Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ།
   
   
   
   
   
   
   
   


 
previousདཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ།next

དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ།


JKT008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ་ཞེས་བྱ་བ་བཞུགས་སོ། །


JKT008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། བཅོམ་ལྡན་མ་ཧཱ་མཱ་ཡཱ་དང་། །དབྱེར་མེད་ཁྱབ་བདག་བླ་མའི་ཞབས། །སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །བྱིན་རླབས་ཆོ་ག་ཅུང་ཟད་འབྲི༑ །འདི་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་ཁར་མཎྜ་ལར་ཆོས་འབྱུང་དམར་པོ་གྲུ་གསུམ་གྱི་དབུས་སུ་ཐིག་ལེ་དཀར་པོ་ཡོད་པ་ཞིག་འབྲི། མཆོད་པ་དང་གཏོར་མ་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་དང་། གཏོར་འབུལ། ཡིད་མཆོད་རྣམས་གཞུང་ལྟར་བྱ། མཎྜལ་ནི་དབང་བཞི་པའི་བརྡ་དོན་ངོ་སྤྲོད་པའི་ཆེད་དུ་བཤམ་པ་ལས་ལྷ་བསྐྱེད་པ་སོགས་མི་དགོས་སོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་


JKT008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་གསལ་འདེབས་སོགས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་རྣལ་འབྱོར་བླ་མེད་མ་རྒྱུད་སྒོ་དྲུག་གི་ཡ་གྱལ་ཧེ་རུ་ཀའི་རིགས་དཔལ་མ་ཧཱ་མཱ་ཡཱ་ལ་འཕགས་ཡུལ་དུ་གཙོ་བོར་གྲུབ་པའི་སློབ་དཔོན་ཆེན་པོ་ཀུཀྟརི་པས་ལེགས་པར་བཀྲལ་ཞིང་། གཞན་ཡང་སློབ་དཔོན་འདུལ་བས་བྱིན་དང་། རིན་ཆེན་འབྱུང་གནས་ཞི་བ་སོགས་ཀྱིས་ཀྱང་བཀའ་སྲོལ་མི་འདྲ་བ་རེ་རེ་དར་བར་མཛད་པ་དང་། གངས་ཅན་གྱི་ལྗོངས་འདིར་ཇོ་བོ་རྗེ་དང་། མར་འགོས་རྣམ་གཉིས་ཀྱིས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པས་མཚོན་དར་རྒྱས་སུ་གྱུར་པ་ལས། འདིར་གྲུབ་ཆེན་ཀུཀྵརི་པ་ལས་སློབ་དཔོན་དྷརྨ་པས་གསན། དེ་ལས་གྲུབ་ཐོབ་བྱཱ་ད་ལི་


JKT008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསན་ནས་སྒྲུབ་ཐབས་དྲན་པ་གཅིག་པའི་རྣལ་འབྱོར་མཛད་པ་ནས་རིམ་པར་བརྒྱུད་དེ། གྲུབ་ཆེན་ཞི་བའི་ཞབས་ཡབ་སྲས་ཀྱི་ཐུགས་དམ། མཁས་གྲུབ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བཀའ་བབས་པའི་དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་སློབ་དཔོན་གྱི་སྙིང་གའི་ཧཱིའི་འོད་ཀྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕོ་ཞེས་པས་སྤྱན་དྲངས་པ་ལ། ཡིད་ཀྱིས་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པས་མཆོད་པའི་མོས་པ་སྔོན་དུ་འགྲོ་བས་སྡིག་པ་བཤགས་པ་ལ་སོགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །དཀོན་མཆོག་གསུམ་ལ་སོགས། དངོས་གཞི་བུམ་པའི་དབང་གི་སླད་དུ། ཨོ་ཤཱནྱ་ཏཱ་ནས། ཧཱུྃ་ཞེས་པའི་དོན་གཟུང་འཛིན་གཉིས་ཀྱིས་སྟོང་པ་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་དུ་ཅུང་


JKT008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རེ་མཉམ་པར་འཇོག་མཛོད། དེའི་ངང་ལས་རང་རང་གི་མདུན་དུ་ཧཱུྃ་ཡིག་ལས་སྣོད་ཀྱི་འཇིག་རྟེན་སོགས་ནས། མཆོད་པ་ཕུལ་བས་དེ་ཉིད་རང་རང་གི་སྙིང་ནང་དུ་ཐིམ་པས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་སྒྱུ་འཕྲུལ་ཆེན་མོ་ནས། རྒྱན་དང་བཅས་པའི་སྐུར་ལམ་སྟེ་གྱུར་པའི་མགྲིན་པར་ཨཱནས་ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་ཉི་ཁ་སྦྱོར་གྱི་བར་དུ་ཧཱི༔ཡིག་སྔོན་པོ་གསང་སྔགས་ཀྱི་རང་སྒྲ་སྒྲོག་པ་ལ་རྩེ་གཅིག་ཏུ་སེམས་གཏད་ནས་སྔགས་འདི་གསུང་བར་ཞུ། ཨོཾ་ཨཱཙྪཱཧཱིཧཱུཾ། ཨོཾ་ཨཱༀ་ཧཱུཾ། ཞེས་ཇི་ལྟར་རིགས་པ་བཟླར་གཞུག །དེ་ནི་བུམ་པའི་དབང་གི་ངོ་བོའོ། །གསང་དབང་གི་སླད་དུ། རང་རང་གི་སྙིང་གར་ཉི་ཟླ་ཁ་སྦྱོར་རྒྱ་སྲན་ཙམ་པའི་དབུས་སུ། ཐིག་ལེ་ཡུངས་འབྲུ་ཙམ་ལ་སེམས་གཏད་དེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། །དེ་ལྟར་བཞག་པས་གནས་ལུགས་བརྗོད་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་བའི་དབང་གི་ངོ་བོའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། ཁྱེད་རང་རྣམས་ཕྱི་དབྱིབས་ཀྱི་ལུས་དཔལ་སྒྱུ་འཕྲུལ་ཆེན་མོར་གསལ་བཞིན་པའི་ལྟེ་བའི་ཨ་ཡིག་ལ་སེམས་གཏད་པས། དེ་ལས་མེ་དམར་ཁྱུག་གིས་འབར། སྤྱི་བོའི་ཧཾ་ལ་རེག་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་ལུས་ཁྱབ་པར་མོས་ཏེ་རླུང་ཁ་སྦྱར་དུ་བཟུང་ལ་ཅུང་


JKT008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རེ་མཉམ་པར་འཇོག་མཛོད། དེ་ལས་བདེ་སྟོང་གི་ཉམས་སྐྱེས་པ་ནི་དབང་གསུམ་པའི་ངོ་བོའོ། །དབང་བཞི་པ་ནི། བརྡ་ལ་བརྟེན་ནས་དོན་ངོ་སྤྲད་པ་སྟེ། མདུན་དུ་བཤམས་པའི་མཎྜལ་གྱི་ཆོས་འབྱུང་དམར་པོ་འདི་ནི་དབྱིངས་སྤྲོས་བྲལ། དེའི་དབུས་སུ་ཐིག་ལེ་དཀར་པོ་ནི་རིག་པ་བདེ་བ་ཆེན་པོའི་བརྡའོ། །དེ་ལྟར་ངོ་སྤྲད་པས་སེམས་ཉིད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དབྱིངས་དང་རིག་པ་དབྱེར་མེད་དུ་མཚོན་པ་ནི་དབང་བཞི་པའི་ངོ་བོའོ། །དེས་བྱིན་རླབས་ཀྱི་དངོས་གཞི་གྲུབ་ནས། མཇུག་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་རྗེས་ཆོག་གི་བྱ་བ་ཅིའང་མི་དགོས་སོ། །དྲན་པས་ལྷན་ཅིག་སྐྱེས་པ་ཡི། །བདེ་ཆེན་འོད་གསལ་འཆར་བའི་ལམ། །བྱིན་རླབས་རིམ་པ་འདི་བགྱིས་པས། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག །ཅེས་པའང་རང་འདྲའི་བློ་དམན་རྣམས་ལ་ཉེ་བར་མཁོ་བའི་ཆེད་དུ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་བཀླག་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཐེ་ཡོ་བྷ་བ་ཏུ།།


previousདཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་ཀྱི་ཆོ་ག་འོད་གསལ་འཆར་བ།next