Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན།
   
   
   


 
previousསེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན།next

སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན།


JKT008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ནགས་རིན་ལུགས། སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ།། །།


JKT008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །ཁམས་གསུམ་དབང་བྱེད་མཆིལ་པ་རྣོན་པོ་དང་། །ཕྱིར་ཟློག་རྡོ་རྗེའི་མཚོན་ཆ་རབ་འབར་བ། །ལྷ་སྔགས་དབྱེར་མེད་སེང་གདོང་ཌཱ་ཀི་ནཱིར། །བཏུད་ནས་མཁའ་འགྲོ་དགྱེས་པའི་དབྱངས་སྙན་ལེན། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་སུ་གནང་བ། ལས་ཀྱི་ཚོགས་སོ། །དང་པོ་ནི། དབང་དང་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་མཁའ་འགྲོ་མ་སེང་གེའི་གདོང་ཅན་དུ་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃལས་འོད་ཟེར་འཕྲོས་པས་མཁའ་འགྲོ་མ་སེང་གེའི་གདོང་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་


JKT008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་པུལླེ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུད་སྦྱངས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷ་རྨསྭ་བྷ་ཝ་ཤུདྡྷོཉ་ཧཾ། བདག་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། རྩེ་མོ་ཕྲ་བ་ཐུར་དུ་བསྟན་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་རྡོ་རྗེའི་རྭ་བ་དང་། ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པས་བསྐོར་བའི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ཉི་མའི་


JKT008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་། རུ་དྲ་ཕོ་མོ་གན་རྐྱལ་དུ་བསྣོལ་བའི་སྟེང་དུ་རང་གི་སེམས་ཧཱི༔དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཧྲིལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གཡོན་པའི་གྲུ་མོ་ན་ཁ་ཊཾ་ག་དང་བཅས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་བགྲད་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཧྲཱིཿདམར་པོ། ཕོ། ཐུགས་ཀའི་ཧཱིཝལས་འོད་ཟེར་འཕྲོས་པས་ཨུརླན་མཁའ་འགྲོའི་གླིང་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན། ཨོ་སི་ཧ་མུ་ཁཱ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་


JKT008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། སྐུ་མདོག་དམར་མོ་དགྱེས་པའི་ཉམས་ལྡན་མ། །བདེ་བའི་ཉམས་ལྡན་དགྱེས་པའི་འཛུམ་ལྡན་མ། །ཐར་པའི་ལམ་སྟོན་མཆོག་གི་དངོས་གྲུབ་སྟེར། །མུ་སྟེགས་ཚར་གཅོད་དྲག་སྔགས་འབྲུག་ལྟར་སྒྲོགས། །སྔགས་ཀྱི་ཡིག་འབྲུས་མཁའ་འགྲོ་དབང་དུ་སྡུད། །སངས་རྒྱས་བསྟན་སྲུང་དྲག་པོའི་སྤྱོད་པ་མཛད། །རྣལ་འབྱོར་བར་ཆད་ཟློག་ལ་རབ་བརྩོན་མ། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཕོ། སླར་ཡང་ཐུགས་ཀའི་ཧཱི༔ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བྱོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། - སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། བཟླས་པ་ནི། རང་གི་སྙིང་ཁོང་སྟོང་གི་ཡིག་རྙིང་དུ། པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི༔དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟར་གཡས་སྐོར་དུ་འཁོར་བ། ཞེས་གསུངས། དབུས་སུ་པདྨ་དམར་པོ་འདབ་མ་བཅུ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་


JKT008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧཱི འདབ་མ་རྣམས་ལ་སྔགས་ཀྱིས་བསྐོར་བར་བསམས་ནས་སེམས་གཏད་དེ། ཨཀསམརཙཤདརསམརཿཡཿཕཊཅེས་པའི་བཟླས་པ་ཅི་རིགས་བྱའོ། །འདིའི་གསང་བ་ཐུན་མོང་མ་ཡིན་པའི་མན་ངག་ནི། ལྟེ་བར་མཁའ་འགྲོ་སྡེ་ལྔའི་ས་བོན་བསྒོམས་པ་ལ་ཡིད་གཏད་དེ། ཨ་ཧ་རི་ནི་སས་མགོ་དྲངས་པའི་ཡི་གེ་བཅུ་བཞི་པའི་བཟླས་པ་བྱེད་པ་ཡིན་ནོ། །ཐུན་འཇོག་ཁར་གོང་ལྟར་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །སེང་གེའི་གདོང་ཅན་སོགས་བརྗོད་ལ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་པ་བྱེད་ན། ཐུན་གསུམ་མམ་བཞིའི་རིམ་པས་རྩ་སྔགས་འབུམ་ཕྲག་བཅུ་བཞིའམ་བཞི་གྲུབ་རྗེས། ཨ་ཧ་རི་ནི་སས་ཐོག་དྲངས་པའང་འབུམ་ཕྲག་གཅིག་བཟླ། ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་དབུལ། །སྦྱིན་སྲེག་བྱེད་ན་སེང་གདོང་མ་སྔོན་མོའི་སྦྱིན་སྲེག་ལ་ཁ་བསྒྱུར་བས་འགྲུབ་བོ། །གཉིས་པ་རྗེས་སུ་གནང་བ་ནི། མཎྜལ་ཆོས་འབྱུང་ནག་པོ་དུར་ཁྲོད་རྡོ་ར་མེ་རི་རྣམས་གཡོན་སྐོར་དུ་བྲིས་པའི་དབུས་སུ་ཚོན་སྤུངས་དམར་པོ་དགོད། དེའི་མདུན་དུ་གྲི་གུག །གཡས་སུ་ཐོད་པ། རྒྱབ་ཏུ་ཌཱ་མ་རུ། གཡོན་དུ་ཕུར་བུ་


JKT008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགོད། གལ་ཏེ་བརྒྱུད་འཛིན་གྱི་སློབ་མ་ཐུན་མོང་མ་ཡིན་པ་ལ་འདིའི་གསང་བའི་དབང་བསྐུར་ན། མེ་ལོང་ལ་ཙནྡན་དམར་པོ། གི་ཝཾ། པདྨ་རཀྟ་གཙང་མ་རྣམས་སྦྱར་བས་ཨ་ཧ་རི་ནི་ས་ཞེས་མཁའ་འགྲོ་སྡེ་ལྔའི་ས་བོན་བྲིས་པ་དང་། ས་དམར་གྱི་མཎྜ་ལར་ཆོས་འབྱུང་གི་དབུས་སུ་ཧཱི༔ མཐའ་སྐོར་དུ་ཡི་གེ་བཅུ་བཞི་པའི་སྔགས་བྲིས་པ་བཅས་ཚོམ་བུའི་མདུན་གཡས་གཡོན་དུ་དགོད། ཕྱོགས་མཚམས་སུ་ཆུ་གཉིས་ཉེར་སྤྱོད་ལྔ་དང་། མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་དང་བཅས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ། སློབ་དཔོན་གྱིས་མཆོད་པ་བྱིན་གྱིས་བརླབས་ནས་བདག་བསྐྱེད་གོང་ལྟར་བྱ། མདུན་བསྐྱེད་བསང་སྦྱངས་སོགས་ནས་དབུར་བརྒྱན་ཅེས་པའི་བར་བདག་བསྐྱེད་ལ་ཅུང་ཟད་ཁ་བསྒྱུར། མཆོད་པ་བྱིན་གྱིས་བརླབ། མཆོད་བསྟོད། གཏོར་མ་བླ་མེད་ལྟར་བྱིན་གྱིས་བརླབ། ཨོ་སི་ཧ་མུ་ཁཱ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་ལྔས་གཏོར་མ་དང་། ཨོཾ་ཨཱཧཱུྃ་གིས་ནང་མཆོད་དབུལ། མཆོད་བསྟོད་གསོལ་གདབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་རྣམས་སྤྱི་ལྟར་བྱའོ། །དེ་ནས་སློབ་མ་རྣམས་འཁྲུས་བྱས། སེམས་བསྐྱེད་གསལ་འདེབས་སྔོན་དུ་འགྲོ་བས། འདིར་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་ཡེ་ཤེས་ཀྱི་ཌཱ་ཀི་ནཱིས་དངོས་སུ་གནང་བའི་


JKT008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་སེང་གེའི་གདོང་ཅན་དམར་མོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་བྱ་བ་གཉིས་སུ་ཡོད་པ་ལས། དང་པོ་ལེགས་པར་གྲུབ་ཟིན་ནས། གཉིས་པ་ཁྱེད་རང་རྣམས་ཀྱི་བྱ་བ་ལ་རྗེས་གནང་གི་སྔོན་འགྲོ་མཎྜལ་དབུལ་ཞིང་གསོལ་བ་གདབ་པ། རྣ་བ་གཏད་པར་བསྐུལ་བ། རྒྱུད་དག་པར་བྱ་བ་རྣམས་སུ་ཡོད་པ་ལས་ཐོག་མར་སློབ་དཔོན་ལ་མཁའ་འགྲོ་མ་སེང་གེའི་གདོང་ཅན་དངོས་ཡིན་སྙམ་དུ་མོས་ནས་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ནས་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་ནས། གཉིས་པ་རྣ་བ་གཏད་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པའི་དོན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག་པའི་དོན་ཡིན། གསུམ་པ་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་གཞན་ཡང་


JKT008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པར་མོས་ནས་དེའི་སྤྱན་སྔར་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག་ཅེས་རྒྱུད་དག་པར་བྱ་བ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་ཨོཾ་སྭ་བྷ་ཝ་སོགས་ནས། ཐུགས་ཀའི་དབུས་སུ་ཧཱིཝཡིག་དམར་པོས་མཚན་པའི་མོས་པ་མཛོད། ཅེས་པའི་བར་བདག་བསྐྱེད་ལྟར་ལ། ཁྱེད་རང་རྣམས་ཀྱི་སེམས་ཧྲིདམར་པོ་ཞེས་དང་། ཁྱེད་རང་རྣམས་སྐད་ཅིག་གིས་ཞེས་བསྒྱུར། དེ་ནས་རྗེས་གནང་དངོས་ལ་ཐུན་མོང་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་དང་། ཁྱད་པར་ཕྲིན་ལས་བཞིའི་རྗེས་སུ་གནང་བ་དང་། ཐུན་མོང་མ་ཡིན་པ་གསང་བའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དངོས་ཡིན་སྙམ་པའི་༈ མོས་གུས་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་སྤྱི་བོའི་ཨོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་


JKT008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོ་ལ་ཐིམ། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་དང་ཁྱེད་རང་རྣམས་ཀྱི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། ཅེས་དང་གུ་གུལ་གྱིས་བདུག ཌཱ་དྲིལ་དང་བཅས་སྔགས་བརྗོད་དོ། །གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་མགྲིན་པའི་ཨཱཋལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བའི་གསུང་གསང་སྔགས་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱ་ལ་ཐིམ་པས་གསུང་གི་བྱིན་རླབས་ཞུགས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་གསུང་དང་ཁྱེད་རང་རྣམས་ཀྱི་ངག་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་གྲི་གུག་གི་ལྟེ་བར་ཧཱུྃ་གི་མཐར་འཁོད་པར་མོས་ནས་སྔགས་འདིའི་རྗེས་ཟློས་


JKT008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་མཛོད། ཨཀསོགས། དེ་བརྟན་པར་བྱ་བའི་སླད་དུ། སློབ་དཔོན་གྱི་ཞལ་ནས་བྱུང་བའི་སྔགས་ཕྲེང་ཕྱི་མ་སྤྲོས་པ་རྣམས་ཐིམ། ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བའི་གསུང་གི་བྱིན་རླབས་སྔགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པས་སྔགས་ཀྱི་བྱིན་རླབས་བརྟན་ཅིང་ནུས་པ་མཆོག་དང་ལྡན་པར་གྱུར། མེ་ཏོག་འཐོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། དེས་གསུང་གི་བྱིན་རླབས་ཐོབ་པ་ཡིན་ནོ། །ཐུགས་ཀྱི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་དང་ཧྲིལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་མཚན་གྱི་རྣམ་པ་གྲི་གུག་དང་། ཁ་ཊཾ་ག་དང་། ཐོད་པ་ལ་སོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུཾ་དང་ཧཱུྃ་ལ་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སྐུ་གསུང་ཐུགས་གསུམ་ཀའི་རྗེས་སུ་གནང་བའི་སླད་དུ་དམིགས་


JKT008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་བཞིན་མཛོད། སློབ་དཔོན་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོ་ཨཱཧཱུྃ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །དབང་བཞི་པ་ཚིག་གི་སྒོ་ནས་ཐོབ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སོ་སོའི་མཚམས་རྣམས་སུ་སྤོས་རོལ་བྱ། དེ་ལྟར་བྱིན་གྱིས་བརླབས་ནས། ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་རང་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་བཅད་ལ། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ཤེས་པའི་ངེས་པ་བསྐྱེད་དེ། མདོར་ན་སེམས་ཀྱི་གཤིས་ཅི་ཡང་མ་ཡིན་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ལས་འདས་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ཏེ། དེའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་མཛོད། དེ་རྣམས་ནི་བུམ་


JKT008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་སོགས་པའི་དབང་བཞིའི་དོན་ཡིན་ནོ། །མཐའ་རྟེན་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་དམར་མོ་ལ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་སྡེས་བསྐོར་བར་དངོས་སུ་བསྒོམས་ནས། དེ་ལ་མོས་གུས་དྲག་པོ་དུང་བ་བྱས་པས། དེ་ཉིད་འུར་འུར་ཆེམ་ཆེམ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། ཕྱི་ནང་གི་བར་ཆད་ཐམས་ཅད་སྲུང་བ་དང་། གནོད་བྱེད་གདོན་བགེགས་ལོག་འདྲེན། མཐུ་གཏད་སྦྱོར་བ་ངན་པ་བྱེད་པའི་བྱད་མ་ཐམས་ཅད་ཞལ་དུ་དམར་ཆོམ་ཆོམ་གསོལ། རབ་འབྱམས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་མ་ལུས་པ་བསྒྲུབས་པའི་མོས་པ་མཛོད། ཅེས་བརྗོད་ལ་གཏོར་མ་སྤྱི་བོར་གཟུང་ཞིང་སྔགས་བརྗོད། །གཉིས་པ་ཁྱད་པར་གྱི་རྗེས་སུ་གནང་བ་ལ། གྲི་གུག་སོགས་ཕྱག་མཚན་རྣམས་སོ་སོར་གཏད་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་བསྒྲུབ་པར་རྗེས་སུ་གནང་བའི་མོས་པ་མཛོད། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །གྲི་གུག་མཚན་མའི་དབང་བསྐུར་བས། །ཞི་བའི་ལས་ཀྱི་དབང་ཐོབ་ཤོག །ཨོཾ་བཛྲ་ཤིན་ཀུ་རུ་ཨབྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །བདུད་རྩི་ཐོད་པའི་དབང་བསྐུར་བས། །རྒྱས་པའི་ལས་ཀྱི་དབང་ཐོབ་ཤོག །ཨོ་


JKT008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པུཊྚི་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །སྒྲ་སྙན་རྡེའུ་ཆུང་དབང་བསྐུར་བས། །དབང་གི་ལས་ཀྱི་དབང་ཐོབ་ཤོག ཨོ་བཛྲ་ཝཱ་ཤཾ་ཀུ་རུ་ཨ་བྷི་ཏིཙྪ་ཧཱུྃ། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །ཕྲིན་ལས་ཕུར་བུའི་དབང་བསྐུར་བས། །དྲག་པོའི་ལས་ཀྱི་དབང་ཐོབ་ཤོག ཨོ་བཛྲ་མཱ་ར་ཀུ་རུ་ཨབྷི་ཥིཉྩ་ཧཱུཾ། གསུམ་པ་བརྒྱུད་འཛིན་གྱི་སློབ་མ་ལ་ཐུན་མོང་མ་ཡིན་པའི་བྱིན་རླབས་གསང་བའི་དབང་བསྐུར་བྱ་བའི་སླད་དུ། མདུན་གྱི་མེ་ལོང་ལ་མཁའ་འགྲོ་རིགས་ལྔར་གསལ་བ་གནས་ལྔར་ཐིམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་གནས་ལྔར་གཏུགས། ས་དམར་གྱི་མཎྜལ་ནས་སློབ་དཔོན་གྱིས་མཐེབ་སྲིན་གྱིས་བླངས་ཏེ། སྤྱི་བོར་ཐིག་ལེ་གཅིག་བྱས་ལ། རིགས་བདག་བླ་མར་མོས་ཤིག །ཅེས་བརྗོད། དཔྲལ་བར་ཐིག་ལེ་བྱས་ཏེ། ལུས་ལྷ་སྐུར་སྒོམས་ཤིག་ཅེས་པའི་བརྡ་ཡིན་ནོ། །ཞེས་བརྗོད། ཨཀསམསོགས་སྔགས་བརྗོད་བཞིན་སྙིང་གར་ཐིག་ལེ་བཅུ་བཞི་བཀོད་དེ། སྙིང་གའི་ཐིག་ལེ་ཡིག་འབྲུ་བཅུ་བཞིར་གྱུར་པའི་མོས་པ་མཛོད། །ཅེས་བརྗོད། ལྟེ་བར་ཐིག་ལེ་ལྔ་བཀོད་ལ། ཁྱེད་རང་རྣམས་ཀྱི་ལྟེ་བར་ཡེ་ཤེས་ཀྱི་མཁའ་འགྲོ་མཐིང་དཀར་སེར་དམར་ལྗང་གུའི་མདོག་ཅན་གྲི་ཐོད་འཛིན་པའི་སྐུར་ལམ་སྟེ་གྱུར་པ་ལ་


JKT008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རང་འདྲ་བའི་ཡེ་ཤེས་པ་སྤྲོས་ནས་ཐིམ་པས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ལྟར་བྱིན་གྱིས་བརླབས་པ་དེ་ཉིད་བརྟན་པར་བྱ་བའི་སླད་དུ། མེ་ལོང་གི་ཡི་གེ་བདུད་རྩིས་བཀྲུས་ཏེ་སྤྱི་བོར་བླུག་པ་དང་། ཁོང་དུ་བཏུང་བ་དང་། ཁྲུས་བྱས་པས་ལྷ་སྔགས་ཀྱི་བྱིན་རླབས་མ་ལུས་པ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། །ཅེས་བརྡ་སྦྱར་ལ་ནང་མཆོད་ཀྱིས་བཀྲུས་ཏེ། སྔགས་བརྗོད་བཞིན་དུ་སྤྱི་བོར་བླུག་པ་སོགས་བྱའོ། །དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། དམ་ཚིག་ཁས་བླང་གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་རྗེས་ཆོག་གི་མཆོད་པ་ཁ་གསོས་ལ་བསང་སྦྱངས་བྱིན་གྱིས་བརླབ། མཆོད་བསྟོད་གསོལ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། ༈ གསུམ་པ་ལས་ཀྱི་ཚོགས་ལ་བདུན་ལས། དང་པོ་དབང་དུ་བསྡུ་བར་འདོད་ན། བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། བདག་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དུ་གསལ་བའི་ཐུགས་ཀའི་


JKT008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃལས་འོད་ཟེར་ཁ་དོག་དམར་པོ་ཞགས་པ་དང་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། འོད་ཟེར་དེའི་སྣ་ལ་ཡང་མཁའ་འགྲོ་མ་ཞགས་པ་དང་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་བཅུར་འཕྲོས་པས་ལྷ་དང་མི་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་མཁའ་འགྲོ་མ་དེ་རྣམས་ཀྱི་འོད་ཟེར་ཕོག །བདག་ལ་ཆགས་པའི་སེམས་དུང་དུང་སྐྱེས་པར་བསམ། མཁའ་འགྲོ་མ་དེ་རྣམས་ཀྱིས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྐེ་ནས་ཞགས་པས་བཅིང་། སྙིང་གར་ལྕགས་ཀྱུ་བཏབ་ནས་རང་དབང་མེད་པར་བཀུག་སྟེ་བདག་གི་དབང་དུ་བསྡུས་པར་བསམ། མཁས་པ་དབང་དུ་སྡུད་ན། མགྲིན་པ་ནས་ཞགས་པས་བཅིང་། ལྕེ་ལ་ལྕགས་ཀྱུས་བཏབ་སྟེ་རང་དབང་མེད་པར་བདག་གི་དབང་དུ་བསྡུས་པར་བསམ། བུད་མེད་དབང་དུ་སྡུད་ན། མགྲིན་པ་ནས་ཞགས་པས་བཅིང་། མཚན་མ་ནས་ལྕགས་ཀྱུས་བཏབ་ལ་རང་དབང་མེད་པར་བདག་གི་དབང་དུ་བསྡུས་པར་བསམ་མོ། །གཉིས་པ་ནོར་སྒྲུབ་ཏུ་བྱ་བར་འདོད་ན། འོད་ཟེར་གོང་ལྟར་སྤྲོས་པས་ཕྱིའི་རྒྱ་མཚོ་ལ་སོགས་པ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སོགས་གང་འདོད་བཀུག་སྟེ་འོད་ཟེར་གྱི་སྣ་ལ་ཕུལ་ཕུལ་དུ་ཡོད་པར་བསམ་མོ། །གསུམ་པ་ཚེ་སྒྲུབ་ཏུ་བྱེད་ན། སྙིང་གའི་ཧཱིའི་གནས་སུ་པདྨ་ཉི་གདན་གྱི་སྟེང་གསེར་གྱི་རྡོ་རྗེ་སོར་བཞི་པ་རྩེ་ལྔ་པ་གྱེན་ལ་


JKT008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་གཅིག་བསྒོམས་ལ། རྡོ་རྗེ་ལས་འོད་ཟེར་ཁ་དོག་དམར་པོ་དཔག་ཏུ་མེད་པ་འཕྲོས་པས། ཕྱིའི་རྒྱ་མཚོ་ན་ཡོད་པའི་བདུད་རྩི་དང་། དེ་བཞིན་གཤེགས་པ་དང་། དཔའ་བོ་དང་། དཔའ་མོ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག །རང་དང་རྡོ་རྗེ་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་བསམ་མོ། །བཞི་པ་ཌཱ་ཀི་ནཱིའི་ལམ་སྲུང་ཐུན་མོང་མ་ཡིན་པ་ནི། བྱེས་ལ་འགྲོ་བའི་ཚེ། ཁྱིམ་ནས་ཕྱིར་བྱུང་བ་དང་། རྐང་པ་གཡོན་པའི་འོག་ནས་ས་བླངས་ལ། དེ་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་རང་གར་འགྲོ་བའི་མདུན་ནས་བརྩམས་ཏེ་ཕྱོགས་མཚམས་དང་སྟེང་འོག་རྣམས་སུ་གཏོར། ལྕགས་ཀྱི་རལ་གྲི་སོ་གཅིག་པ་རང་གི་གནས་ནས་གང་དུ་འགྲོ་བའི་མདུན་དེར་སྣ་ཟུག་པ་གཅིག་བསྒོམ། རང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དུ་བསྒོམས་ནས་སྔགས་འདི་བཟླ་བཞིན་པས་འགྲོའོ། །དེས་དགྲ་དང་གནོད་བྱེད་ཀྱི་རིགས་གང་དང་ཡང་མི་འཕྲད་ཅིང་། །འཕྲད་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ལྔ་པ་སྲུང་བའི་རིག་པ་འབྲི་བ་ནི། ཤོག་བུ་ལ་བྱང་སེམས་དམར་པོས་བྱུག །ཡི་གེ་བཅུ་བཞི་པའི་ཡིག་འབྲུ་རེ་ལ་རྣམ་བཅད་ཚེག་དྲག་དང་བཅས་ཏེ་བྲིས་པའི་སྟེང་དུ། སྟག་ལོ་མིའི་སྲིན་ལག་གི་ཁྲག་གིས་བྱུགས་ལ། དེའི་སྟེང་དུ་བྱང་སེམས་དཀར་པོས་བྱུག །ཁྱད་པར་དུ་གལ་ཆེ་བ་ཕོ་མོ་མ་ནིང་གི་ཡི་གེ་


JKT008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མརཿཙགསུམ་ལ། རྫས་གསུམ་སོ་སོར་བྱུག་པ་ནི། དོམ་མཁྲིས། གི་ཝཾ། གླ་རྩི་གསུམ་ལུགས་ལྡོག་ཏུ་བྱུག །གཞན་རྣམས་ལ་བྱུག་མི་དགོས། སངས་རྒྱས་སྟོང་གི་བྱིན་གྱིས་བརླབས་པའི་སྔགས་རིང་འདི་ལ་ཡིག་འབྲུ་བརྒྱད་ཅུ་རྩ་བརྒྱད་ཡོད་པ་ཚེག་མེད་དུ་ཤོག་བུ་ལ་བྲིས་ལ། རྫས་གཞན་རྣམས་བྱུག་མི་དགོས། སྔགས་རིང་ཐུང་གཉིས་ཀ་ལ་དྲི་བཟང་གིས་བྱུག །སྨྱུག་མའི་སྲོག་ཤིང་ལ་དར་སྔོན་པོས་དྲིལ། དེའི་སྟེང་ཡི་གེ་བཅུ་བཞི་པ་མཇུག་ནས་དྲིལ། དེའི་སྟེང་དུ་སྔགས་རིང་ཡང་མཇུག་ནས་དྲིལ། དེ་དར་སྣ་ལྔས་དྲིལ་ཏེ། དེ་ཡང་སྔོན་པོ་ནང་། དཀར་པོ་སྟེང་དུ་བྱ། གཞན་རྣམས་ངེས་མེད་དུ་དྲིལ། །དེའི་སྟེང་དུ་ལ་ཆ་ལ་རིན་ཆེན་ལྔ་དང་། གྲི་ལྕགས་ཀྱི་ཕྱེ་མ་རྣམས་བསྲེས་ལ་དྲིལ། དེ་ནས་ལུག་གི་མར་གྱིས་མར་མེ་བྱས་ལ་དེའི་དུ་བས་བདུག །དེའི་སྟེང་ཚོས་ཀྱིས་བྱུགས་ལ། ར་ལུག་གི་རྨིག་ལྤགས་ཀྱིས་རྒྱུན་བུ་བྱས་ལ། སྨྱུག་མའི་སྲོག་ཤིང་གི་ནང་ནས་དྲངས་ལ་དེའི་སྟེང་དུ་རང་བྱུང་གི་མེ་ཏོག་གིས་བྱུགས་ལ་རབ་གནས་བྱས་ནས་དཔུང་པ་གཡོན་པ་ལ་བཏགས་ན་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་། རི་གཟར་གྱི་རྦབ་ཀྱང་གྱེན་ལ་བཟློག་པར་ཐེ་ཚོམ་མེད་དོ། །འདི་བྱེད་པའི་དུས་སུ་ཚོགས་འཁོར་བྱེད་པ་གལ་ཆེའོ། །འདིའི་སྔགས་རིང་ཐུང་གཉིས་ཀ་རབ་གསེར། འབྲིང་དངུལ། ཐ་མ་རྒྱ་སྣག་གིས་ཡི་གེ་ཕྲེང་རེ་རེ་


JKT008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས་པར་འབྲིའོ། །སྔགས་ནི་འདིའོ། །ཨཀསམཿརཿཙཤདརསམརཡཕཊ༔ ཨོཾ་ཧ་ཧ་ཧ་ས་མ་ས་ཏ་ཀ་ཚ་ཙིར་ལིང་སད་སར་ཆད་ཁར་སཾ་ནཾ་མོ་ནུར་མརྒ་ཧ་ལ་ཤ་ལ་དཾ་ཡ་བྷོ་ནི་ཨོ་ཀྲུག་ལེ་ཧཱིས་ཀ་ས་ལ་སོད་མ་སརྦ་ཏྲ་མ་སཾ་ཙ་ལ་བི་ཀུ་ལ་ཡེ་སྭཱ་ཧཱ༔ ཀུ་མ་ཁར་ཆད་བ་ལི་དེ་ན་ས་ས་སུཨོ་ཀྲི་དགྲིང་སྭཱ་ཧཱ༔ མཁའ་འགྲོ་མ་འབུམ་གྱི་སྲོག་སྙིང་། དགྲ་བགེགས་ཐམས་ཅད་ཐལ་བར་རློག་པའི་གསང་སྔགས། ལུས་ལ་བཏགས་པས་མི་མཐུན་པའི་ཕྱོགས་གང་གིས་ཀྱང་མི་ཚུགས། །གཞན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །འདི་ནངས་ཞོགས་བཞིན་ཉི་ཤུ་རྩ་གཅིག་རེ་མ་ཆག་པར་བཟླས་ན་མི་མཐུན་པའི་ཕྱོགས་ཐམས་ཅད་གང་གིས་ཀྱང་མི་ཚུགས་སོ། །ཕྱོགས་ངན་བདུད་གཅོད་སྟེང་འགྲོ་ན་ནས་ལ་ཉེར་གཅིག་བཟླས་ལ་ཕྱེད་འགྲོ་ཕྱོགས་སུ་གཏོར་ཞིང་། ཕྱེད་མགུལ་དུ་བཏགས་ནས་ཕྱིན་ན་ཕྱོགས་ངན་བདུད་གཅོད་ལས་གྲོལ་ལོ། །བྱོལ་སོང་ལ་བཏགས་ན་ཇག་རྐུན་དང་གཅན་གཟན་ཁ་འཆིང་ངོ་། །དྲུག་པ་རྨི་ལམ་ངན་པ་ཟློག་ན། ཁ་མལ་ཞབས་ལ་བསྟན། སྔགས་འདི་བརྒྱའམ་ཉེར་གཅིག་བརྗོད་ནས། ལག་མཐིལ་ཉི་ཟླར་གསལ་བའི་བར་དུ་རྨི་ལམ་ངན་པའི་གཟུགས་བརྙན་ཐམས་ཅད་ཐལ་བ་བུན་བུན་དུ་བཏང་བར་བསམས་ལ་ཐལ་མོ་ཐེང་དྲུག་གདབ་བོ། །བདུན་པ་ཡང་ཟློག་དྲག་ལས་དྲག་པོ་བྱེད་ན། ཁ་


JKT008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཕྱོགས་པར་བལྟས་ཤིང་། སྟན་ནག་པོ་མགོ་མཇུག་ལྡོག་ལ་གདིང་། གོས་ནག་པོ་མགོ་མཇུག་དང་ཕྱི་ནང་ལྡོག་ལ་གྱོན། ལྷམ་སྣ་སྦྲེལ་ལ་ཕྲག་པ་གཡོན་ལ་བཀལ། ཞྭ་མོ་ཕྱི་ནང་ལྡོག་པ་མགོ་མཇུག་བསྒྱུར་བ་སྟན་ལ་གདིང་། རང་ཉིད་མཐོ་ས་ན་ཡོད་པར་བསྒོམ། དེའི་མདུན་གྱི་དམའ་བར་བྲུབ་ཁུང་གྲུ་གསུམ་མཐིང་ནག་རྒྱ་ཆེ་བ་གཏིང་ཟབ་པ་ཐར་ས་མེད་པའི་རྣམ་པར་བསྒོམས་ལ། རང་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣལ་འབྱོར་ལ་གནས་པའི་ཚུལ་ནི། ཧྲིདམར་ནག་ལས་འོད་ཟེར་ནག་པོ་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་ནག་ཏུ་བསྐྱེད། །གཞན་རྒྱན་ཆ་ལུགས་ཕྱག་མཚན་སྔར་དང་འདྲ། མཆོད་བསྟོད་དབང་བསྐུར་རྒྱས་གདབ་སོགས་བྱ། སྐུ་ལས་འོད་ཟེར་དམར་ནག་དཔག་ཏུ་མེད་པ་འཕྲོས། འོད་ཟེར་རེ་རེ་ལ་ཡང་མཁའ་འགྲོ་མ་དམར་ནག་ཞགས་པ་དང་ལྕགས་ཀྱུ་ལྟ་རེ་ལ་སོགས་པ་མདོར་ན་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་ཐོགས་པ་སྤྲོས། དགྲ་བགེགས་ཐམས་ཅད་ཀྱི་མགྲིན་པ་ནས་ཞགས་པས་བཅིངས། སྙིང་ག་ནས་ལྕགས་ཀྱུས་བཏབ་ནས་བརྡེག་པ་ལ་སོགས་པ་བྱེད་ཅིང་། རང་དབང་མེད་པར་མདུན་དུ་བཀུག་ནས་གཅེར་བུ་ཤིན་ཏུ་རིད་པའི་རྣམ་པ་ཅན་དུ་བསམ། ཐལ་མོ་རྡེབ་པ་དང་དུས་མཉམ་དུ་དེ་རྣམས་


JKT008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྲུབ་ཁུང་ནས་མར་སྤྱིའུ་ཚུགས་སུ་སོང་བར་བསམ་མོ། །གཞན་ཞག་བདུན་དུ་མཚམས་བཅད་ནས་ལས་འདི་བསྒྲུབས་ན། དྲག་ལས་ཅི་བྱེད་ཀྱང་སྔགས་པ་དང་རྒྱལ་པོ་ལ་སོགས་ཏེ་ནུས་པ་ཇི་ལྟར་ཆེ་ཡང་ལས་ཐོགས་མེད་དུ་འགྲུབ་བོ། །དབང་མཛད་སིནྡྷཱ་བཱ་རའི་ཆུ་གཏེར་དང་། །དྲག་ཤུལ་དུས་མཐའི་མེ་ལྕེ་འབར་བའི་འཕྲུལ། །གཅིག་ཅར་སྣང་བའི་ངོ་མཚར་རབ་འབྱམས་ཀྱིས། །ཕན་བདེའི་དགེ་མཚན་རྟག་ཏུ་རྫོགས་གྱུར་ཅིག །ཅེས་པའང་མ་ཧཱ་པཎྜི་ཏ་ནམ་མཁའ་དཔལ་བཟང་གི་གསུང་རབ་ལ་གཞི་བྱས། དེར་ཅུང་ཟད་མི་གསལ་ཞིང་མ་ཚང་བ་རྣམས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་སོགས་ལས་ཞལ་བསྐངས། ལས་ཚོགས་ཡིག་རྙིང་ཇི་ལྟ་བ་བཞིན་སྦྱར་ཏེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསྒྲིགས་པའི་དགེ་བས་དངོས་གྲུབ་རྣམ་པ་གཉིས་ཀྱིས་ཡིད་ཅན་མཐའ་ཡས་པའི་དོན་གཉིས་འདོད་རྒུར་འབྱུང་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།།


previousསེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན།next