ་སྟེང་ཧྲིདཀར་པོ། །དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །ཡི་དམ་ལྷ་ཚོགས་འཁོར་བཅས་སྤྱན་དྲངས་ཐིམ། །རང་ཉིད་ཡི་དམ་ཀུན་འདུས་ངོ་བོར་གྱུར། །སླར་ཡང་འོད་འཕྲོས་རྩ་བའི་བླ་མ་ཉིད། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་གྱེན་དུ་འཁྱིལ་བའི་དབུས། །བླ་མ་ཀུན་འདུས་མགོན་པོ་འོད་དཔག་མེད། །རིགས་བདག་ཚུལ་དུ་དགེས་བཞིན་བཞུགས་པར་གྱུར། །ཅེས་ལྷར་སྣང་སྒྱུ་མ་ལྟ་བུ་དང་སེམས་ཉིད་མ་བཅོས་པའི་ངོ་བོ་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་མཉམ་པར་གཞག །བཟླས་པ་བྱ་བ་ནི།


JKT008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་གསུང་གི་བྱིན་རླབས་བསྡུས། །བདག་དང་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་སྐུར། །གསལ་བས་གྲགས་སྟོང་སྔགས་ཀྱི་བཟླས་པ་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་མཐར། བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་གིས། །བདག་སོགས་འགྲོ་ཀུན་བྱིན་གྱིས་བརླབ་ཏུ་གསོལ། །སྣོད་བཅུད་འོད་ཞུ་རང་ཐིམ་འོད་གསལ་ངང་། །ཟུང་འཇུག་ཐུགས་རྗེ་ཆེན་པོའི་རྣམ་པར་གྱུར། །གསུམ་པ་རྗེས་བསྔོ་སྨོན་ཟུང་འབྲེལ་ནི། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། ། འོད་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་ཅི་ཤེས་བྱས་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བས་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་འདུས་པ་སྟོང་ཕྲག་ཐལ་པ་ལ་ལམ་འདིའི་བསྐྱེད་རྫོགས་ཐུན་མོང་ཙམ་བཤད་པའི་སྐབས། བླ་མའི་བྱིན་རླབས་ཀྱིས་བསྐྱངས་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བློ་དམན་རྣམས་ལ་ཕན་པའི་བསམ་པས་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུང་ཇི་ལྟ་བ་བཞིན་མདོར་བསྡུས་ཏེ་བྲིས་པའི་དགེ་བས་འགྲོ་ཀུན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་རྒྱུར་གྱུར་ཅིག།


previousཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ།next