Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
མཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི།next

མཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི།


JKT008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོའི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དབུལ་ལོ། །གྲངས་གསོག་ལྟ་བུའི་སྐབས། དེ་ཉིད་ཤིན་ཏུ་བསྡུས་པ་ཚིགས་བཅད་དུ་བསྡེབས་པ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ། གང་ལྟར་ཡང་མཐར་མཎྜལ་གྱི་སྔགས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཀྱང་བརྗོད་དོ། ། །སྒྲུབ་པའི་མཎྜལ་རྡུལ་མཚོན་གྱིས་བྲི་བ་ཕྱག་ལེན་དུ་མཛད་པས་དེ་ལྟར་ལག་ལེན་དུ་ཐེབས་པ་ཤིན་ཏུ་གལ་ཆེ།


JKT008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཀྱང་རི་ཁྲོད་ལྟ་བུར་རྡུལ་ཚོན་མ་འཛོམ་ན་མེ་ཏོག་གི་ཚོམ་བུ་དགོད་ནའང་རུང་བས། དེ་ལྟར་ན་རྗེས་ཆོག་གི་སྐབས་རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པའི་མལ་དུ། ཚོམ་བུའི་དཀྱིལ་འཁོར་ཞེས་བསྒྱུར་བ་མ་གཏོགས་འདྲ། ཡང་འགལ་ཞིག་གིས་རས་བྲིས་དགྲམ་པར་མཛད་པས་དེ་ལྟར་ན་རྣམ་པ་ཀུན་ཏུ་བརྟན་བཞུགས་བྱ་བར་སྐབས་སུ་བབ་པས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་རས་བྲིས་ཀྱི་དཀྱིལ་འཁོར་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛེ་སྭཱ་ཧཱ། ཞེས་དང་མེ་ཏོག་འཐོར་ཞིང་བཞུགས་སུ་གསོལ་ལོ།། །།ཨོཾ་མ་ཎི་པདྨེ་ཧཱུཾ།


previousམཎྜལ་བསྡུས་པ་ཚོམ་བུ་བདུན་པ་ནི།next