Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟེན་གསར་རྙིང་ལ་བྱ་བའི་ཨགྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ།
   
   


 
previousརྟེན་གསར་རྙིང་ལ་བྱ་བའི་ཨགྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ།next

རྟེན་གསར་རྙིང་ལ་བྱ་བའི་ཨགྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ།


JKT008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསར་རྙིང་ལ་བྱ་བའི་ཨགྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ།། །།


JKT008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། རྟེན་གསར་རྙིང་ལ་བྱ་བའི་ཨརྒྷཾ་སྟེ་མཆོད་ཡོན་གྱི་ཆོ་ག་ལ་གཉིས། རྟེན་གསར་པ་བཞེངས་པའི་མཆོད་ཡོན་དང་། རྙིང་པ་གསོ་བའི་མཆོད་ཡོན་གྱི་ཆོ་གའོ། །དང་པོ་ལ་བཞི། གཙུག་ལག་ཁང་ལ་སོགས་པའི་མཆོད་ཡོན་དང་། དེ་བཞིན་དུ་རྫིང་བུ་ལ་སོགས་པའི་དང་། སྐུ་གཟུགས་དང་། པུསྟིའི་མཆོད་ཡོན་གྱི་ཆོ་གའོ། །དང་པོ་ནི། གཙུག་ལག་ཁང་དང་། མཆོད་རྟེན་དང་། གཙང་ཁང་བྱུར་བུ་དང་། ཁང་བཟང་དང་། དགོན་གནས་གསར་པ་བརྩིག་པར་འདོད་པས། གཟའ་སྐར་ཚེས་གྲངས་བཟང་པོ་འཛོམ་པའི་སྔ་དྲོ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་ས་བརྟག་པའི་ཆོ་ག་རྒྱུད་དང་མན་ངག་ལས་འབྱུང་བ་བཞིན་དུ་བརྟགས་ཏེ། མཚན་


JKT008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ལྡན་པར་ཤེས་ནས་མཆོད་པའི་ཡོ་བྱད་རྣམས་བསག །རྒྱན་དང་ཆ་ལུགས་དང་ལྡན་པས་སའི་དབུས་སུ་ས་དང་ལྕི་བ་བསྲེས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་དེར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་དང་། ཕྱོགས་སྐྱོང་གཏོར་མའམ་ཆ་གསུམ་བཤམ། དེ་ནས་རང་ཉིད་ལྷག་པའི་ལྷ་གང་ཡང་རུང་བའི་བདག་བསྐྱེད་རྒྱས་བསྡུས་ཅི་རིགས་པ་བསྒོམ། བཟླས་པ་དང་། མཆོད་བསྟོད་རྒྱས་པར་བྱ། ཕྱོགས་སྐྱོང་གཏོར་མའམ་ཆ་གསུམ་ཚང་བར་གཏོང་། དེ་ནས་པུས་མོ་བཙུགས། ཐལ་མོ་སྦྱར་ཏེ། དྲིའི་མཎྜལ་གྱི་སྟེང་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཐའ་སྐོར་དུ་འཇིག་རྟེན་སྐྱོང་བའི་


JKT008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་སོགས་པ་མངོན་སུམ་བཞིན་དུ་གསལ་བར་གྱུར་པའི་སྤྱན་སྔར་ས་བསླང་བར་བགྱིའོ་སྙམ་པས་ངག་ཏུ། ཁམས་གསུམ་འདིར་ནི་མགོན་གང་དག །ཆེན་པོས་མཆོད་པ་བཞུགས་རྣམས་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་སོགས། །དེ་དང་དེ་ལ་འདི་གསོལ་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ས་ཡི་ཆ་ནི་མཛེས་པ་འདིར། །གཙུག་ལག་ཁང་བཞེངས་འབྱོར་པ་ལ། །ཐོས་བསམ་ལ་སོགས་མཆོག་འཇུག་པས། །ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆེ་གེ་བདག་ནི་རིག་པ་འཛིན་པ་བདག་གིས་ནི། །སྦྱིན་བདག་བློ་གྲོས་རྒྱལ་མཚན་གྱི། །ཞེས་པ་ལྟ་བུ་ཁ་བསྒྱུར་བྱ། ཆེ་གེ་མོའི། །གྲགས་པ་དམ་པ་བྱ་བར་བརྩོན། །གལ་ཏེ་ཁྱོད་ཀྱིས་བཟོད་གནང་ན། །བགྱིད་དེ་གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་བཟང་འདི་ནི་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་པར་བྱའོ། །གཙུག་ལག་ཁང་ཞེས་པའི་གནས་སུ་མཆོད་རྟེན་ལ་སོགས་པ་མིང་བརྗེས་ལ་བརྗོད་དོ། །དེ་ནས་རྨི་ལམ་བརྟག་པའི་ཆོ་ག་བྱ་བ་ནི། ཨོ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ན་སྭ་ཧཱ། ཨོཾ་དན་ལི་སྭཱ་ཧཱ། །ཞེས་པའི་སྔགས་འདིས་ལག་གཡོན་པའི་སོར་མོ་རྣམས་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ལ། རང་གི་སྔས་མགོར་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་སྣང་བརྙན་དངོས་སུ་བཤམས་


JKT008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཡིད་ཀྱིས་གསལ་བར་དམིགས་པའི་སྤྱན་སྔར་མཆོད་པ་འབུལ་བ་སྔོན་དུ་འགྲོ་བས་མགོ་ལྷོར་བསྟན་ཅིང་གདོང་ཤར་དུ་ཕྱོགས་ནས་གོས་གཙང་མས་བརྒྱན་ཏེ་ཉལ། རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་སམ་ཆོས་ཐམས་ཅད་རང་བཞིན་མེད་པར་བདེན་མེད་ཀྱི་སྦྱོང་བའི་རྒྱས་བཏབ་སྟེ། སླར་ཡང་རྨི་ལམ་བརྟག་པ་བྱས་ནས་ལྷ་རྣམས་ཀྱིས་གནང་བའམ་མ་བཀག་པར་ཤེས་ན་བྱ། བཀག་པར་ཤེས་ན་གནས་གཞན་དུ་སྤོ། །རྨི་ལམ་བཟང་ན་ཉི་མ་བཟང་པོའི་སྔ་དྲོ་ལ་རྡོ་རྗེ་སེམས་དཔའ་སོགས་རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། སྐྱིལ་མོ་ཀྲུང་བཅས་ཏེ་ལག་པ་ས་ལ་རེག་ནས་ཨོ་བྷ་ཁོ་ཞེས་པས་ས་གཞི་སྟོང་པར་བསྒོམ། ཧཱུཾ་ཡཾ་ཧཱུཾ་གིས་རྡོ་རྗེའི་ས་གཞིར་བསྒོམས་ལ། ཨོ་མེ་དི་ནི་བཛྲ་བྷ་ཝ་བཛྲ་བཛྲ་ཧཱུྃ་ཞེས་པས་བྱིན་གྱིས་བརླབ། །ས་ལྷའི་མཆོད་པ་བཤམས་པ་བསང་སྦྱངས་བྱིན་རླབས་སྤྱི་ལྟར་བྱ། དེ་ནས་ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བསམས་ལ་ངག་ཏུའང་བརྗོད་ཅིང་སོར་མོའི་རྩེ་མོ་ས་ལ་བསྣུན་པས་དེའི་འོད་ཟེར་དང་ཧཱུྃ་གི་སྒྲས་ས་བསྐུལ་བས་སའི་ལྷ་མོ་སེར་མོ་ཕྱག་གཉིས་ན་གསེར་གྱི་བུམ་པ་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཅན། རྒྱན་བཟང་པོས་བརྒྱན་པ་མངོན་དུ་སྣང་བར་གྱུར་པར་མོས་ཏེ། ཨོ་པྲ་ཤྲཱི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་


JKT008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བས་པུལླེ་ནས་ཤབྡའི་བར་གྱིས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས་གྱིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་སྟེ་སའི་ངོ་བོར་གནས་པར་བསམ་མོ། །དེ་ནས་སྤྲོས་པ་དང་འབྲེལ་ན། བདག་བསྐྱེད་ལྷག་པའི་ལྷ་གང་ཡང་རུང་བའི་དཀྱིལ་འཁོར་རྒྱས་པར་བསྒོམས་ཏེ་བཟླས་པ་བསྡུ་བའི་བར་སྔོན་དུ་འགྲོ་བས་སྟངས་སྟབས་རྒྱས་བསྡུས་གང་རུང་གིས་བགེགས་བསང་། གང་ལྟར་ཡང་བདག་བསྐྱེད་བཟླས་པ་བཅས་ཀྱི་རྗེས་ས་གཞི་སྟོང་པའི་ངང་ལས་འབྱུང་བཞི་རིམ་གྱི བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་རང་རང་གི་གཞུང་ལྟར་བསྐྱེད། དེར་ལྷ་སྟ་གོན་དུ་བཤད་པ་བཞིན་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་དགོད། མཐའ་མཆོད་བས་བསྐོར། ཉེ་ལོགས་གང་བདེར་ཕྱོགས་སྐྱོང་གཏོར་མའང་བཤམ། དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པ་རང་རང་གི་གཞུང་ལྟར་བསྐྱེད་པའི་མཐའ་སྐོར་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་


JKT008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་བསམས་ལ། གནས་གསུམ་བྱིན་རླབས་སོགས་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་དང་། མཆོད་བསྟོད་རྣམས་སྟ་གོན་ལྟར་བྱ། ཕྱོགས་སྐྱོང་ལ་གཏོར་མ་ཆ་གསུམ་ལྟར་གཏོང་། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར་པར་བསམས་ལ། གཡས་སྤོས་ཕོར་དང་གཡོན་དྲིལ་བུ་འཛིན་པས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སྦྱིན་བདག་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་གཙུག་ལག །མགོན་པོ་བདག་ཉིད་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །རིག་པ་འཛིན་པ་བདག་གིས་ནི། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །གཙུག་ལག་ཁང་ཆེན་བགྱིད་པར་འཚལ། །བདག་དང་སྦྱིན་བདག་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། ཚོགས་པ་ཐམས་ཅད་རབ་ཚོགས་པ་ཐམས་ཅད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་རབ་ཏུ་གནས་པ་སྟེ་ཉེ་བར་བཞུགས་པ་རྣམས་ཀྱིས་གཙུག་ལག་ཁང་སོགས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་པའི་དོན་ཡིན་པས་འདིའི་རབ་གནས་ཞེས་པའི་ཚིག་ཁ་བསྒྱུར་མི་དགོས། གནས་པས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས་ནམ་མཁའ་གང་བའི་སངས་རྒྱས་བྱང་


JKT008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྷ་ཀླུ་གནོད་སྦྱིན་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ། དེས་མཚོན་ཏེ་གཙུག་ལག་ཁང་གི་གནས་སུ་མཆོད་རྟེན་སོགས་གང་བཞེངས་པར་བྱ་བའི་མིང་གཞུག །དེ་ནས་སྤྲོ་ན་རྣམ་རྒྱལ་གྱི་བུམ་པའམ། མེད་ན་བུམ་པ་གཞན་གྱི་ནང་དུ་ཉ་གསོན་པོ་གཞུག །ལས་མི་རྣམས་བགེགས་མཐར་བྱེད་དམ་རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ལས་ཐམས་ཅད་པའི་ལྷ་གང་ཡིན་དུ་བསྐྱེད་ལ། དེ་དག་གིས་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་སུ་གྲུ་གང་པའི་དོང་བརྐོ་བར་བྱའོ། །དེའི་བྱང་ཤར་དུ་དེ་དང་ཚད་མཉམ་པའམ་དེའི་ཕྱེད་ཀྱི་ཚད་ཀྱི་དོང་ཟླུམ་པོ་བརྐོ་བར་བྱའོ། །དེ་གཉིས་ཀ་ས་དང་བའི་ལྕི་བས་བྱུགས་ལ། དེ་ནས་ཁུང་བུ་གྲུ་བཞི་པར་ཨོཾ་ཨཱཛྫཱཧཱིཝཔྲ་བ་རསཏྟཱ་རཾ་ཨགྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་ཞིང་། མཆོད་ཡོན་གྱི་སྣོད་ཀྱི་མཆོད་ཡོན་དང་རྣམ་རྒྱལ་བུམ་པ་ལ་སོགས་པའི་ཆུ་བླུགས་པས་ཁང་བུ་གྲུ་བཞི་པ་བཀང་ནས་དེའི་རྒྱུན་གྱིས་ཟླུམ་པོ་ཡང་དགང་བར་བྱའོ། །དེའི་རྗེས་སུ་ཆུ་གཡས་སུ་འཁྱིལ་བར་བལྟ་སྟེ། ཉ་ལྕིབས་དང་ཉ་གསོན་པོ་གཞུག །ཤིང་འོ་མ་ཅན་གྱི་འདབ་མ་བཅུག་ལ། རང་ཉིད་ཛཱི་དང་རྡོ་རྗེ་ལས་སྐྱེས་པའི་ཛ་གུ་ལཱི་སེར་མོ་རྩ་ཞལ་སེར་མོ། གཡས་ནག །གཡོན་དཀར་བ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། རིན་པོ་ཆེའི་ཅོད་པན་ཅན། ཕྱག་དྲུག་གི་གཡས་གཉིས་ན་རྡོ་


JKT008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་མདའ། གཡོན་གཉིས་ན་གཞུ་དང་ཞགས་པ་དང་བཅས་པའི་སྡིག་མཛུབ་མཛད་པ། རྩ་ཕྱག་གཉིས་རང་སྣང་གི་ཐབས་ལ་འཁྱུད་པ་སྦྲུལ་གྱི་རྒྱན་གྱིས་བརྒྱན་ཅིང་། ན་བཟའ་སྣ་ཚོགས་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། །ཉི་མའི་འོད་མངའ་བར་བསྒོམས་ཏེ། ཨོ་ཛཱ་གུ་ལཱི་སརྦ་བི་ཥ་པྲ་ཤ་མ་ཎི་ཕུ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་པད་ཀོར་ལན་ལྔ་བྱས་ཏེ་དབང་ཆེན་གྱི་བར་དུ་བལྟས་པས་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་སྲ་ཞིང་མཁྲེགས་པར་གྱུར་པར་བསམ། ཉ་གསོན་པོ་བཅུག་པ་གནོད་པ་མེད་པའི་གནས་སུ་བདེ་བར་བསྐྱལ་ལོ། །སྲུང་བའི་དོན་དུ་ཕྱོགས་བཅུའམ་བྱང་ཤར་གྱི་ཆར་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་བསམས་ལ། དཀྱིལ་ཆོག་རྣམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ལ་ཕུར་པ་གདབ་པའི་སྔགས་ཀྱིས་སེང་ལྡེང་སོགས་ཕུར་པ་བཅུའམ་གཅིག་གདབ། ཨོ་གྷ་གྷ་སོགས་བཟླས་པའི་ཡུངས་ཀར་གྱིས་ཀྱང་བྲབ། །ཕུར་པ་རྣམས་རྡོ་ལ་སོགས་པའི་སྒྲོམ་དུ་མི་འགུལ་བར་བཞུགས་སུ་གསོལ། སླར་གཙུག་ལག་ཁང་སོགས་བཞེངས་གྲུབ་པ་ན་ཕུར་བུ་དབྱུང་བའི་ཆོ་གས་དབྱུང་། ཕུར་བུ་དངོས་སུ་མ་འབྱོར་ན་ཡིད་ཀྱིས་བསམ་ཡང་རུང་། །དེ་ནས་ལྟོ་འཕྱེ་བརྟག་པའི་ཆོ་གས་བརྟགས་ལ། དེའི་མཆན་ཁུང་གི་འོག་གི་ཆ་བརྐོར་རུང་བའི་ཆར་ཐོག་མར་


JKT008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བརྐོས་ལ། དེ་ནས་བརྩམས་ཏེ་གཡས་སྐོར་དུ་འགྲམ་གདིང་བར་བྱའོ། །སྡོང་དུམ་ལ་སོགས་པའི་ས་རོ་ཐམས་ཅད་བསལ་ལ། དེ་བཞིན་གཤེགས་པ་དང་། གནས་དེའི་གཞི་བདག་དང་། ཕྱོགས་སྐྱོང་། དང་ཞིང་སྐྱོང་བའི་ལྷ། མེའི་ལྷ་རྣམས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ལ་ཞི་བར་བྱ། གཏོར་མ་དབུལ། དགེ་འདུན་ལ་བསྙེན་བཀུར་དང་། ལྟོས་མོ་པ་རྣམས་ལ་སྟོན་མོ་དང་། སོ་རྩི་སོགས་ཀྱིས་ཚིམ་པར་བྱ། བླ་མ་ལ་ཡོན་དབུལ། བཟོ་བོ་དང་ལས་བྱེད་པ་རྣམས་མཉེས་པར་བྱའོ། །གཙུག་ལག་ཁང་དང་མཆོད་རྟེན་དང་། གཙང་ཁང་བྱུར་བུ་དང་། ཁང་བཟང་དང་། དགོན་གནས་ལ་སོགས་པའི་མཆོད་ཡོན་གྱི་ཆོ་ག་བསྡུས་པ་སྟེ། རྒྱས་པར་སྤྲོ་ན་ད་རླན་ཨཱ་ཙརླས་མཛད་པའི་ཀྲི་ཡ་ས་མུཙྪར་ཤེས་པར་བྱའོ། །གཉིས་པ་ནི། རྫིང་དང་ཁྲོན་པ་སོགས་བྱེད་འདོད་ན། གཏོར་མ་དང་མཆོད་ཡོན་སོགས་སྔོན་དུ་འགྲོ་བས་སྔར་བཤད་པ་བཞིན་མཆོད་ཡོན་བྱས་ལ། ཨོཾ་ཐཾ་བཛྲ་བ་རུ་ཎ་ཧཱུྃ་ཞེས་པས་རྡོ་རྗེ་ཆུ་བདག་གི་གཟུགས་ཅན་རྣམ་སྣང་བསྒོམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་རིགས་བརྒྱད་ཀྱི་གནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བར་བསམ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ། ཞེས་བརྗོད་དོ། །གསུམ་པ་ནི། སྐུ་གཟུགས་བཞེངས་བའི་གནས་དེར་མཆོད་


JKT008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དང་། གང་བཞེངས་པའི་རྒྱུ་སོགས་ལེགས་པར་འདུ་བྱས་ལ། བདག་བསྐྱེད་གང་རུང་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཎྜལ་གྱི་ཆོ་ག་སོགས་ལས་འབྱུང་བའི་དཀོན་མཆོག་གི་མཆོད་པ་རྒྱས་པའམ། བསྡུ་ན་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱོགས་སྐྱོང་བ་ལ་སོགས་པ་མངོན་སུམ་དུ་བཞུགས་པར་བསམས་ལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་། གཏོར་མ་ཆ་གསུམ་གཏོང་། དེ་ནས་སྐུ་གཟུགས་ཀྱི་རྒྱུ་ཤིང་ངམ། འཇིམ་པའམ། རྡོ་དང་། རས་ལ་སོགས་པའི་རྫས་གང་ཡིན་པ་རྣམས་ལས་སྔགས་ཀྱིས་བསང་སྦྱངས། །སྟོང་པའི་ངང་ལས་བཞེངས་པར་འགྱུར་བའི་ལྷར་ཡན་ལག་བཞི་རྫོགས་ལ་སོགས་པའི་ཆོ་གས་བསྐྱེད། མཆོད་བསྟོད་རྒྱས་པར་བྱ། སྙན་གསན་དབབ་པའི་ཕྱིར་སྤོས་དང་རྡོར་དྲིལ་ཐོགས་ལ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། ཞེས་སོགས་གོང་དུ་གཙུག་ལག་ཁང་གི་སྐབས་ལྟར་ལ། ཐུགས་རྗེའི་བདག་ཉིད་ཅན་སྐུ་གཟུགས། །ཞེས་དང་། བདེ་གཤེགས་སྐུ་གཟུགས་བགྱིད་པར་འཚལ། །ཞེས་བསྒྱུར་ལ་གསོལ་བ་བཏབ་པས་གནང་བ་སྩལ་བར་བསམ། ཡི་གེ་བརྒྱ་པས་བརྟན་པར་བྱ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་འཐོར། ལྷ་བཟོ་ཡང་རབ་སྡོམ་གསུམ་ལྡན་པའམ། དེ་


JKT008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མིན་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཙམ་ལ་གནས་ཤིང་བགེགས་མཐར་བྱེད་ལྟ་བུའི་ལས་ཀྱི་ལྷའི་རྗེས་གནང་ཐོབ་པ་བྱུང་ན་མཆོག་ཏུ་བསྔགས། གང་ལྟར་ཡང་། སྟན་བཟང་པོ་ལ་འཁོད་པའི་མདུན་དུ་པིར་དང་ཚོན་སོགས་ལག་ཆ་གང་ཡིན་རྣམས་ཀྱང་འབྲུ་དཀར་གྱིས་བཀང་བའི་སྣོད་དུ་བསྟར་ལ་བསང་སྦྱངས། སྟོང་པའི་ངང་ལས་སྐུ་གང་བཞེངས་པར་འགྱུར་བའི་རིགས་བདག་གང་ཡིན་པའམ་བགེགས་མཐར་བྱེད་སོགས་ལས་ཀྱི་ཁྲོ་བོའི་སྐུར་ཡན་ལག་བཞི་རྫོགས་སམ་སྐད་ཅིག་གིས་བསྐྱེད་ལ་གནས་གསུམ་བརླབ། དེའི་ལག་པ་གཉིས་ཀྱི་མཐིལ་དུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན་དང་། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། པར་ལ་སོགས་བ་དེའི་ལག་ཆ་གང་ཡིན་རྣམས་དང་། ཚོན་ཐིག་དང་ཚོན་རྩི་ལ་སྤྲོ་ན་དཀྱིལ་ཆོག་རྣམས་ལས་གསུངས་པ་ལྟར་ཐིག་ཚོན་བྱིན་རླབས་བྱས་ནས། ཐིག་གདབ་པའམ་ཚོན་གྱི་བྱ་བ་རྫོགས་པ་ན་སོ་སོའི་ཡེ་ཤེས་པ་གཤེགས་སུ་གསོལ་བར་གསུངས་པའང་སྣང་ངོ་། །རྩི་ལ་སོགས་པའི་རྫས་ལ་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་པ་ལྟ་བུ་འཁོར་ལོས་སྒྱུར་བའི་སྔགས་དང་། ལས་ཐམས་ཅད་པའི་སྔགས་ཉེར་གཅིག་བཟླས་ལ་དེའི་ལག་ཏུ་གཏད་ཅིང་ཡིག་བརྒྱས་བརྟན་པར་བྱ། བཀྲ་ཤིས་བརྗོད། བཟོ་བོ་འཛུགས་སྟོན་


JKT008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཉེས་པར་བྱ་ཞིང་། དགེ་འདུན་ལ་སོགས་པ་ལ་བསྙེན་བཀུར་བས་མཚོན་རྒྱབ་རིམ་གྱི་དཔུང་བསྐྱེད། སྔར་རྒྱུ་ལ་བསྒོམས་པའི་ལྷ་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། བསྟོད་པ་གང་ཤེས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་བཛྲ་མུས་སྤྱན་དྲངས་པའི་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མི་དམིགས་པའི་ངང་རྒྱུ་སོ་སོའི་རྣམ་པར་བསམས་ལ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། འདི་ནི་བུ་སྟོན་རིན་པོ་ཆེའི་གསུང་རབ་ཀྱི་དངོས་བསྟན་ལྟར་བཀོད་པ་ཡིན་ལ། དེའང་ཀྲི་ཡས་མུ་ཙྪར། ཐམས་ཅད་དུའང་འདིར་བསྒོམས་པའི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ་ཞེས་པ་ཙམ་གསུངས་ཤིང་། བུ་སྟོན་རིན་པོ་ཆེས་སྔར་རྒྱུ་ལ་བསྒོམས་པའི་ལྷ་ལ་མཆོད་བསྟོད་བྱས་ནས་གཤེགས་སུ་གསོལ་ཞེས་དམིགས་བསལ་རྒྱུ་ལས་བསྐྱེད་པའི་ལྷ་ཁོ་ན་གཤེགས་སུ་གསོལ་བར་གསུངས། ཡིག་ཆ་གཞན་འགའ་ལས་བཟོ་བོ་ལ་བསྟིམས་པའི་ཡེ་ཤེས་པའང་གཤེགས་སུ་གསོལ་བར་གསུངས་པ་དང་། ལ་ལར་རྒྱུའི་ལྷ་གཤེགས་སུ་མི་གསོལ་བར། དེ་འོད་དུ་ཞུ་བ་ལས་རང་གི་རྣམ་པར་མོས་པའང་གསུངས་ཤིང་། གཞན་ཡང་སྐུ་རྟེན་གྱི་རྒྱུ་དང་བཟོ་བོ་བཅས་སྤྱིར་བཏང་མི་བསྐྱོད་པ་དང་། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་བཅས་རྣམ་སྣང་དུ་བསྐྱེད་པའང་གསུངས་སོ། །


JKT008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འཇིམ་པ་ལ་སྤྲོ་ན། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་ནས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ནས་འཇིམ་པ་ལ་ཐིམ་པས་འཇིམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང་། ལག་པ་གཡོན་པའི་མཐེའུ་ཆུང་བཀུག་པ་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབ་ཏུ་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་ས་མྱ་ཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སུམྦྷེ། ས་མེ་ས་མ་ཡེ། ཤཱནྟེ་དནྟེ། ཨ་ས་མཱ་རོ་བེ། ཨ་ན་ལནྡྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏཱི། མ་ཧཱ་ཏེ་ཛ། ནི་རཱ་ཀུ་ལེ། ནི་རཱ་ཝ་ཎེ། སརྦ་བུདྡྷ་ཨདྷིཥྛ་ན་ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་འདི་ལན་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བཞི་པ་ནི། གནས་གཙང་ཞིང་དབེན་པར་ཡིག་མཁན་གདན་བཟང་པོ་ལ་འཁོད་པའི་མདུན་དུ་ཤོག་བུ་དང་། སྨྱུ་གུ། སྣག་ཚ་རྣམས་ལེགས་པར་བསྟར། མཆོད་པ་བཤམ། །བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བསང་སྦྱངས་བྱིན་བརླབ། ཡིག་མཁན་བསང་


JKT008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧིལས་སྣང་བ་མཐའ་ཡས་སུ་ཡན་ལག་བཞི་རྫོགས་སོགས་ཀྱི་ཆོ་གས་བསྐྱེད། ཨོཾ་ཨ་མི་ཏཱ་དྷཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཞེས་པ་ལྟ་བུས་བསྟོད། དེའི་ལག་པ་གཉིས་ཀྱི་སོགས་སྔར་བཞིན་བྱིན་གྱིས་བརླབ། ཤོག་བུ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ལྔའི་བདག་ཉིད་ཤོག་བུ་རྣམས་ལ་དྷཱི༔ཡིག་དམར་སེར་འོད་འབར་བ། དེའི་འོད་ཟེར་གྱིས་གསུང་རྡོ་རྗེའི་ལྷ་ཚོགས་རྣམས་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་གྱུར་པར་བསམ། སྨྱུ་གུ་དང་། སྣག་ཚ་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ་དང་། ལས་སྔགས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་ཏེ། སྨྱུ་གུ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་དང་། སྣག་ཚ་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོ་དྷིཤུ་ཏི་སྨྲ་ཏི་བི་ཛཱ་ཡ་སརྦ་ཨཱ་ཛྙཱ་ན་པ་ཊ་ལ་ཨ་པ་ཧཱ་རི་ཎི་ཧཱིཝསྭཱ་ཧཱ། ཞེས་ཉེར་གཅིག་སོགས་བཟླས་པས་མངོན་པར་བསྔགས་ནས་ཡིག་མཁན་གྱི་ལག་ཏུ་གཏད་ཅིང་། སྣག་ཚའི་སྣོད་ཤེས་རབ་ཀྱི་རང་བཞིན་དང་། སྨྱུ་གུ་ཐབས་ཀྱི་བདག་ཉིད་ཟུང་དུ་འབྲེལ་བས་གང་ཞིག་ཤེས་རབ་དང་ཡེ་


JKT008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྣམ་པར་འཕྲོ་བས་གང་བྲིས་པ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་དུ་ཡོངས་སུ་རྫོགས་པར་གྱུར་པར་བསམ། ཡིག་བརྒྱས་བརྟན་པར་བྱ་ཞིང་བཀྲ་ཤིས་བརྗོད་དོ། །འདི་ལའང་ཀྲི་ཡས་མུ་ཙྪར་བསྒོམས་པའི་ལྷ་གཤེགས་སུ་གསོལ་བར་གསུངས་ནའང་། བུ་སྟོན་རིན་པོ་ཆེའི་གསུང་རབ་ལས་ནི་གོང་དུ་བཀོད་པ་ཁོ་ན་ལྟར་འབྱུང་ངོ་། །དེ་ལྟར་ཇི་སྐད་སྨོས་པ་དེ་རྣམས་ནི་ཅུང་ཟད་རྒྱས་པར་བྱ་བའི་ཚུལ་ཡིན་ལ། མདོར་བསྡུས་པ་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རྟེན་གསར་པ་ལ་ཨརྒྷཾའི་ཆོ་ག་ནི། གཙུག་ལག་ཁང་དང་མཆོད་རྟེན་ལ་ནི་སའི་ཆོ་ག་རྒྱས་པར་བྱས་ལ། དེའི་རྗེས་ལ་མཎྜལ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། འདིར་གཙུག་ལག་ཁང་ཆེན་པོ་དཀོན་མཆོག་གསུམ་གྱི་རྟེན་བསམ་གྱིས་མི་ཁྱབ་པས་གང་བ་ཞིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའམ། མཆོད་རྟེན་ཆེན་པོ་བྱིན་རླབས་དང་ལྡན་པ་ཞིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྱའོ། །པུསྟི་དང་བྲིས་སྐུ་ལ་སོགས་པ་བྱེད་ན་རས་འདུལ་བྱས་པ་དང་། ཤོག་སྐྱ་ལྟ་བུའི་དྲུང་དུ་མཆོད་པ་དང་གཏོར་མ་བཤམས་ལ། བདག་ལྷའི་ང་རྒྱལ་དང་ལྡན་པར་བྱ། རས་སམ་ཤོག་བུའི་སྟེང་དུ་སངས་རྒྱས་


JKT008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མཆོད་པས་མཆོད། བྲིས་སྐུ་དང་ཆོས་འདི་ལྟ་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་ལ། མཆོད་པ་དང་གཏོར་མ་བཏང་སྟེ་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཚོན་དང་། པིར་དང་། སྣག་ཚ་དང་། སྨྱུ་གུ་རྣམས་ལའང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་བསམས་ལ་ཡི་དམ་གྱི་ལྷའི་སྔགས་འགའ་བཟླ། ལྷ་བཟོ་དང་ཡིག་མཁན་ཡང་བདུད་རྩི་འཁྱིལ་པ་ལྟ་བུའི་ཁྲོ་བོའི་སྐུར་བསྒོམས་ལ། སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ་གཞག་གོ །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྟེན་རྙིང་པ་ལ་བྱ་བ་ནི། གྲོང་ཁྱེར་ལ་སོགས་པ་རུ། མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་རྙིང་པ་དང་། གས་པ་དང་། མེས་ཚིག་པ་དང་། ཞིག་པ་ལ་སོགས་པ་ལྷ་རྣམས་གནས་པས་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཡུལ་ཞིག་ནས་ནགས་སུ་འགྱུར་བ་དང་། འཁྱུག་པ་དང་། མུ་གེ་དང་། གྲོང་སྟོངས་ལ་སོགས་པའི་ཉེས་པ་འབྱུང་བས་ཞིག་པ་གསོ་བར་བྱའོ། །དེ་ལ་རང་ལྷའི་རྣལ་འབྱོར་རྒྱས་བསྡུས་གང་རུང་དང་ལྡན་པས་རྟེན་དེའི་མདུན་དུ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམ། རྟེན་དེ་ཉིད་ཡེ་ཤེས་པ་དངོས་སུ་བསམས་ལ་མཆོད་པ་བསང་


JKT008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བྱིན་རླབས་སྤྱི་ལྟར་སྦྱར་ལ་མཆོད་པས་མཆོད། རྟེན་དེ་གང་ལ་གཉེར་གཏད་པའི་སྲུང་མས་གཙོས་སྤྱི་སྒོས་ཀྱི་ཆོས་སྐྱོང་དང་གཞི་བདག་སོགས་ལ་གཏོར་མ་བཏང་ལ། བདག་གིས་སེམས་ཅན་གྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་བའམ། ཞིག་པ་གསོ་བར་བྱ། དེའི་ཕྱིར་དུ་སང་ནངས་པར་རབ་གནས་སྤོ་སྙམ་དུ་བསམས་ལ། པུས་མོ་བཙུགས་ཤིང་སྤོས་དང་རྡོར་དྲིལ་བཅས། འདི་ཞེས་རྟེན་གང་ཡིན་མི་མཚན་ནས་སྨོས་ཏེ་ཐུབ་སྐུ་ལྟ་བུ་ལ། ཤཱཀྱ་སེང་གེ་བཅོམ་ལྡན་འདས། ཞེས་པ་ལྟ་བྱའོ། །བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་ནངས་པར་སྤྲོ་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །རིག་པ་འཛིན་པ་བདག་གིས་ནི། །རིག་པའི་རྒྱལ་པོ་འདི་ཐུབ་པ་ཆེ་ཞེས་སོགས་བསྒྱུར། ཞེས་བྱ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནངས་པར་རབ་གནས་སྤོ་པ་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། །ཚོགས་པ་ཐམས་ཅད་རབ་གནས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་ཕབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམས་ལ་ཡི་


JKT008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གེ་བརྒྱ་པ་བརྗོད་ཅིང་བདག་བསྐྱེད་ཀྱི་མཇུག་གི་བྱ་བ་རྣམས་དཀྱུས་ལྟར་བྱ། །སང་ནངས་པར་རྟེན་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམ། དེའི་མདུན་དུ་མེ་ལོང་གཡའ་དག་པ་ཞིག་བརྟན་པར་བཞག་པ་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ནས། མཆོད་པ་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས། རྟེན་རྙིང་པ་ལ་མཆོད་པ་རྒྱས་པར་བྱ། གོང་གི་ཚིགས་བཅད་ལས། ནངས་པར་ཞེས་པའི་གནས་སུ་དེང་འདིར་ཞེས་བསྒྱུར་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྟེན་གྱི་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལ་ཐིམ་པར་བསམ་ཞིང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་དགུག་གཞུག་བཅིང་མཉེས་རྟེན་གྱི་ལྷ་མེ་ལོང་གཟུགས་བརྙན་དང་དབྱེར་མེད་དུ་གྱུར་པར་བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་མཆོད་བསྟོད་བཀྲ་ཤིས་གསོལ་ཏེ། དབུ་ཞབས་མི་ལོག་པའི་མཚན་མ་བྱས་ལ་དར་སེར་པོས་གཡོགས་ལ། རྒྱབ་ཏུ་རྒྱ་བཏབ་ལ་མཆོད་ཁང་དུ་བཞུགས་ལ་མཆོད་པ་དབུལ་ལོ། །བདག་བསྐྱེད་ཀྱི་མཇུག་གི་བྱ་བ་དཀྱུས་ལྟར་བྱ། རྟེན་གསར་པ་ཚར་བ་དང་རབ་གནས་དངོས་གཞིའི་ཚེ་མེ་ལོང་སྤྱན་དྲངས་ལ་མེ་ལོང་ཁ་ཕྱེ་སྟེ། ཡེ་ཤེས་


JKT008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུག་གཞུག་བྱེད་པའི་དུས་སུ་མེ་ལོང་ནང་གི་རྟེན་རྙིང་པའི་དམ་ཚིག་པ་ཡེ་ཤེས་པ་དང་བཅས་པ་དེ་སྒོ་བ་བཞིའི་སྔགས་རྒྱས་རྟེན་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་བྱ། དེའི་རྗེས་ལ་ཡེ་ཤེས་པ་སྤྱན་དྲངས་པ་ལ་སོགས་པ་རབ་གནས་བཞིན་རྒྱས་པར་བྱའོ། །དེ་ནས་རྟེན་རྙིང་པའི་རྡོའི་རིགས་ཆག་གྲུགས་སུ་གྱུར་པ་རྣམས་ནི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། དེར་སྐྱེལ་མི་ནུས་ན་རི་མཐོན་པོའི་རྩེ་མོར་ཕྱིན་ལ་དེར་ཁུང་བུ་བརྐོས་ལ་གཞུག་གོ། །ཤིང་ཡིན་ན་མར་གྱིས་བརླན་པའི་གོས་ཀྱིས་དཀྲིས་ལ་སྦྱིན་སྲེག་གི་མེ་ལ་བསྲེག་གོ །ཟངས་དང་འཁར་བ་སོགས་ཡིན་ན། རྟེན་གསར་པ་བཞེངས་པའི་རྒྱུའི་གསེབ་ཏུ་བཞུ་ལ་གཏོང་ངོ་། །ས་ཡིན་ན་གསར་དུ་བཞེངས་པའི་གསེབ་ཏུ་གཏོང་། གལ་ཏེ་ཐག་རིང་པོར་སྤོ་བ་ཡིན་ན། ཤིང་རྟའི་སྟེང་དུ་གཞག་གླང་ཁྱུ་མཆོག་གིས་དྲངས་ལ་བསྐྱལ། དེ་ཙམ་ཡང་མི་ནུས་ན་ཆུ་བོ་ཆེན་པོའི་གཞུང་དུ་གཏོང་། དེའང་མི་ནུས་ན་དེ་ཉིད་ཀྱི་ཉེ་ལོགས་སུ་ས་གཞན་དང་མ་འདྲེས་བར་མཆོད་རྟེན་བྱས་ནས་རབ་གནས་བྱས་ལ་གཞག་གོ །རྟེན་འདྲེ་ཅན་གྱི་རྒྱུ་ནི་གསར་པར་མི་བསྲེ་བར་དྲག་པོའི་བསྲེག་བླུགས་ཀྱིས་སྦྱངས་ནས་ཐལ་བ་ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནི་རྟེན་རྙིང་ནས་ཆག་གྲུགས་སུ་གྱུར་པ་གསོ་བ་ལ། རྟེན་གསར་པ་སྔར་བྱས་ཚད་མི་ཆུང་ཞིང་རྒྱུ་མི་ཞན་པ་ལ་


JKT008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རུང་གི། ཚད་ཆུང་ཞིང་རྒྱུ་ཞན་པ་ལ་ནི་བྱར་མི་རུང་ངོ་། །རྙིང་པ་མིན་ཡང་ཆུང་བ་ཆེ་རུ་གཏོང་བ་དང་། རྒྱུ་ངན་པ་བཟང་དུ་གཏོང་བ་ལ་ནི་བྱར་རུང་ངོ་། །གནས་འོ་བརྒྱལ་བའམ། འཇིག་པའི་ཉེན་དང་བཅས་པ་ནས་འོ་མི་བརྒྱལ་ཞིང་འཇིག་པའི་ཉེན་མེད་སར་སྤོ་བ་དང་། ཚད་མཉམ་པའམ་ལྷག་པར་བཞེངས་པ་ལ་རུང་གི །རང་གི་འདོད་པའི་ས་ཆ་དེར་མི་མཁོ་བར་ཤེས་པའམ། ནང་གཞུག་སོགས་ལ་རྔམས་པ་དང་། གྲུབ་མཐའི་ཀུན་སློང་ངན་པས་བཤིག་ནས་སྤོ་བ་ཡིན་ན་ཉེ་བའི་མཚམས་མེད་དུ་འགྱུར་བས་རྣམ་པ་ཐམས་ཅད་དུ་མི་རུང་ངོ་། །སློབ་དཔོན་ཨ་བྷཱ་ཡས་ནི་རྟེན་རྙིང་པའི་ཡེ་ཤེས་པ་ལ་མཆོད་བསྟོད་བྱས། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་བཏང་ནས། རྟེན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་འདོད་དོ། །འདི་རྣམས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གསུང་རབ་ལས་འབྱུང་བའི་དོན་ཅུང་ཟད་གསལ་བར་བཀོད་པ་ཡིན་ལ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དེའང་རྟེན་དེའི་སྤྱན་སྔར་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ལ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ནས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་དེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་པའམ་གསོ་བར་


JKT008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞིང་། དེའང་སང་ནངས་པར་བགྱིད་པར་འཚལ་ལོ། །ཞེས་གསོལ་བ་གདབ། དེ་བཞིན་དུ་ཆོས་སྐྱོང་སྲུང་མ་རྣམས་ལ་ཡང་གཏོར་མ་གཏང་ལ་གསོལ་བ་གདབ། ཡང་སང་ནངས་པར་རྟེན་གྱི་སྤྱན་སྔ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བྱས་ཏེ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་དེ་སྔ་མ་བཞིན་དུ་བརྗོད། སང་ནངས་པར་ཞེས་པའི་སྐབས་སུ་ད་ནི་རབ་གནས་སྤོ་བར་འཚལ་ཞེས་པ་གཞུག །དེ་ནས་མེ་ལོང་གཡའ་ཡོངས་སུ་དག་པ་ཞིག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ལ་གང་ཟག་ཁྱད་པར་ཅན་གྱིས་བྱས་པའི་རྟེན་ཡང་མེ་ལོང་གི་ནང་དུ་སྤྱན་དྲངས་པ་ལ་བཞུགས་སུ་བཅུག །དམ་ཚིག་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་བཅུག་ལ་མེ་ལོང་གི་ནང་དུ་གཞུག །དེ་ཅིའི་ཕྱིར་ཞེ་ན། རྟེན་དེ་བདེན་ན་མེ་ལོང་གི་འདིའང་བདེན། མེ་ལོང་གི་མི་བདེན་ན་རྟེན་འདིའང་མི་བདེན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མའམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསུངས་པའི་ཕྱིར་རོ། །དེ་ནས་མེ་ལོང་གི་རྟེན་དེ་ལ་མཆོད་བསྟོད་བསྡུས་པ་ཙམ་ཞིག་བྱས་ལ། སྟེང་འོག་མི་འཁྲུལ་བའི་མཚན་མ་བྱས་ཏེ་དར་སེར་པོ་སོགས་ཀྱིས་གཡོགས་ལ་རྒྱབ་ངོས་སུ་རྒྱ་བཏབ་ལ། རྟེན་གསར་པ་ཚར་ནས་རབ་གནས་


JKT008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བྱེད་དུ་ཁ་མི་དབྱེ་བར་མཆོད་པ་བཟང་སར་བཞུགས་སུ་བཅུག །ཅེས་གསུངས་ཤིང་། རྟེན་རྙིང་པ་ཇི་ལྟར་བྱ་བ་དང་། གསར་པ་གྲུབ་པའི་ཚེ་མེ་ལོང་གི་རྟེན་དེ་ལ་གཞུག་པ་སོགས་གོང་དུ་བཤད་མ་ཐག་པ་དང་འདྲ་བར་གསུངས། དེ་ལ་ཀུན་མཁྱེན་བསོད་ནམས་སེང་གེས་གསལ་བྱེད་མཛད་པར། རྟེན་གྱི་དྲུང་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། གཏོར་མ་གཅིག་བཤམ། རང་ཡི་དམ་གང་འདོད་ཀྱི་བསྒོམ་བཟླས་རྫོགས་པར་བྱ། མཆོད་པ་བསང་སྦྱངས་བྱིན་བརླབ། ཚིགས་བཅད་གང་ཡང་རུང་བས་མཆོད། རྟེན་དེ་ཉིད་ཀྱི་བསྟོད་པའམ། སྤྱི་བསྟོད་གང་རིགས་ཀྱིས་བསྟོད། གཏོར་མ་བསང་སྦྱངས་བྱིན་བརླབ། ཨ་ཀཱ་རོས་ཆོས་སྐྱོང་ལ་དབུལ། བདག་གིས་སེམས་ཅན་ཐམས་ཅད་སོགས་གོང་ལྟར་སྙན་གསན་དབབ་པ་ནི་སྦྱོར་བ་དང་། དངོས་གཞིའི་སྐབས་སྙན་གསན་དབབ་པ་ཡན་སྔར་ལྟར་རྗེས་མེ་ལོང་ལ་གཟུགས་བརྙན་འཆར་བ་ལ་ཡིད་གཏད་དེ། རྟེན་འདི་གང་ཟག་ཁྱད་པར་ཅན་གྱིས་རབ་གནས་བྱས་པ་ཡིན་ཡང་མེ་ལོང་གི་གཟུགས་བརྙན་ལ་སྤོར་རུང་སྟེ། ཅིའི་ཕྱིར་ཞེ་ན། རྟེན་འདི་བདེན་ན་སོགས་གོང་ལྟར་བསམ། དེ་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་དམིགས་ཏེ་རྟེན་དམ་ཚིག་པར་བསྐྱེད། པུསྟི་སོགས་ལ་དང་པོའི་ཁ་སྒྱུར་གཞི་གང་ཡིན་དེ་བསྐྱེད། གནས་གསུམ་


JKT008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབ། རྟེན་རྙིང་པའི་ཡེ་ཤེས་པ་གཞུག །མཆོད་བསྟོད་བསྡུས་པ་བྱས་ནས་རྒྱས་གདབ་པ་སོགས་གོང་ལྟར་གསུངས་སོ། །འདི་ལ་འགའ་ཞིག་གིས་རྟེན་རྙིང་པའི་ཡེ་ཤེས་པ་མེ་ལོང་གི་གཟུགས་བརྙན་ལ་བསྟིམ་དགོས་པར་མ་ཟད། དམ་ཚིག་པའང་བསྟིམ་དགོས་ཏེ། དམ་ཚིག་གི་རྟེན་དེ་གཞིག་དགོས་པའི་ཕྱིར་གསུངས་ཀྱང་། རྟེན་གྱི་དམ་ཚིག་པ་དང་། མེ་ལོང་གི་གཟུགས་བརྙན་དབྱེར་མེད་དུ་ཤེས་པའི་ཆོས་ཉིད་ལ་བློ་བཞག་པས་སྐྱོན་དུ་མི་འགྱུར་བར་སེམས་སོ། །དེ་ལྟར་རྟེན་གསར་རྙིང་ལ་བྱ་བའི་ཆོ་ག་འདི་རྣམས་ལ། ཀྲི་ཡ་ས་མུ་ཙྪའི་འགྱུར་དང་། བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཨརྒྷཾ་སྟེ་མཆོད་ཡོན་གྱི་ཆོ་ག་ཞེས་གསུངས་པ་ནི་ལྷག་པའི་ལྷ་ལ་མཆོད་ཡོན་སྔོན་དུ་འགྲོ་བས་སྙན་གསན་དབབ་པའི་ཆོ་ག་ཡིན་པས་དེ་སྐད་ཅེས་བྱ། །ཡང་རྒྱ་བོད་ཀྱི་དཔེ་འགའ་ཞིག་ལ་ཨ་རྐའི་ཆོ་ག་ཞེས་འབྱུང་བ་ནི། སྒྲ་དེ་རིན་ཐང་ཅན་ལ་འཇུག་པས། འཇིམ་པ་སོགས་ཀྱི་རྒྱུ་དམན་པ་ལས་བདེ་བར་གཤེགས་པའི་སྣང་བརྙན་འཇིག་རྟེན་གསུམ་གྱི་མཆོད་སྡོང་དཔེ་ཟླ་མེད་པའི་རིན་ཐང་ཅན་དུ་བསྒྲུབ་པའི་ཆེད་གནང་བ་ཞུ་བའི་ཆོ་གའམ། རྟེན་རྙིང་པ་ཞིག་རལ་ཅན་སོགས་གསར་པ་ཁྱད་པར་འཕགས་པར་བསྐྲུན་པའི་ཆེད་གནང་བ་ཞུ་བའི་ཆོ་ག་ཞེས་བཏགས་པར་སེམས་སོ། །ཞར་བྱུང་གཙུག་ལག་ཁང་སོགས་རྒྱ་ཆེན་


JKT008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞེངས་པའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་ཐུན་ཅུང་ཟད་འབྲི་ན། ཐོག་མར་ཤིང་གཅོད་པའི་སྐབས་ཀྱི་ཆོ་ག་ནི། སློབ་དཔོན་ཤིང་བཟོ་དང་བཅས་གཟའ་སྐར་དུས་ཚོད་བཟང་བའི་སྔ་དྲོ་ནགས་ཚལ་དུ་ཕྱིན། རང་ཉིད་བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་སྔོན་དུ་འགྲོ་བས་ཤིང་མཁན་ལས་བྱེད་དང་བཅས་པའང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་ཞིང་ཁ་ཤར་རམ་བྱང་དུ་ཕྱོགས་པས་ཤིང་ལ་བརྟག་པར་བྱ་སྟེ། ས་གཞི་བཟང་པོར་སྐྱེས་ཤིང་མདོག་ལེགས་ཤིང་སྣུམ་པ། དྲང་ཞིང་མཁྲེགས་པ། མེ་ཏོག་དང་འབྲས་བུ་དང་དྲི་ཞིམ་པོས་བརྒྱན་ཅིང་ཡལ་ག་རྒྱས་པ་སོགས་བླང་བར་བྱ་ལ། ཡལ་ག་ཡོངས་སུ་མ་རྫོགས་པའི་ལྕུག་ཕྲན་དང་། འཁྱོགས་པ་དང་། རྒྱས་པ་དང་། སྐམ་པ་དང་། གཅིག་པུར་སྐྱེས་པ་དང་། ཡལ་ག་ཆག་པ་དང་། གས་པ་དང་། མེས་ཚིག་པ་དང་། འད སྙིལ་པ་དང་། དུར་ཁྲོད་དང་ཁུང་བུ་དང་ལྷའི་གནས་དང་ལམ་གྱི་མདོ་དང་མི་གཙང་བའི་ཡུལ་དུ་སྐྱེས་པ་དང་། མཚེའུ་དང་། ཆུ་ཀླུང་གི་ངོགས་སུ་སྐྱེས་པ་དང་། །བྱ་དང་སྦྲུལ་གྱིས་ཚང་བཅས་པ་དང་། ཐོག་གིས་བཅག་པ་སོགས་ནི་སྤང་བར་བྱའོ། །དེ་ལྟར་ལེགས་པར་བརྟགས་ནས། ཇི་ལྟར་འོས་པའི་སར་མཆོད་པ་དང་། གཏོར་མ་བཤམ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་


JKT008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁའ་ཁྱབ་ཏུ་བཞུགས་པར་བསམས་ལ་ཕྱག་འཚལ་ཞིང་། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས་གཙུག་ལག་ཁང་ལ་སོགས་པའི་ཆེད་དུ་ཕྱོགས་འདི་ཉིད་སྒྲུབ་པར་བྱེད་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཡོངས་སུ་སྤེལ་བའི་སླད་དུ་གནང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། རིག་པ་འཛིན་པ་ཁྱོད་གཞན་གྱི་དོན་ལ་སྤྲོ་བས་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ། དེ་ནས་གྲུབ་ན་ཕྱོགས་བཞིའི་གཏོར་མའམ། མ་གྲུབ་ན་ཆ་གསུམ་སྤྱི་ལྟར་གཏོང་། འདོད་གསོལ་སྐབས། ས་ཕྱོགས་འདིར་གནས་པའི་ཕྱོགས་སྐྱོང་དང་། འབྱུང་པོ་དང་། ནགས་ཚལ་གྱི་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས་བསོད་ནམས་ཀྱི་སླད་དུ་གཙུག་ལག་ཁང་ལ་སོགས་པ་བཞེངས་པའི་ཕྱིར་ཤིང་བསླང་ན་དགའ་བ་དང་། དྭང་བ་དང་། གུས་པའི་བསམ་པས་སྦྱིན་པར་གྱིས་ཤིག་ཅེས་བརྗོད། བཟོ་བོ་སོགས་དགའ་སྟོན་གྱིས་ཚིམ་པར་བྱ་ཞིང་། བདག་བསྐྱེད་བསྡུས་ཏེ་ཉལ་བའི་རྣལ་འབྱོར་དང་ལྡན་པས་རྨི་ལམ་བརྟག་ནས་ངན་ན་བདུད་རྩི་


JKT008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བའི་སྔགས་ཀྱིས་བཟློག་ཅིང་། དེས་ཀྱང་མ་བཟློག་ན་གཞན་དུ་སྤོ། གནང་བའམ་མ་བཀག་པའི་མཚན་མ་ཐོབ་ན་ཇི་ལྟར་རིགས་པར་ལོངས་སྤྱད་པར་བྱ་སྟེ། ནགས་ཚལ་གྱི་མདུན་དུ་མཆོད་གཏོར་བཤམ། རྣམ་སྣང་སོགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས་ཤིང་གི་རིགས་སོ་སོའི་དབྱེ་བས་དེ་ལ་གནས་པའི་མ་མོ་དང་ཞིང་སྐྱོང་རྣམས་ལ་སོ་སོར་གཏོར་མ་འབུལ་བར་གསུངས་ཀྱང་དེ་འདྲའི་རྣམ་དབྱེ་ཆགས་དཀའ་ན། གདན་བཞི་ལས་གསུངས་པའི་གཏོར་ཆེན་ནམ། གུར་གྱི་ཕྱོགས་བཞི་གཏོར་མའམ། བདེ་མཆོག་སོགས་ལས་འབྱུང་བའི་མཁའ་འགྲོ་སྤྱི་གཏོར་བསྡུས་པ་བཏང་བའི་རྗེས། གཙུག་ལག་ཁང་སོགས་རྒྱུ་རུ་ནི། །དེ་རིང་ཤིང་གཅོད་བདག་སྤྲོ་བས། །ཁྱེད་རྣམས་ད་ནི་བཟོད་མཛད་ནས། །ཤིང་གཞན་ལ་ནི་གནས་པར་མཛོད། །ཅེས་ལན་གསུམ་གྱིས་འདོད་དོན་གསོལ་བས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་དགྱེས་བཞིན་དུ་གནང་བ་བྱིན་ནས་གཅད་བྱ་མ་ཡིན་པའི་ཤིང་གཞན་ལ་གནས་བཅས་ཏེ་སོང་བར་བསམ། སླར་ཡང་དེ་ལ་དམིགས་ཏེ་མཆོད་བསྟོད་གཏོར་མ་དབུལ། ཤིང་གཅོད་པ་པོ་བགེགས་མཐར་བྱེད་དུ་བསྐྱེད་ལ་ཁ་ཟས་བཟང་པོས་ཚིམ་པར་བྱས་ཏེ། སྟ་རེའི་སོ་ལ་ལས་སྔགས་ཀྱིས་བསྔགས་པའི་སྦྲང་རྩི་བྱུགས་ཏེ་ལག་གཡས་སུ་གཏོད་ནས།


JKT008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཡིད་ཀྱིས་ཤར་དང་བྱང་དུ་ཕྱོགས་པས་ཉི་མ་ལ་བལྟ་ཞིང་བཅད། དེ་རྣམས་བསྲུང་བའི་ཆེད་དུ་རང་ངམ་གཞན་གྱིས་རྨ་བྱ་ཆེན་མོའི་གཟུངས་བཀླག །ཤིང་འགྱེལ་བའི་ཚེ་མེ་མཚམས་སུ་འགྱེལ་ན་མེ་དང་། ལྷོར་འཆི་བ་དང་། ལྷོ་ནུབ་ཏུ་ནད་དང་། ཆུ་དང་རླུང་གི་ཕྱོགས་སུ་འགྱེལ་ན་དེ་དང་དེའི་འཇིགས་པ་འབྱུང་ཞིང་། ཕྱོགས་གཞན་དུ་འགྱེལ་ན་དགེ་ཞིང་ཤིས་པས་བླང་བར་བྱ་ལ། ཤིང་གཞན་ལ་འཁྲེན་པ་དང་བཅས་འགྲེལ་པ་དང་། འདར་བ་དང་བཅས་རིང་དུ་སོང་བ་སོགས་ངན་པ་ཡིན་པས་སྤང་བར་བྱ་བའམ། མི་ནུས་ན་དེ་ལྟ་བུ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྔགས་པའི་བུམ་ཆུས་གཏོར་བས་ཞི་བར་བྱའོ། །དེ་བཞིན་དུ་ས་བླང་པའི་སྐབས་སུ། ཤར་རམ་བྱང་དུ་ཁ་བལྟས་པའི་ས་དཀར་ཞིང་སྣུམ་ལ་གསེག་མ་སོགས་ཀྱི་སྐྱོན་དང་བྲལ་བའི་གཞིར་ཕྱིན་ལ་ཁ་ཤར་རམ་བྱང་དུ་ཕྱོགས་པས་བདུད་རྩི་འཁྱིལ་པ་སོགས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས་གཏོར་མ་ཆ་གསུམ་དང་། ཆབ་གཏོར་གཏོང་། ལྷག་པར་ས་བདག་ལྷ་ཀླུ་རྣམས་ལ་དམིགས་ཏེ། དཀར་གཏོར་མཆོད་པ་བཅས་བསང་སྦྱང་བྱིན་གྱིས་བརླབ། ཨོ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀར་ཡ་ཛས་མགྲོན་དགུག །ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་སོགས་ལན་གསུམ་གྱིས་དབུལ། ཨོཾ་ཨགྷཾ་སྭཱ་


JKT008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་སོགས་ཀྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་འདོད་དོན་གསོལ་བས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་ལོངས་སྤྱོད་ཅེས་གནང་བ་བྱིན་པར་བསམས་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། ཚོད་སྐུང་ལ། ཨོ་བཛྲ་སུ་ཏྲ་ས་མ་ཡ་ཧཱུྃ་ཞེས་བཟླས་པས་ཇི་ཙམ་བརྐོ་དགོས་པའི་རྒྱ་ཚད་དེ་བསྐོར་ལ། དེའི་མཐར་ཕུར་བུ་དངོས་སུ་བཏབ་པའམ་ཡིད་ཀྱིས་བཏབ་པས་བགེགས་རྣམས་ལ་ཕུར་བུས་གདབ་པར་བསམ་ཞིང་། ཨོ་ཀཱི་ལི་ཀཱི་ལཱ་ཡ་བཛཱི་བཛཱི་བྷ་ར་བྷནྡྷ་ཧཱུྃ་ཕཊ་ཅེས་བརྗོད། ཡུངས་ཀར་དང་དྲི་བཟང་གི་ཆུ་བསྲེས་ལ་ལས་སྔགས་བརྗོད་པས་ཕྱོགས་ཐམས་ཅད་དུ་གཏོར་བས་རིན་པོ་ཆེའི་ས་གཞིར་བསམ། ལས་བྱེད་པ་བགེགས་མཐར་བྱེད་དུ་བསྐྱེད་ལ། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ་ཞེས་ཇི་ཙམ་འདོད་པ་ཐིག་གི་མཚམས་ལས་མི་འདའ་བར་བརྐོ་བར་བྱའོ། །བརྩིག་པའི་ཆེད་རྡོ་བླང་བ་ནི། ཤར་དང་། བྱང་དང་། བྱང་ཤར་དང་། སྟེང་དུ་ཕྱོགས་པའི་རྡོ་མཁྲེགས་ཤིང་ཁ་དོག་བཟང་བ་བཙལ། མཆོད་རྟེན་གྱི་ཉེ་འཁོར་དང་། དུར་ཁྲོད་དང་ལམ་གྱི་གཞི་མདོ་དང་། ཁ་དོག་དམར་པོ་དང་། རུལ་བ་དང་། སྲོག་ཆགས་མང་བ་


JKT008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤང་བྱར་གསུངས། བླང་བའི་ཚེ་གཏོར་མ་ཆ་གསུམ་སོགས་བཏང་ཞིང་། ལས་སྔགས་བཟླ་བཞིན་བླང་ངོ་། །གཙུག་ལག་སོགས་བྱ་བའི་གཞིར་ས་སེལ་ཡོད་ན་དབྱུང་བ་དང་ཕུར་བུ་གདབ་པའི་ཆོ་ཀླུ ག་རྒྱས་པར་ཀྲི་ཡས་མུཙྪ་སོགས་ལས་འབྱུང་བ་ལྟར་བྱ། དེ་ཙམ་མི་ནུས་ན། དེ་དག་གི་སྐྱོན་སེལ་བས་མཚོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་བྱ་བའི་དོན་དུ་དབུས་དང་ཕྱོགས་མཚམས་སུ་ཀླུ་ཆེན་དགུའི་བུམ་པ་དང་། གཞན་ཡང་རིན་པོ་ཆེའི་གཏེར་གྱི་བུམ་པ་ཅི་རིགས་པ་སྦས། འོན་ཀྱང་ཡེ་ཤེས་པའི་རིགས་བསྐྱེད་བསྟིམ་བགྱིས་པའི་བུམ་པ་ནི་རྩིག་པ་སོགས་ཀྱི་ལོགས་སུ་སྦས་ན་ལེགས། རྩིག་པའི་ཕ་གུའམ། རྡོའམ། དེས་མཚོན་ཏེ་གྱང་བཏང་བ་སོགས་ཀྱི་ཚེ། ཨོཾ་ཤྲཱི་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ཨཱ་ལ་ཡཾ་ཨདྷི་ཏིཥྛནྟ་སྭཱ་ཧཱ་ཞེས་སོ་སོའི་ཟུར་ལ་ལན་བདུན་སོགས་བཟླས་པས་བྱིན་གྱིས་བརླབ། སྒོ་འཛུགས་པའི་སྐབས། བདག་གི་རྣལ་འབྱོར་དང་བཅས་ཧཱུྃ་ལས་བྱུང་བའི་སྒོ་དད་པའི་དབང་པོ་ལ་སོགས་པའི་ངོ་བོ་དང་། དག་པའི་བསམ་གཏན་གྱི་རང་བཞིན་མཛེས་པའི་རྟ་བབས་དང་ལྡན་པར་བསམས་ལ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་བརྒྱ་རྩ་བརྒྱད་བཟླས་པས་བརླབས་ཏེ། ཤར་སྒོ་གཤིན་རྗེ་གཤེད། ལྷོ་ཤེས་རབ་མཐར་བྱེད། ནུབ་པདྨ་མཐར་བྱེད། བྱང་བགེགས་མཐར་


JKT008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ངོ་བོར་བསམས་ལ་སོ་སོའི་སྔགས་བཟླ། ལྷའི་ངོ་བོར་གྱུར་པའི་སྒོ་དེ་ཉིད་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། །ཀ་བ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་གྱི་ཀ་བར་གྱུར་པར་བསམས་ལ་རྣམ་སྣང་གི་གཟུངས་བཟླ་བཞིན་གཟུག །དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའམ་ཧཱུྃ་མཛད་དང་། ཕྱོགས་མཚམས་རྣམས་གཤིན་རྗེ་མཐར་བྱེད་སོགས་རང་རང་གི་ཁྲོ་བོ་ཆེན་པོའི་སྔགས་རྣམས་ཀྱིས་ལན་བརྒྱ་རྩར་མངོན་པར་བསྔགས་ཏེ་མེ་ཏོག་འཐོར། ཤིས་བརྗོད་སོགས་བྱ། །གདུང་མ་ལ་སོགས་པའི་ཤིང་དགོད་པ་ན་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བསམས་ལ་ཕྱོགས་སོ་སོའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་སོགས་བཟླ་ཞིང་དགོད། །ཐོག་དབུབ་པ་ན། ཤིང་ལོ་གསར་པ་དགྲམ་ཞིང་རིགས་བྱེད་མ་དང་ཀླུ་ཆེན་དགུ་སོགས་ཀྱི་སྔགས་བཟླ། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་བརྒྱ་རྩ་སོགས་ཀྱིས་བརླབ། གཏོར་མ་དང་། ཞི་བའི་སྦྱིན་སྲེག་སོགས་བྱ་ཞིང་། གཙུག་ཏོར་རྣམ་རྒྱལ་མའི་སྒོ་ནས་གཟུངས་སྒྲུབ་བགྱིས་པའི་བུམ་ཆུས་ཕྱོགས་ཐམས་ཅད་དུ་གཏོར་བ་དང་། གདུགས་དང་འཕན་ལ་སོགས་པས་ཀྱང་བརྒྱན་ལ་ཤིས་པ་རྒྱ་ཆེར་བརྗོད། དགའ་སྟོན་བྱ། །གཉྫིར་སོགས་འཛུགས་


JKT008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། དེ་ཉིད་མཆོད་རྟེན་གྱི་ངོ་བོར་རྣམ་པར་བརྟགས་ཏེ་དྲི་མེད་རྣམ་གཉིས་ཀྱི་ཆོ་ག་ཚུལ་བཞིན་བགྱིས་ནའང་མཆོག་ཏུ་འགྱུར་ཞིང་། གང་ལྟར་ཡང་གཙུག་ཏོར་གདུགས་དཀར་གྱི་ཙཀྲ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གླེགས་བམ་སོགས་བྲིས་ལ་སོ་སོའི་འཛུགས་ཆོག་ལྟར་མངའ་གསོལ། ཐོག་དང་ས་གཡོས་སྲུང་བ། ནད་དང་འཁྲུག་པ་ཞི་བ། ནོར་དང་འབྲུ་འཕེལ་བ། ཚེ་དང་བསོད་ནམས་རྒྱས་པ། དགེ་འདུན་གྱི་སྡེ་འདུ་བ་སོགས་ལས་འཇམ་པོ་གསུམ་གྱི་འཁོར་ལོའི་རིགས་བྲི་སྒྲུབ་ཚུལ་བཞིན་དུ་བགྱིས་པ་དང་གཏེར་བུམ་གྱི་རིགས་སོགས་སོ་སོའི་ཆོ་གས་བཞུགས་སུ་གསོལ་ན་ཕུན་སུམ་ཚོགས་པར་འགྱུར་རོ། །རྒྱལ་མཚན་སོགས་འཛུགས་པའི་ཚེ། རིན་པོ་ཆེའམ། འཇིམ་པའམ། ཤིང་དང་། དར་ཟབ་སོགས་ལས་བྱུང་བའི་རྒྱལ་མཚན་གྱི་ནང་དུ་གཟུགས་གཞུག་སྤྱི་དང་། གདུགས་དཀར་དང་སོ་སོར་འབྲངས་མའི་འཁོར་ལོ་དང་གཟུངས། རྒྱལ་མཚན་རྩེ་མོའི་གཟུངས་ཀྱི་གླེགས་བམ་སོགས་བཅུག་ནས་རབ་ཏུ་གནས་ཏེ་དེ་དང་དེའི་སྒོ་ནས་འཛུགས་པའི་ཆོ་ག་བྱེ་བྲག་ཏུ་བྱ་ཞིང་། སྤྱིར་བཏང་ཙམ་ལ། །གཙུག་ལག་ཁང་སོགས་ཀྱི་སྟེང་ཐོག་ཤར་གྱི་ཆར་རྒྱལ་མཚན་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་སྐུད་པ་ལྔས་བཅིངས་ཏེ་བརྟན་པར་བཞག་པའི་མདུན་དུ་མཆོད་པའི་བྱེ་


JKT008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རྒྱས་པར་བསྟར། རང་གི་མདུན་དུ་ཁྲུས་བུམ་སོགས་དང་། གཞན་ཡང་འབྱོར་ན་གདུགས་དང་རོལ་ཆ་སོགས་སེར་སྦྲེང་ཡང་སྟ་གོན་དུ་བྱས་ནས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཁྲུས་བུམ་བསྒྲུབ། རྒྱལ་མཚན་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཆོད་རྟེན་གྱི་རྣམ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོ་བར་གྱུར་པར་བསམ། སྦྱང་བ་གསུམ་དང་། ཁྲུས་གསོལ། སྐུ་ཕྱི་རྣམས་བྱ། མེ་ཏོག་དམ་པ་ཕྲེང་བ་དམ་པ་སོགས་ཀྱིས་མཆོད། དེ་ནས་ལས་ཀྱི་རྡོ་རྗེས་བུམ་པའི་ཆུ་གཏོར་ཞིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་པས་སྣེ་དྲངས་ཏེ་སེར་སྦྲེང་དང་བཅས་རྒྱལ་མཚན་ཐོགས་ལ། ཤར་ནས་རྣམ་སྣང་འོད་ཀྱི་རྒྱལ་པོའི་གཟུངས་ཉེར་གཅིག་བཟླས་ལ་མེ་ཏོག་འཐོར། །དེ་བཞིན་དུ་གཡས་སྐོར་གྱིས་ལྷོ་ནས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ལན་གཅིག །ནུབ་ནས་ༀ་ཨ་མཱི་ཏེ་སོགས་འོད་དཔག་མེད་ཀྱི་གཟུངས་ལན་བདུན། བྱང་ནས། ཨོཾ་བོ་དྷི་བོ་དྷི་སརྦ་བོ་དྷི་སརྦ་ཏ་ཐཱ་ག་ཏ་གོ་ཙ་རི་དྷ་ར་ཙ་རི་དྷ་ར། ཧ་ར་ཧ་ར། པྲ་ཧ་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་དྷ་ར། ཙུ་ལུ་ཙུ་ལུ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་


JKT008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཀྟེ་གུ་ཎ་ག་ག་ནཾ་ཤུདྡྷ། གུ་ཎ་ཨ་བ་བྷ་སེ་མི་ལི་མི་ལི། ག་ག་ན་ཏ་ལ་པྲ་ཏིཊྛི་ཏེ། ཤ་མ་ཤ་མ་པྲ་ཤ་མ་པྲ་ཧ་མ། སརྦ་པཱ་པ་པྲ་ཤ་མ་ནེ་སརྦ་པཱ་པ་བི་ཤོ་དྷ་ནི། ཧུ་ལུ་ཧུ་ལུ་མ་ཧཱ་བོ་དྷི་མན་སཾ་པྲ་ཏིཊྛི་ཏེ། སརྦ་ཏ་ཐཱ་ག་ཏ་མུ་དྲེ་སྭཱ་ཧཱ། ཞེས་རྡོ་རྗེ་སྙིང་པོ་རྒྱན་གྱི་གཟུངས་ཚར་བདུན་གདོན། །སོ་སོའི་མཐར་བཀྲ་ཤིས་ཀྱི་ཚིགས་བཅད་དང་བཅས་མེ་ཏོག་འཐོར། སླར་ཡང་ཤར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ད་ཤ་དཱིཔཱུ་ཛཱ་ལ་ཛཱ་ལ་དྷ་རྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ་ཞེས་དང་། ཡེདྷ་རྨབརྗོད་ཅིང་སྒོ་ཁང་གི་སྟེང་གི་དབུས་སུ་ཤིན་ཏུ་བརྟན་པར་བཙུགས་ལ། ཨོཾ་ཨཱབཛྲ་དྷཱ་ཛ་བ་ཏཱི་ཛ་ཡོཏྟ་རེ་སྭཱ་ཧཱ། ཞེས་དང་། བརྟན་བཞུགས་ཤིས་བརྗོད་སྤྱི་ལྟར་བྱ། སྨོན་ལམ་རྒྱ་ཆེར་གདབ། བདག་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་རྣམས་དཀྱུས་ལྟར་བྱའོ། །དེ་བཞིན་དུ་གདུགས་ལ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱང་བའི་རིན་པོ་ཆེའི་གདུགས་ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་ཅིང་ཡིད་འཕྲོག་པའི་མཚན་མས་མཛེས་པ་ཉོན་མོངས་པའི་ཚ་གདུང་སེལ་བར་གྱུར་པར་བསམས་ལ། ཨོཾ་ན་མས་མནྟ་བུདྡྷ་བོ་དྷི་ས་ཏཱ་ནཱི་ཨཱ་ཙནྡ་ཙྪ་ཏྲ་ཨཱ་བ་ལི་སྭཱ་ཧཱ། ཞེས་ཁྱད་པར་གྱི་རིག་པ་བརྒྱ་རྩ་བརྒྱད་བཟླས་པ་དང་། པཱ་ལས་བྱུང་བའི་ཁ་དོག་སྣ་ཚོགས་པའི་བ་


JKT008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དན་དམ་པའི་གྲགས་པ་དང་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་དུ་གྱུར་པར་བསམས་ལ། ཨོཾ་ཨཱབཛྲ་ཀེ་ཏུ་བཛྲ་པ་དཾ་ཀེ་ཨ་དྷི་ཏིཥྛ་པཾ་སྭཱ་ཧཱ་ཞེས་པས་བ་དན་དང་། ཙཾ་ལས་རིན་པོ་ཆེ་སྣ་ཚོགས་པའི་ཡུ་བ་ཅན་གྱི་རྔ་ཡབ་བཀྲ་ཤིས་ཆེན་པོ་འབྱུང་བར་གྱུར་པར་བསམས་ལ། ཨོཾ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ་ཞེས་པས་རྔ་ཡབ་རྣམས་འཛུགས་པར་གསུངས་སོ། །གོང་འོག་ཐམས་ཅད་དུ་ཉེ་བར་མཁོ་བའི་བདུད་རྩི་འཁྱིལ་པའི་བསྒོམ་བཟླས་ནི། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཁོ་བོས་ལོགས་སུ་བྲིས་པ་ལས་ཤེས་ཤིང་། བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་བྱ་ཚུལ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷ་རྨཱསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཨོྃ་ལས་ཉི་མ་ལ་རང་ཉིད་ཧཱུཾ་ལས་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་དང་


JKT008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཞགས་པ་འཛིན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྗེས་ཤིང་ཁྲོ་བོའི་ཉམས་ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཡང་འོད་འཕྲོས་དབང་གི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛ༔ ཨོཾ་ཨབྷི་ཥིཉྩ་ཏུ་མཾ། བཛཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱབི་བྷཱནྟ་ཀྲི་ཏྭ་ཧཱུྃ། ཅི་ནུས་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོ་བོའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་འདི་སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་ཡིན་པས་རྟེན་བཞེངས་སྐབས་བཟོ་བ་ཕལ་ཆེར་བགེགས་མཐར་བྱེད་དུ་བསྐྱེད་པ་ཤས་ཆེ་བ་བཞིན་འབུར་བྲིས་ཀྱི་བཟོ་བ་རྣམས་ནས་འདིའི་རྗེས་གནང་ཐོབ་ཕྱིན་གས་ནས་ཚད་བཟླ་ཞིང་བཟོ་འཕྲོ་འཇོག་པ་དང་དགེ་བ་བསྔོ་བས་འགྲོ་འཆག་ཉལ་འདུག་གཏམ་སྨྲ་བརྗོད་སོགས་འཕྲལ་གྱི་གཡེང་བ་


JKT008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལའང་འཛེམ་མི་དགོས་སོ། །ཞེས་འབྱུང་ངོ་། །གཎཱི་སོགས་འབུད་དཀྲོལ་བརྡུང་གསུམ་གྱི་རོལ་མོའི་རིགས་ཐམས་ཅད་སྤྱིར་བཏང་སྣང་བ་མཐའ་ཡས་སུ་བསྐྱེད་ཅིང་རབ་ཏུ་གནས་པས་ཁྱབ་ནའང་ཀྲི་ཡས་མུཙྪ་སོགས་ལས་དམིགས་བསལ་གྱི་ཆོ་ག་གསུངས་པ་རྟེན་འབྲེལ་གྱི་ཆེད་ཅུང་ཟད་འབྲི་ན། གཞུང་དེ་ཉིད་ལས། སྣ་ཚོགས་ཚོན་རྣམས་ཀྱིས་ནི་ལེགས་པར་བྱུགས། །གང་ཡང་ཚད་ལྡན་ཚོན་གྱི་ཕྲེང་བ་འབར། །དམར་པོའི་ཚོན་གྱིས་འབར་ཞིངས་བཟང་སྐྱེས། །བརྡུང་ན་དབྱངས་བཟང་བ་ནི་གཎྜིའོ། །ཞེས་པ་ལ་སོགས་པའི་ཚད་དང་མཚན་ཉིད་ལྡན་པ་ཟུར་དུ་བརྩམ་པར་བྱ་ཞིང་སོགས་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་འཇམ་དཔལ་དཔའ་བོ་གྲུབ་པ་ལས་གསུངས་པའི་སེར་བ་ཟློག་པའི་སྔགས་ཀྱང་བྲི་སྲོལ་སྣང་། བརྒྱན་པ་བྱང་ཤར་དུ་རིན་པོ་ཆེའི་ཁྲི་ལ་བཀུར་སྟི་དང་བཅས་ཏེ་དགོད་ཅིང་། དྷིཡིག་ལས་སྐྱེས་པའི་གཎྜི་ཆེན་པོ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཡུམ་ཆེན་མོའི་ངོ་བོར་བསམས་ལ། ཨོ་དྷིཤུ་ཏི་སྨྲ་ཏི་ག་ཏི་བི་ཛ་ཡེ་པྲ་ཛྙཱ་པྲ་ཛྙཱ་བ་ལ་དྷིདྷ་ར་ཎི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས། རྟེན་འབྲེལ་སྙིང་པོ་ལན་གསུམ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་


JKT008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཐོར། སྒོ་ཁང་གི་སྟེང་དུ་ལེགས་པར་བཤམས་པའི་ཁྲི་ལ་གཞག །བརྡུང་བའི་ཚེ་ཡུམ་ཆེན་མོའི་ངོ་བོར་མོས་པས་ཕྱག་འཚལ་ཞིང་ཕྲག་པར་བླངས་ལ། ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚུལ་གྱིས་ཤང་ཚ་ལན་གསུམ་སྔོན་དུ་འགྲོ་བས། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་འབྱུང་བ་དང་བཟློག་པའི་ཆོས་ཀྱི་སྒྲ་དབྱངས་ཟབ་མོ་རྒྱུན་མི་འཆད་@པར་སྒྲོགས་པར་མོས་ཏེ་བསྐྱེད་པ་དང་སྡུད་པའི་ཚུལ་གྱིས་རྒྱུད་གསུམ་དང་། མཐར་སྐུ་གསུམ་དུ་ཐིམ་པར་མཚོན་པའི་ཏོག་གསུམ་བྱ་བ་སོགས་ཚུལ་བཞིན་དུ་བརྡུངས་པའི་ཕན་ཡོན་ནི། གཙུག་ལག་ཁང་དུ་ཆོ་ག་དྲན་པ་ཡིས། །རྟག་ཏུ་ཉིན་བཞིན་ལན་གསུམ་བཞིའམ་ལྔར། །ཞི་བསྒོམ་དམིགས་པས་གཎྜི་རྡུང་བྱེད་ན། །གནས་དེར་ཡོན་ཏན་ཚོགས་ཀྱིས་ཕུན་ཚོགས་པའི། །དགེ་སྦྱོང་རྣམས་ནི་བརྟན་པར་ངེས་གནས་འགྱུར། །གང་ཡང་སྒྲ་ནི་ཐོས་པར་གྱུར་པ་དེར། །ནོར་དང་སྐྱེ་བོའི་ཕུན་ཚོགས་རྒྱུན་ལྟར་འགྱུར། །ཞེས་པས་མཚོན་ཏེ་གཎྜིའི་མདོ་སོགས་ལས་རྒྱ་ཆེར་གསུངས་པས་ན་སྲིད་པ་དང་ཞི་བའི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱེད་པ་ཉིད་དོ། །དེ་ལྟར་རྟེན་གསར་རྙིང་ལ་བྱ་བའི་ཨརྒྷཾའི་ཆོ་ག་ཞར་བྱུང་དང་བཅས་པ་འདིའང་།


JKT008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསུང་རབ་ཡོ་གའི་རབ་གནས་བཀྲ་ཤིས་རབ་རྒྱས་ལ་གཞི་བྱས། ཀྲི་ཡ་ས་མུ་ཙྪ་དང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་སོགས་རྒྱ་བོད་ཀྱི་གཞུང་ཚད་ཐུབ་རྣམས་ལས་མདོ་ཙམ་བཏུས་ཏེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་བསྟན་འགྲོའི་རྒུད་པ་ཐམས་ཅད་ཞི་ཞིང་། དགེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་སུ་ཤེ་ཡསྤུ་ཊཾ་བྷ་བ་ཏུ།། སྐུ་བལྟམས་ལུམྦིའི་ཚལ་ཉིད་དུ། །པདྨ་སྤུངས་པའི་མཆོད་རྟེན་ཆེ།།


previousརྟེན་གསར་རྙིང་ལ་བྱ་བའི་ཨགྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ།next