Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད།


JKT008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད་བཞུགས་སོ།། །།


JKT008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པའི་ལོ་རྒྱུས་དང་། །ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་གཉིས། དང་པོ་ལ། བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང་། བླ་མ་བརྒྱུད་པའི་ལོ་རྒྱུས་གཉིས། གཉིས་པ་གདམས་པ་དངོས་ལ། གང་འཁྲིད་པར་བྱ་བའི་གཞི་ངོས་བཟུང་བ་སེམས་ཉིད་འོད་གསལ་བའི་ཡེ་ཤེས། གང་གིས་འཁྲིད་པར་བྱེད་པའི་ལམ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་བསྟན་པ། ལམ་དེ་ཉམས་སུ་བླངས་པའི་གནས་སྐབས་དང་མཐར་ཐུག་འབྲས་བུ་དང་གསུམ་ལས། ས་བཅད་གཉིས་པ་གང་གིས་འཁྲིད་པར་བྱེད་པའི་ལམ་བསྟན་པ་ལའང་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། སྔོན་འགྲོ་


JKT008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། ཐུན་མོང་གི་སྔོན་འགྲོ་ལ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་སྟེ་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ལའང་། རྙེད་པར་དཀའ་བ་བསམ་པ་དང་། ཕན་འདོགས་ཆེ་བར་བསམ་པ་གཉིས། དང་པོ་ལའང་རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་པ། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ། དཔེའི་སྒོ་ནས་རྙེད་པར་དཀའ་བ། ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་བསམ་པའོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་བསམ་པ་ལའང་། དལ་བ་བརྒྱད། འབྱོར་པ་བཅུ་སྟེ། དང་པོ་ནི། ཆོས་བྱེད་པ་ལ་མི་ཁོམ་པའི་གནས་བརྒྱད་དང་བྲལ་


JKT008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་བྱོལ་༣སོང་དང་། ཚེ་རིང་ྋལྷ་དང་ཀླ་ཀློ་༥དང་། ལོག་༦ལྟ་སངས་རྒྱས་ཀྱིས་༧སྟོངས་པ། ལྐུགས་རཔ་འདི་དག་མི་ཁོམས་བརྒྱད། །ཅེས་སོ། །འབྱོར་བ་བཅུ་ལས། རང་འབྱོར་ལྔ་ནི། མིར་༡སྐྱེས་ཡུལ་གྱི་དབུས་༢སུ་སྐྱེས། དབང་པོ་ཚང་༣ཞིང་གནས་ལ་༤དད། །དེ་བཞིན་ལས་མཐའ་༥མ་ལོག་པ། །ཞེས་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་༡བྱོན་དང་དེས་ཆོས་༢གསུངས། །བསྟན་པ་གནས་༣དང་དེ་རྗེས་༤འབྲངས། །གཞན་ཕྱིར་སྙིང་ནི་བརྩེ་༥བའོ། །ཞེས་སོ། །གཉིས་པ་ཕན་འདོགས་ཆེ་བར་བསམ་པ་ལ། །གནས་སྐབས་འདི་ཕྱིའི་བདེ་བ་ཐོབ་པའི་ཕན་ཡོན། །ཐེག་པ་འོག་མའི་རི་མྱང་འདས་ཐོབ་པའི་ཕན་ཡོན། །མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །དོན་གཉིས་པ་འཆི་པ་མི་རྟག་པ་བསམ་པ་ལ། ངེས་པར་འཆི་བར་བསམ་པ། ནམ་འཆི་ཆ་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོག་པ་གང་གིས་ཀྱང་མི་ཕན་པར་བསམ་པའོ།། །།དང་པོ་ལའང་གསུམ་སྟེ། སྐྱེ་ནས་བསྡད་དབང་མེད་པས་ངེས་པར་འཆི་བ། །ལུས་ལ་སྙིང་པོ་མེད་པས་ངེས་པར་འཆི་བ། །ཚེ་ལ་རྟག་པ་མེད་པས་ངེས་པར་འཆི་བར་བསམ་པའོ།། །།གཉིས་པ་ལའང་གསུམ་སྟེ། ཚེ་ཚད་མེད་པས། འཆི་རྐྱེན་མང་བས། གསོན་རྐྱེན་ཉུང་བས་ནམ་འཆི་ངེས་མེད་བསམ་པའོ།། །།གསུམ་


JKT008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའང་གསུམ་སྟེ། འཆི་བའི་ཚེ་ཟས་དང་ནོར་གྱིས་མི་ཕན་པ། གཉེན་དང་འཁོར་གྱིས་མི་ཕན་པ། ཁ་དྲག་སྟོབས་ཤུགས་ཀྱིས་མི་ཕན་པར་བསམ་པའོ།། །།དོན་གསུམ་པ་ལས་རྒྱུ་འབྲས་བསམ་པ་ལ། །མི་དགེ་བའི་ལས་བསམ་ལ་སྤོང་འདོད་བསྐྱེད་པ། །དགེ་བའི་ལས་བསམས་ལ་བསྒྲུབས་འདོད་བསྐྱེད་པ། ལུང་མ་བསྟན་གྱི་ལས་བསམ་ལ་དགེ་བར་བསྒྱུར་བའོ། །དང་པོ་ལ་གསུམ་སྟེ། མི་དགེ་བའི་ལས་བསམ། དེའི་འབྲས་བུ་བསམ། དེ་སྤོང་བར་བསམ་པའོ། །མི་དགེ་བའི་ལས་བསམ་པ་ལའང་བཅུ་སྟེ། ལུས་ཀྱི་ལས་གསུམ། ངག་གི་བཞི་ཡིད་ཀྱི་གསུམ་མོ། །གཉིས་པ་འབྲས་བུ་བསམ་པ་ལ་གསུམ་སྟེ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུའོ། །རྣམ་སྨིན་གྱི་འབྲས་བུ་ནི་ངན་སོང་གསུམ་མོ། །རྒྱུ་མཐུན་གྱི་འབྲས་བུ་ལའང་གཉིས་ཏེ། མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་ནོ། །མྱོང་བ་རྒྱུ་མཐུན་ལ། ཚེ་ཐུང་༡ལོངས་སྤྱོད་ཕོངས་༢པ་དང་། །ཁྱིམ་ཐབས་༣དགྲར་བཅས་བསྐུར་༤པ་མང་། །བཤེས་༥དང་བྱེ་ཞིང་མི་སྙན་༦ཐོས། །ཚིག་མི་བཙུན་༧དང་རེ་བས་༨འཇོམས། །འཇིགས་༩དང་བཅས་ཤིང་ལྟ་ངན་༡༠སྐྱེ། །ཞེས་པ་སྟེ། སྲོག་གཅོད་པ་སོགས་ལ་རིམ་བཞིན་སྦྱར་རོ། །བདག་པོའི་འབྲས་བུ་ལ། ས་ཕྱོགས་གཟི་ཆུང་༡སེར་ཆར་༢མང་། །རྡུལ་འཁྲིག་༣དྲི་ང་༤མཐོ་དམན་


JKT008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༥ཅན། །ཆ་སྒོ་༦ཅན་སོགས་དུས་ལོག་༧དང་། །འབྲས་བུ་ཕྲ་ཁ༧ ༩ཆུང་༡༠ངུའང་མེད། །ཅེས་པ་སྟེ་རིམ་བཞིན་སྦྱར་རོ། །གཉིས་པ་དགེ་བའི་ལས་བསམ་པ་ལའང་གསུམ་སྟེ། དགེ་བའི་ལས་བསམ་པ། དེའི་འབྲས་བུ་བསམ་པ། དེ་བསྒྲུབ་པར་བསམ་པའོ། །དང་པོ་ལའང་། མི་དགེ་བའི་ལྡོག་ཕྱོགས་སུ་གྱུར་པའི་དགེ་བ་བཅུའོ། །གཉིས་པ་ལའང་། རྣམ་སྨིན་གྱི་འབྲས་བུ་སོགས་གསུམ་སྟེ། རྣམ་སྨིན་གྱི་འབྲས་བུ་ནི་མཐོ་རིས་གསུམ་དང་། མྱོང་བ་རྒྱུ་མཐུན་སོགས་མི་དགེ་བའི་འབྲས་བུ་ལས་ལྡོག་ནས་འབྱུང་བའོ། །གསུམ་པ་ལུང་མ་བསྟན་གྱི་ལས་བསམ་པ་ལའང་གསུམ་སྟེ། ལུང་མ་བསྟན་གྱི་ལས་བསམ་པ། དེའི་འབྲས་བུ་མེད་པར་བསམ་པ། དེ་དགེ་བར་བསྒྱུར་བར་བསམ་པའོ། །དོན་བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལའང་གཉིས་སྟེ། འཁོར་བ་སྤྱིའི་ཉེས་དམིགས་བསམ་པ་དང་། བྱེ་བྲག་གི་ཉེས་དམིགས་བསམ་པའོ། །བྱེ་བྲག་གི་ཉེས་དམིགས་བསམ་པ་ལའང་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལའང་གསུམ་སྟེ། དམྱལ་བའི། ཡི་དྭགས་ཀྱི། དུད་འགྲོའི་སྡུག་བསྔལ་བསམ་པའོ། །དམྱལ་བ་ལའང་ཆུ་༡བུར་ཆུ་བུར་བརྡོལ་༢བར་དང་། །ཨ་༣ཆུ་ཀྱི་ཧུད་༤སོ་ཐོ་དང་། །ཨུཏྤལ་༦པདྨ་༧པད་ཆེར་གས་ར། །ཞེས་གྲང་


JKT008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བརྒྱད་དང་། །ཡང་སོས་༡ཐིག་ནག་༢བསྡུས་འཇོམས་༣དང་། །ངུ་༤འབོད་ངུ་འབོད་ཆེན་པོ་དང་། །ཚ་༦བ་རབ་ཚ་༧མནར་༨མེད་བརྒྱད། །ཅེས་ཚ་དམྱལ་བརྒྱད་དང་། མེ་༡མུར་རོ་མྱག་༢སྤུ་གྲིའི་ལམ་༣། །རལ་གྲི་༤ཤ་མ་ལི་༥དང་༦ཆུ། །ཞེས་ཉེ་འཁོར་བ་དྲུག་དང་། །ཟངས་མོ་ཆེར་འཚོད་ཐོ་ལུམ་ཟ། །ཁྲོ་ཆུ་འཐུང་དང་ལྕེར་རྨོས་རྨོད། །ལྟེབ་མར་འདྲིལ་དང་འཁྱུར་མོས་བསྡོམས། ། ལྕགས་བསྲེགས་བྱེ་མར་རྗོད་སོགས་སོ། །ཞེས་པས་མཚོན་ཉི་ཚེའི་དམྱལ་བ་རིགས་བསམ་གྱིས་མི་ཁྱབ་པའོ། །ཡི་དྭགས་ལའང་། བྱིངས་གནས་དང་། ཁ་འཐོར་བ་གཉིས། བྱིངས་གནས་ལའང་། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནོ། །དུད་འགྲོ་ལའང་། བྱིང་གནས་དང་། ཁ་འཐོར་བ་གཉིས་སོ། །གཉིས་པ་འགྱུར་པའི་སྡུག་བསྔལ་བསམ་པ་ལ། མི་དང་། ལྷ་མ་ཡིན་དང་། ཁམས་འོག་མའི་ལྷ་རྣམས་ཀྱི་སྡུག་བསྔལ་བསམ་པའོ། །གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་ནི། ཁམས་གོང་མའི་ལྷ་རྣམས་ཀྱི་སྡུག་བསྔལ་བསམ་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། །ལམ་ལོག་པ་མུ་སྟེགས་བྱེད་ལས་ཁྱད་པར་བྱ་བ་སྐྱབས་འགྲོ། །དམན་པ་ཉན་རང་ལས་ཁྱད་པར་དུ་བྱ་བ་སེམས་བསྐྱེད། །འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་


JKT008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བཟླས། །མཐུན་རྐྱེན་ཚོགས་རྫོགས་ཅིང་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་དང་། བཞི་ལས། དང་པོ་ལའང་གང་གིས་སྐྱབས་སུ་འགྲོ་བའི་རྒྱུ། །གང་ལ་སྐྱབས་སུ་འགྲོ་བའི་ཡུལ། །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན། །ཕན་ཡོན་དེ་ལྡན་གྱི་བསླབ་བྱ་སྟེ། །རྒྱུ་༡ཡུལ་༢ཚུལ་དང་༣ཕན་ཡོན་དང་། །བསླབ་བྱ་རྣམ་པ་ལྔ་ཡིས་བསྡུས། ། ༧ ཞེས་སོ། །དེ་ལ་རྒྱུ་ནི་འཇིག་པ། དད་པ། སྙིང་རྗེ་གསུམ་མོ། །དད་པ་ལའང་། དྭངས་འདོད་ཡིད་ཆེས་གསུམ་མོ། །ཡུལ་ནི། བླ་མ་དང་དཀོན་མཆོག་གསུམ་མོ། །ཚུལ་ནི། བླ་མ་ལ་འདྲེན་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཀྱི་ཚུལ་དུ་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་འགྲོ་བའོ། །ཕན་ཡོན་ནི། གནས་སྐབས་དང་། མཐར་ཐུག་གོ །བསླབ་བྱ་ལ། སྤང་བྱ་གསུམ། །བསླབ་བྱ་གསུམ། ཆ་མཐུན་དང་བཅས་པའོ། །གཉིས་པ་སེམས་བསྐྱེད་ལ་གསུམ་སྟེ། །གཞན་ལ་ཕན་པར་འདོད་པའི་བྱམས་པ་བསྒོམ་པ། །གཞན་གྱི་སྡུག་བསྔལ་བསལ་འདོད་སྙིང་རྗེ་བསྒོམ་པ། །གཞན་ཕྱིར་སངས་རྒྱས་འདོད་པའི་བྱང་སེམས་བསྒོམ་པའོ། །བྱམས་པ་བསྒོམ་པ་ལའང་། །དང་པོར་སྐྱེ་སླ་བ་མ་དང་། །བར་དུ་སྐྱེ་བར་དཀའ་བ་དགྲ་དང་། །ཐ་མར་སེམས་ཅན་ཀུན་ལ་བྱམས་པ་


JKT008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །དེ་རེ་རེ་ལའང་། མར་ཤེས་པ་དང་། དྲིན་དྲན་པ། དྲིན་ལན་དུ་བྱམས་པ་བསྒོམ་པའོ། །བྱམས་པ་བསྒོམ་པ་དངོས་ལའང་། འདུན་པ། སེམས་བསྐྱེད། སྨོན་ལམ། གསོལ་འདེབས་དང་འབྲེལ་བ་བཞིའོ། །སྙིང་རྗེ་བསྒོམ་པ་ལའང་ས་བཅད་སྔར་བཞིན་སྦྱར་རོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ལའང་། ཀུན་རྫོབ་དང་། དོན་དམ་གྱི་བྱང་སེམས་བསྒོམ་པ་གཉིས། ཀུན་རྫོབ་བྱང་སེམས་བསྒོམ་པ་ལ། སྨོན་པ་དང་འཇུག་པའི་བྱང་སེམས་གཉིས། འཇུག་པ་བྱང་སེམས་ལ། བདག་གཞན་མཉམ་པ་བསྒོམ་པ། བརྗེ་བ་བསྒོམ་པ། དེ་དག་གི་སྤྱོད་པ་ལ་བསླབ་པ་སྟེ་གསུམ། དེ་དག་གི་སྤྱོད་པ་ལ་བསླབ་པ་ལའང་གསུམ་སྟེ། རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པ། རང་སྨིན་བྱེད་ཕར་ཕྱིན་དྲུག་དང་། གཞན་སྨིན་བྱེད་བསྡུ་དངོས་བཞི་ལ་བསླབ་པའོ། །དོན་དམ་བྱང་སེམས་བསྒོམ་པ་ལའང་གསུམ་སྟེ། ཞི་གནས་དང་། ལྷག་མཐོང་དང་། ཟུང་འཇུག་ཏུ་བསྒོམ་པའོ། །འདི་ཡན་གྱི་རྣམ་བཞག་རྒྱས་པ་ནི་སྣང་གསུམ་མཛེས་རྒྱན་སོགས་ལས་ཤེས་པར་བྱའོ། །གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་གསུམ་སྟེ། ལྷ་བསྒོམ་པ། སྔགས་བཟླ་བ། བཤགས་སྡོམ་བྱ་བའོ། །དེ་ཡང་སྤྱིར་བཤགས་པ་ལ་སྟོབས་བཞི་སྟེ། རྟེན་གྱི་སྟོབས་རྡོར་སེམས་ཡབ་ཡུམ། རྣམ་པར་འགྱོད་སེམས་སུན་འབྱིན་པའི་སྟོབས།


JKT008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཀུན་ཏུ་སྤྱོད་པའི་སྡོམ་སེམས་སྟོབས། ཉེས་པ་སོར་ཆུད་དག་ངེས་སྙམ་པ་པའི་སྟོབས་སོ། །བཞི་པ་བླ་མའི་རྣལ་འབྱོར་མཎྜལ་དང་བཅས་པ་ལ་གཉིས་ཏེ། བླ་མའི་རྣལ་འབྱོར་བསྒོམ་དགོས་པའི་རྒྱུ་མཚན་དང་། ཇི་ལྟར་བསྒོམ་པའི་ཚུལ་ལོ། །ཇི་ལྟར་བསྒོམ་པའི་ཚུལ་ལའང་། སྤྱིར་ཁྲོམ་ཚོགས་སུ་བསྒོམ་པ། ཐོ་བརྩེགས་སུ་བསྒོམ་པ། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་སྟེ་གསུམ་ལས། འདིར་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་ལའང་བཞི་སྟེ། སྦྱོར་བ་ཚོགས་ཞིང་གསལ་བཏབ་པ། དངོས་གཞི་ཚོགས་རྫོགས་པའི་ཕྱིར་མཎྜལ་འབུལ་བ། བྱིན་རླབས་འཇུག་པའི་ཕྱིར་གསོལ་བ་གདབ་པ། རྗེས་དབང་བླངས་ཤིང་དེ་ཁོ་ན་ཉིད་ལ་མཉམ་པར་གཞག་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང་། མཉམ་གཞག་ལས་ལངས་པའི་རྣལ་འབྱོར་རོ། །དང་པོ་ལའང་གསུམ་སྟེ། རྟེན་བསྐྱེད་པའི་རིམ་དང་། བརྟེན་པ་རྫོགས་པའི་རིམ་པ་ལམ་གྱི་ཡན་ལག་འཕོ་བའི་རྣལ་འབྱོར་རོ། །དང་པོ་རྟེན་བསྐྱེད་པའི་རིམ་པ་ལ་གཉིས་ཏེ། །བྱ་བ་ཅན་གྱི་བསྐྱེད་རིམ་དང་། །བྱེད་པ་ཅན་གྱི་བསྐྱེད་རིམ་མོ། །དང་པོ་བྱ་བ་ཅན་གྱི་བསྐྱེད་རིམ་ལའང་བསྙེན་སྒྲུབ་ཡན་ལག་གཞི་སྟེ། དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཉེ་བར་སྒྲུབ་པའི་ཡན་ལག །


JKT008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་བསྒྲུབ་པའི་ཡན་ལག །དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ལའང་གསུམ་སྟེ། རྒྱས་པར་མངོན་བྱང་ལྔ་སྟོང་བ་ཉིད་ལ་བསྐྱེད། བདག་པད་ཟླ་ལ། གསུང་ཡིག་འབྲུ་ལ། ཐུགས་ཕྱག་མཚན་ལ། སྐུ་ཡོངས་རྫོགས་ལ། བྱང་ཆུབ་པའོ། །མཆན། འབྲིང་ས་བོན་སྤྲོ་བསྡུ་ལས་བསྐྱེད་པ། བསྡུས་པ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའོ། །གཉིས་པ་བྱེད་པ་ཅན་གྱི་བསྐྱེད་རིམ་ནི་སེམས་འཛིན་གྱི་རིམ་པ་སྟེ། དེ་ལའང་། ང་རྒྱལ་ལ་སེམས་འཛིན་པ་དང་། །རྣམ་པ་ལ་སེམས་འཛིན་པ་གཉིས། །རྣམ་པ་ལ་སེམས་འཛིན་པ་ལའང་། །རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། །བྱེ་བྲག་ལ་སེམས་འཛིན་པ་གཉིས། །བྱེ་བྲག་ལ་སེམས་འཛིན་པ་ལའང་། །རྒྱན་མེད་སེམས་འཛིན་པ་དང་། རྒྱན་ཅན་ལ་སེམས་འཛིན་པ་གཉིས་སོ། །ཞར་བྱུང་བཟླས་པའི་རྣལ་འབྱོར་ལ་གསུམ་སྟེ། སྔགས་ཕྲེང་གསལ་གདབ་པ་འོད་ཟེར་སྤྲོ་བསྡུ་ལ་བསླབ་པ། གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱའོ། །གཉིས་པ་བརྟེན་པ་རྫོགས་པའི་རིམ་པ་ལ་གཉིས་ཏེ། །སྔོན་འགྲོ་མཚན་བཅས་ཀྱི་རྫོགས་རིམ་དང་། །དངོས་གཞི་མཚན་མེད་ཀྱི་རྫོགས་རིམ་མོ། །དང་པོ་ལའང་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལའང་ལུས་ཀྱི་


JKT008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཆོས་བདུན་འཆིང་བ་དང་། དམིགས་པའི་གནད་སྟོང་པར་གསལ་བའོ། །དངོས་གཞི་ནི་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྟེ། །དེ་ལའང་རགས་པ་ཡིག་འབྲུ་ལ་བསླབ་པ། །ཕྲ་བ་ཁ་དོག་ལ་བསླབ་པ། །ཤིན་ཏུ་ཕྲ་བ་སྒྲ་ལ་བསླབ་པའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་བསླབ་པ་ལ་བཞི་སྟེ། ལུས་ཀྱི་གནད་འཆིང་བ། སེམས་ཀྱི་གཞག་ཐབས་བསྟན་པ། དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བ། རྗེས་ངོ་སྤྲོད་ཀྱིས་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། ལུས་གནད་རྣམ་སྣང་ཆོས་བདུན་ནོ། །གཉིས་པ་གཞག་ཐབས་ལ་གསུམ་སྟེ། །དང་པོ་སྒྲིམ་པ་ལ་མཁས་པ་རལ་སྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ། །བར་དུ་ཀློད་པ་ལ་མཁས་པ་གླང་རྫི་མཁས་པས་གླང་པོ་ཆེ་སྐྱོང་བ་ལྟ་བུ། །ཐ་མ་གཏོང་བ་ལ་མཁས་པ་རྫོང་ཐོག་ལ་བྱ་འཕུར་བའི་དཔེ་ལ་བསླབ་པའོ། །གསུམ་པ་ཉམས་ངོས་བཟུང་བ་ལ་ལྔ་སྟེ། །ཉམས་དང་པོ་རི་གཟར་གྱི་འབབས་ཆུ་གཡོ་བ་ལྟ་བུ། །གཉིས་པ་རོང་ཐོབ་པ་ཁུང་དོག་མོའི་ཆུ་ལྟ་བུ། །གསུམ་པ་ལུང་པ་ཕུ་གོམས་པ་གསུམ་གྱི་ཆུ་ལྟ་བུ། །བཞི་པ་མཚོ་རླབས་བརྟན་པ་དང་བཅས་པ་ལྟ་བུ། །ལྔ་པ་མཚོ་མཐར་ཕྱིན་པ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའོ། །བཞི་པ་ངོ་སྤྲོད་པའི་ཚུལ་ལ་བཞི་སྟེ། །གཞི་མ་བཅོས་གཉུག་མའི་ལྟ་བ། ལམ་སྤྲོ་བསྡུ་མེད་པ་ཞི་ལྷག་ཟུང་འཇུག་གི་བསྒོམ་པ།


JKT008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད་པ་རང་གྲོལ་གྱི་བསམ་གཏན་མ་ཡེངས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལམ་སྟེ། །ལྟ་བསྒོམ་སྤྱོད་འབྲས་བཞིས་བསྡུས་པའོ། །གསུམ་པ་ལམ་གྱི་ཡན་ལག་འཕོ་བ་ལ་གཉིས་ཏེ། །འཕོ་བའི་རྣལ་འབྱོར་དངོས་དང་། །མ་ཐེབ་ན་བར་དོ་ལམ་དུ་ཁྱེར་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ་སྦྱང་བ་དང་། །ལས་ལ་སྦྱར་བའོ། །དང་པོ་སྦྱང་བ་ལའང་གཉིས་ཏེ། སྦྱོང་བ་དངོས་དང་། མ་གྲུབ་ན་སྤོག་པའི་དམིགས་པའོ། །དང་པོ་ལའང་བཞི་སྟེ། གང་ནས་འཕོ་བའི་ལམ་རྩྭ་གསལ་གདབ་པ། །གང་དུ་འཕོ་བའི་ཡུལ་གསལ་གདབ་པ། བླ་མ། གང་འཕོ་བའི་རླུང་སེམས་ཀྱི་ཐིག་ལེ་གསལ་གདབ་པ། །ཇི་ལྟར་འཕོ་བའི་དམིགས་པའི་སྦྱོར་དངོས་རྗེས་གསུམ་རྟེན་གོམས་པ་ལ་བསླབ་པའོ། །དེ་ལའང་འདུ་ཤེས་གསུམ་སྟེ། རྩ་དབུ་མ་ལམ་གྱི་འདུ་ཤེས། །རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། །བླ་མའི་ཐུགས་དཀར་འཕོ་བའི་འདུ་ཤེས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས་ཏེ། །འཆི་བ་རིམ་གྱིས་པ་ལ་རིམ་གྱིས་དང་། །གཅིག་ཅར་བ་ལ་བཙན་ཐབས་སུ་ལས་ལ་སྦྱར་བའོ། །དང་པོ་ལའང་གསུམ་སྟེ། །སྦྱོར་བ་ཞེན་པ་སྤོང་བ། །དངོས་གཞི་དམིགས་པ་གསལ་བ། །རྗེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་གཞག་པའོ། །གཉིས་པ་བར་དོ་འོད་གསལ་གྱི་རྣལ་འབྱོར་ལ་གཉིས་ཏེ། སྦྱང་བའི་ཚུལ་


JKT008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལས་ལ་སྦྱར་བའི་ཚུལ་ལོ། །དོན་གཉིས་པ་མཉམ་གཞག་ལས་ལངས་པའི་རྣལ་འབྱོར་ལ་གཉིས་ཏེ། ཁྱད་པར་གྱི་རྣལ་འབྱོར་དྲུག་དང་། ཐུན་མོང་། ཁྱེར་སོ་གསུམ་མོ། །དང་པོ་ནི། ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར། །བཟའ་བ་ཟས་ཀྱི་རྣལ་འབྱོར། །བགོ་བ་གོས་ཀྱི་རྣལ་འབྱོར། །ཉལ་བ་གཉིད་ཀྱི་རྣལ་འབྱོར། །རྨི་ལམ་སྤྲུལ་བསྒྱུར་གྱི་རྣལ་འབྱོར། །ཐོ་རངས་ལྡང་བའི་རྣལ་འབྱོར་རོ། །གཉིས་པ་ནི་སྣང་བ་སྐུའི་ཁྱེར་སོ། །གྲགས་པ་གསུང་གི་ཁྱེར་སོ། །དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་རྣམས་སོ། །དེ་རྣམས་ལས་གཉིད་ཀྱི་རྣལ་འབྱོར་ལ་གཉིས་ཏེ། མཚན་བཅས་དང་། མཚན་མེད་གཉིས་སོ། །དེ་ལས་སྐྱེས་པའི་འོད་གསལ་ལའང་། །ཉམས་ཀྱི་འོད་གསལ་དང་། །རྟོགས་པའི་འོད་གསལ་ལོ། །རྨི་ལམ་གྱི་རྣལ་འབྱོར་ལའང་བཞི་སྟེ། བཟུང་བ་དང་། སྦྱང་བ་དང་། སྤེལ་བ་དང་། སྤྲུལ་བསྒྱུར་གྱི་རྣལ་འབྱོར་རོ། །ལྡང་བའི་རྣལ་འབྱོར་ལའང་གཉིས་ཏེ། །མཚན་བཅས་ཀྱི་ངང་ནས་ཉལ་བའི་ལྡང་ལུགས་དང་། །མཚན་མེད་ཀྱི་ངང་ནས་ཉལ་བའི་ལྡང་ལུགས་སོ། །གསུམ་པ་རྗེས་ནི། བསྔོ་བ་དང་སྨོན་ལམ་ཟུང་དུ་འབྲེལ་བའོ། །སྤྱི་དོན་གསུམ་པ་ལམ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། །གནས་སྐབས་ཀྱི་འབྲས་བུ་དང་། །མཐར་ཐུག་གི་འབྲས་བུའོ། །དེ་རྣམས་ཕལ་ཆེར་ཐམས་ཅད་ཀྱང་། རེ་རེའང་


JKT008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་རྒྱས་བཤད་དོན་བསྡུས་གསུམ། ཞེས་པས་དམིགས་རྐང་རེ་རེ་བཞིན་དུ་ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ། །ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་རྒྱས་པར་བཤད་པ་དཔྱད་དོན་ཉམས་སུ་ལེན་པའི་ཚུལ་གྱིས་དོན་བསྡུ་བའོ།། །།ཇི་སྐད་བཤད་པ་རྣམས་སླར་ཡང་ཚིགས་སུ་བཅད་པས་མདོར་བསྡུ་ན། བོད་ཀྱི་གྲུབ་ཆེན་ཚེམ་བུ་པས། །བཀྲལ་བའི་འཕགས་མཆོག་ལམ་རིམ་ལ། །ལོ་རྒྱུས་དང་ནི་གདམས་པ་གཉིས། །ཕྱི་མའང་གཞི་ལམ་འབྲས་གསུམ་ལས། །གཞི་ནི་སེམས་ཉིད་འོད་གསལ་བ། །ལམ་ལ་སྔོན་འགྲོ་དངོས་གཞི་རྗེས། །སྔོན་འགྲོ་ཐུན་མོང་ཁྱད་པར་གཉིས། །དངོས་གཞི་མཉམ་གཞག་རྗེས་ཐོབ་སྟེ། །མཉམ་གཞག་བསྐྱེད་རྫོགས་བར་དོ་གསུམ། །རྗེས་ཐོབ་ཁྱད་པར་ཐུན་མོང་གཉིས། །ཁྱད་པར་སྤྱོད་ལམ་ཟས་གོས་དང་། །གཉིས་དང་རྨི་ལམ་ལྡང་བའོ། །ཐུན་མོང་ཁྱེར་སོ་གསུམ་ཡིན་ཏེ། །རྗེས་ནི་བསྔོ་སྨོན་ཟུང་དུ་འབྲེལ། །འབྲས་བུ་མཆོག་དང་ཐུན་མོང་ངོ་། །ཞེས་པའང་དགེ་སློང་དྷརྨ་བྷ་དྲའི་ཆེད་དུ་མཉྫགྷོ་ཥས་བྲིས་པའོ།། །།དགེ་ལེགས་འཕེལ་ལོ།། །།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་ས་བཅད།next