Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན།next

ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན།


JKT009_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ འཆི་མེད་གྲུབ་པའི་ཡེ་ཤེས་སྐུ། །བླ་མ་ཚེ་དཔག་མེད་མགོན་ཞབས། །བཏུད་ནས་བསྟན་འཛིན་སྐྱེས་བུ་ལ། །བརྟན་བཞུགས་འབུལ་བའི་ཆོ་ག་དབྱེ་། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུས་ཚེས་དགེ་བར་གནས་ཁང་བཀོད་པས་མཛེས་པར་དཀོན་མཆོག་སྤྱི་དང་། ཚེ་དཔག་མེད་ཀྱི་རྟེན་བཀྲམ་པའི་ཕུགས་སུ་བླ་མའི་བཞུགས་ཁྲི་ལ་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོ་ཅན་གདིང་། ཉེ་ལོགས་ཅི་རིགས་པར་དབང་ཆོག་ལས་ཇི་ལྟར་འབྱུང་བའི་མདུན་བསྐྱེད་ཀྱི་རྟེན་མཆོད་གཏོར་དང་བཅས་པ། བཀྲ་ཤིས་རྫས་བརྒྱད་སོགས་མངའ་འབུལ་གྱི་ཆས། མཎྜལ་དང་རོལ་མོའི་བྱེ་བྲག་སོགས་འོག་ཏུ་མཁོ་བ་རྣམས་འདུ་བྱས་ནས། སྔོན་གཏོར་གཏོང་བ་དང་། །གནས་ཡོ་བྱིན་རླབས་ནས་བཟུང་སྟེ། གཏོར་


JKT009_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུལ་བའི་བར་དབང་ཆོག་ལྟར་དང་། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་པ་སྤྱི་ལྟར་བྱའོ། །གཉིས་པ་ནི། བརྟན་བཞུགས་འབུལ་ཡུལ་དེ་ཉིད་སྤོས་དང་རོལ་མོ་སོགས་བཀུར་སྟི་དང་བཅས་གདན་དྲངས་ཏེ་ཁྲི་ལ་བཞུགས་སུ་གསོལ། སྦྱོང་བ་གསུམ་སྤྱི་ལྟར་སྔོན་དུ་འགྲོ་བས་ཁྲུས་གསོལ་དང་བཅས་པའི་མཐར། བརྟན་བཞུགས་འབུལ་ཡུལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟར་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་ཤིང་ལྷུན་སྟུག་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་དཔལ་ལྡན་བླ་མ་དམ་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱིདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་ནས། མཚན་དཔེའི་གཟི་བྱིན་འབར་བའི་སྐུར་གྱུར་པའི་དབུའི་སྤྱི་བོའི་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་དང་།


JKT009_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་སྐུ་ལུས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་བརྙེས་པར་གྱུར། རྩ་སྔགས་མཐར། ཛཧཱུྃ་བཾ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ་ཨཱ ཞེས་བརྗོད་ཅིང་སྤྲོས་རོལ་དང་བཅས་བྱིན་དབབ། །ཨོཾ་ཨཱཿཧཱུྃ་ཧིཧི༔ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །སོགས་བརྒྱུད་འདེབས་ཀྱི་མཐར། ཞེས་གསོལ་བ་བཏབ་པས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་སྐུ་ལུས་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་ཡར་བ་དང་འཐོར་བ་དང་ཉམས་ཆགས་སུ་གྱུར་བ་ཐམས་ཅད་དང་། འབྱུང་བ་བཞིའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དཔལ་བསོད་ནམས། སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་སོགས་འཁོར་འདས་ཐམས་ཅད་ཀྱི་བཅུད་དང་དགེ་མཚན་རྣམས་བསྡུས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། སླར་ཡང་དེ་དག་གི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། དཔལ་ལྡན་བླ་མ་དམ་པའི་དབུ་གཙུག་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བརྙེས་པར་གྱུར། ཅེས་བརྗོད་ཅིང་། རྩ་སྔགས་དང་སྤོས་རོལ་བྱ། དེ་ནས་ཚེ་བུམ་བཏེག་ལ། གོང་གི་དམིགས་པ་དང་བཅས། ཨོཾ་ཨཱཧཱུྃ་ཧཱིཧི༔ སྣང་བ་མཐའ་ཡས་སོགས་ནས། ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་


JKT009_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སོགས་བརྗོད་ཅིང་ཕུལ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེའི་རིག་འཛིན་བརྙེས་པར་གྱུར་ཅིག །ཅེས་དང་། སྔགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྦྱར། དེ་བཞིན་དུ་ཚེ་རིལ། བཀྲ་ཤིས་ཚེ་བརྟན་སོགས་ནས། དེ་རིང་ཁྱོད་ཀྱིས་གསོལ་བར་བགྱི། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། །ཞེས་དང་། སྔགས་བརྗོད་ཅིང་འབུལ། ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །སྔགས་རོལ་བྱ། འཆི་མེད་ཚེ་ཡི་དཔལ་ལ་སོགས་བརྗོད་ཅིང་ཚེ་ཆང་ཕུལ། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་ཅིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་དངོས་


JKT009_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྙེས་པར་གྱུར་ཅིག །སྔགས་རོལ་བྱ། དེ་ནས་བཀྲ་ཤིས་པའི་རྫ་ས་བརྒྱད་བསང་སྦྱང་བྱིན་བརླབ་སྤྱི་ལྟར་བྱས་ལ། སྔོན་བཅོམ་ལྡན་འདས་ལ་སོགས་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་དཔལ་ལྡན་བླ་མ་དམ་པའང་མེ་ལོང་གི་རྫས་ལ་བརྟེན་ནས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །སོགས་བརྗོད་ལ། དེ་བཞིན་དུ་ཡུངས་ཀར་གྱི་བར་འགྲེས་ཤེས་པར་བྱ། སྤྲོ་ན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་ཀྱང་འབུལ། སླར་ཡང་སྤྱི་བོའི་སྟེང་གི་བླ་མ་བརྒྱུད་པ་རྣམས་རིམ་གྱིས་འོད་དུ་ཞུ་ནས་དཔལ་ལྡན་བླ་མ་དམ་པའི་སྐུ་ལུས་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཆི་མེད་ཚེ་མཐའ་ཡས་པའི་རང་བཞིན་དུ་གྱུར་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་འབེབས་ཤིང་། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བར་གྱུར། །ཤིས་བརྗོད་རྒྱས་པའི་མཐར་མེ་ཏོག་གི་ཆར་དབབ། རོལ་མོ་བྱ། སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་རྒྱས་བསྡུས་འཚམས་པའི་ཞལ་བཞེས་ཞུ་བའི་བཤད་པ་དང་། མཎྜལ་གྱི་རྣམ་


JKT009_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཇི་ལྟར་རིགས་པ་ཞུ་ཞིང་། གང་ལྟར་ཡང་མཎྜལ་རྒྱས་པར་འབུལ། བླ་མ་དམ་པ་དེ་རང་གི་བརྟན་བཞུགས་གསོལ་འདེབས་དམིགས་བསལ་ཡོད་ན་དང་། སྤྱི་འགྲོའི་བརྟན་བཞུགས་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་ལྷག་བསམ་རྣམ་པར་དག་པས་མགྲིན་གཅིག་ཏུ་གདབ། གསུམ་པ་ནི། ཁ་ན་མ་ཐོ་བ་སྤངས་པའི་དགའ་སྟོན་རྒྱ་ཆེར་སྤེལ། མདུན་བསྐྱེད་ཀྱི་རྗེས་ཆོག་དཀྱུས་ལྟར་དང་། ལེགས་ཚོགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས་པས་མཐའ་བརྒྱན་པར་བྱའོ། །སྲིད་འདིར་ཕན་བདེའི་སྒོ་གཅིག་པུ། །བསྟན་པའང་དེ་ཉིད་འཛིན་ལ་རག །དེ་ཕྱིར་བརྟན་བཞུགས་ཆོ་གའི་ཚུལ། །སྤེལ་འདིས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་བླ་མ་ཞི་ཁྲོའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དང་རྗེས་སུ་འབྲེལ་བའི་བརྟན་བཞུགས་ཀྱི་ཆོ་ག་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །ཞེས་པ་འདི་ནི་རྗེ་གྲུབ་ཐོབ་ཆེན་པོ་ངུར་སྨྲིག་འཆང་བའི་རྣམ་པར་སྣང་བ་མཉྫགྷོ་ཥའི་ཞལ་སྔ་ནས་མཛད་པའོ།། །།


previousཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོ་ག་ཉེ་བར་བསྡུས་པ་འཆི་མེད་གྲུབ་པའི་དགའ་སྟོན།next