Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་མདོར་བསྡུས་པ་འཆི་མེད་བདུད་རྩིའི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་མདོར་བསྡུས་པ་འཆི་མེད་བདུད་རྩིའི་སྙིང་པོ།next

ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་མདོར་བསྡུས་པ་འཆི་མེད་བདུད་རྩིའི་སྙིང་པོ།


JKT009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་མདོར་བསྡུས་པ་འཆི་མེད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷུ༔ དྲན་པས་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་སྩོལ་མཛད་བླ་མ་དང་། །འཆི་མེད་མགོན་པོར་གུས་བཏུད་ནས། །ཟབ་ལམ་བདུད་རྩིའི་སྙིང་པོ་སྦྱིན། འདི་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི་རྗེས་སོ། །དང་པོ་ནི། བྱིན་རླབས་དང་ཁྲིད་རིམ་ཟབ་མོས་རྒྱུད་སྨིན་པའི་རྣལ་འབྱོར་པས། ཐུན་མོང་གི་སྔོན་འགྲོས་བློ་སྦྱངས་ནས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་འཇུག་པའི་ཐོག་མར་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་བཏབ་སྟེ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་ནི་བྱང་ཆུབ་མ་ཐོབ་བར། །བླ་མ་


JKT009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ལན་གྲངས་ཇི་ལྟར་ནུས་པའི་མཐར། །བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། སེམས་བསྐྱེད་ནི། མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་བླ་མེད་བྱང་ཆུབ་ཐོབ་པར་བྱ། །དེ་ཡི་ཆེད་དུ་ཚེ་དཔག་མེད་མགོན་གྱི། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། ལན་གསུམ། སྤྲོ་ན་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་གྱིས་བཞུགས་པ་ཡི། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཀྱིས་བསྐོར། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་ཏེ། །བདུད་རྩིའི་ཆུ་རྒྱུན་ཞབས་གཡས་མཐེ་བོང་ལས། །བབས་ཏེ་སྨིན་མཚམས་ནས་ཞུགས་ལུས་ཀུན་གང་། །ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར། ཡི་གེ་བརྒྱ་པ་ཅི་ནུས་ཀྱི་མཐར་བཤགས་སྡོམ་སྤྱི་ལྟར་བྱས་ནས་རང་ལ་བསྟིམ་སྟེ་མཉམ་པར་འཇོག །བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་གསལ་བའི་


JKT009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །རང་གི་སྤྱི་བོར་རྨ་བྱས་བཏེགས་པ་ཡི། །རིན་ཆེན་ཁྲི་དང་དར་ཟབ་འབོལ་བརྩེགས་སྟེ། །པདྨ་ཟླ་བ་ཉི་མའི་གདན་གྱི་དབུས། །རྩ་བའི་བླ་མ་མགོན་པོ་ཚེ་དཔག་མེད། །དམར་གསལ་ལྷཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་། །འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་སྤྱི་གཙུག་པད་ཟླའི་གདན་གྱི་སྟེང་། །བརྒྱད་པའི་བླ་མ་རྣམས་ཀྱང་ཐོ་བརྩེགས་སུ། །བཅོམ་ལྡན་ཚེ་དཔག་མེད་མགོན་རྣམ་པ་ཅན། །བདག་ལ་དགྱེས་བཞིན་བཞུགས་པའི་ཐུགས་ཀ་ནས། །འོད་འཕྲོས་སྐྱབས་ཡུལ་མཐའ་དག་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །སྤྲོ་ན་སྐབས་འདིར་མཎྜལ་ཅི་ནུས་འབུལ། མཐར། སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་གསོལ་བཏབ་རིམ་གྱིས་འོད་ཞུ་ནས། །ཁྱབ་བདག་རྩ་བའི་བླ་མར་ཐིམ་པ་ཉིད། །དབང་བཞི་བསྐུར་བའི་ཚུལ་གྱིས་རང་ཉིད་ལ། །ཐིམ་པས་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་འཛིན་མེད་


JKT009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངང་དུ་བློ་བཞག །གཉིས་པ་དངོས་གཞི་ལ་བསྐྱེད་རྫོགས་གཉིས་ལས། །དང་པོ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོ་ཉཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་དབུས། །པཾ་ལས་པད་དཀར་ཨ་ལས་ཟླ་བའི་སྟེང་། །ཧཱི༔ཡིག་དམར་གསལ་བྱེ་རུའི་མདོག་ཅན་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་བླ་མ་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །མཉམ་བཞག་སྟེང་ན་བདུད་རྩིའི་ཚེ་བུམ་བསྣམས། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་བཀླུབས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ་གཉིས་སུ་མེད་པར་ཐིམ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་བཅོམ་ལྡན་འོད་དཔག་མེད། །སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་རྒྱན་གྱུར། །ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཨདྷཾ་པྲ་ཏིཙྪ་སྭཱ་ཧཱ། །ནས། ཤརྡའི་བར་གྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །


JKT009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཅེས་མཆོད་ཅིང་བསྟོད་ལ། མདུན་བསྐྱེད་ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་ཀུན། །བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། །ཞུ་ཞིང་ཁོལ་བས་འཆི་མེད་བདུད་རྩིར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥ། ས་ར་ཧེ། ཀ་རེ་རེ། ཤྭ་ར་རེ་ཧཱུྃ། ཞེས་པས་གསོལ་བཏབ་ཡེ་ཤེས་བདུད་རྩིའི་རྒྱུན། །དཀར་དམར་མདངས་ཅན་ཚངས་པའི་སྒོ་ནས་ཞུགས། །ལུས་ཀུན་གང་བས་ནད་གདོན་སྡིག་སྒྲིབ་སྦྱངས། །ཁྱད་པར་ཚེ་སྲོག་ཉམས་པ་སོར་ཆུད་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླ། དེ་བཞིན་དུ། ཨོཾ་བཛྲ་ཨཱ་ཡུ་ཥ་སོགས་ཀྱིས་གསོལ་བ་བཏབ་ལ། སླར་ཡང་འོད་འཕྲོས་རླུང་གི་ནུས་བཅུད་ཀུན། །བུམ་པར་ཐིམ་ཞིང་བདུད་རྩི་ལྗང་གུར་ཞུ། །རང་གི་ལུས་གང་དུས་མིན་འཆི་བ་སྦྱངས། །ཁྱད་པར་ཡང་ཞིང་སྟོབས་རྩལ་ལྡན་པར་གྱུར། སྙིང་པོ་བརྒྱ་རྩ་བཟླས། སླར་ཡང་འོད་འཕྲོས་མེ་ཡི་ནུས་བཅུད་ཀུན། །བུམ་པར་ཐིམ་ཞིང་བདུད་རྩི་དམར་པོར་ཞུ། །རང་གི་ལུས་གང་དུས་མིན་འཆི་བ་སྦྱངས། །ཁྱད་པར་དྲོད་དང་བཀྲག་མདངས་རྒྱས་པར་གྱུར། སླར་ཡང་འོད་འཕྲོས་ཆུ་ཡི་ནུས་བཅུད་ཀུན། །བུམ་པར་ཐིམ་ཞིང་བདུད་རྩི་དཀར་པོར་ཞུ། །རང་གི་ལུས་གང་དུས་མིན་


JKT009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་སྦྱངས། །ཁྱད་པར་སྣུམ་བག་བརྗིད་དང་ལྡན་པར་གྱུར། །སླར་ཡང་འོད་འཕྲོས་ས་ཡི་ནུས་བཅུད་ཀུན། །བུམ་པར་ཐིམ་ཞིང་བདུད་རྩི་སེར་པོར་ཞུ། །རང་གི་ལུས་གང་དུས་མིན་འཆི་བ་སྦྱངས། །ཁྱད་པར་གཞོམ་མེད་རྡོ་རྗེའི་ལུས་སུ་གྱུར། །སླར་ཡང་འོད་འཕྲོས་ཚངས་དབང་ཁྱབ་འཇུག་སོགས། །སྟོབས་ལྡན་རྣམས་ཀྱི་ཚེ་དཔལ་འབྱོར་པའི་བཅུད། །བུམ་པར་ཐིམ་ལས་ཟླ་བའི་ཆུ་རྒྱུན་གྱིས། །ཚེ་བསོད་དཔལ་འབྱོར་དགེ་མཚན་རྒྱས་པར་གྱུར། །སླར་ཡང་འོད་འཕྲོས་བླ་མ་མཆོག་གསུམ་གྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་བུམ་པར་ཐིམ། །ཡེ་ཤེས་བདུད་རྩི་དཀར་དམར་མདངས་ཅན་གྱིས། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་གྱུར། ཅེས་སོ་སོའི་ཐོག་མར་གསོལ་འདེབས་ལན་གསུམ་རེ་དང་། མཚམས་རྣམས་སུ་སྙིང་པོ་བརྒྱ་རྩ་རེ་བཟླ། མཐར་གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་བཏབ་པས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་དཔག་མེད། །འཆི་མེད་བདུད་རྩིའི་རྣམ་པར་འོད་དུ་ཞུ། །རང་ལ་ཐིམ་པས་རང་ལུས་འཇའ་ཚོན་ལྟར། །གསལ་སྟོང་ཟུང་འཇུག་བརྗོད་བྲལ་དབྱིངས་སུ་ཐིམ། །ཞེས་བརྗོད་ཅིང་བསམས་ལ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག །སླར་ཡང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཨ་ལས་ཟླ་སྟེང་རང་


JKT009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཧྲཱིཿདམར་པོ། །དེ་ལས་འོད་འཕྲོས་དོན་གཉིས་མཛད་པ་བསྒྲུབས། །ཚུར་འདུས་བདག་ཉིད་མགོན་པོ་ཚེ་དཔག་མེད། །ཅེས་པ་ནས་མཆོད་བསྟོད་ཀྱི་བར་གོང་བཞིན་ཉམས་སུ་བླངས་པའི་མཐར་ལྷར་སྣང་ལ་སེམས་བཟུང་། དེ་ནས་བཟླས་པ་བྱ་བར་འདོད་ན། རང་གི་ཐུགས་ཀར་ཟླ་སྟེང་ཧྲིདམར་མཐར། །གཟུངས་སྔགས་སྙིང་པོའི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་ནད་གདོན་ལསྡིག་སྒྲིབ་ཐམས་ཅད་དག །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་བསྐྱེད། །སྲས་བཅས་རྒྱལ་བའི་ཡེ་ཤེས་བདུད་རྩི་དང་། །བརྟན་གཡོའི་དྭངས་བཅུད་བསྡུས་ནས་རང་ལ་ཐིམ། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་གཟུངས་སྔགས་ཇི་ཙམ་ནུས་པ་དང་། སྙིང་པོ་གཙོ་བོར་བཟླས་མཐར་ཐུན་ལས་ལྡང་བར་བརྩམ་པ་ན། གོང་བཞིན་མཆོད་ཅིང་བསྟོད་ལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་འདོད་དོན་གསོལ། །སྣོད་བཅུད་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་ཡང་འོད་གསལ་སྟོང་པ་ཉིད་ཀྱི་ངང་། །སླར་ཡང་ཟུང་འཇུག་


JKT009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་སྐུར་གསལ་བའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་དགེ་བའི་རྩ་བ་བསྔོ་སྨོན་གྱིས་རྒྱས་གདབ་སྟེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །གཉིས་པ་ནི། །རྫོགས་པའི་རིམ་པར་སྔོན་དངོས་རྗེས་གསུམ་ལས། སྔོན་འགྲོ་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ། །བདེ་བའི་སྟན་ལ་བཅའ་བ་ལུས་ཀྱི་གནད། །རྣམ་སྣང་ཆོས་བདུན་ལྡན་པས་ལེགས་འཁོད་དེ། །རང་ཉིད་ཚེ་དཔག་མེད་དུ་གསལ་བ་ཡི། །སྐུ་ཡི་ནང་ཀུན་ཕྲུ་མ་ཕུས་བཏབ་ལྟར། །སྟོང་སང་འོད་ཀྱི་རང་བཞིན་ཅན་གྱི་དབུས། །དབུ་མ་ཕྱི་སྔོ་ནང་དམར་སྲིན་མཛུབ་ཙམ། །ཡར་སྣ་སྤྱི་བོར་མར་སྣ་ལྟེ་འོག་ཟུག །དེ་ཡི་གཡས་སུ་རོ་མ་དམར་མོ་དང་། །གཡོན་དུ་རྐྱང་མ་དཀར་མོ་དྷ་ཏི་ལས། །སུམ་འགྱུར་ཕྲ་ཞིང་མར་སྣ་དབུ་མར་ཆུད། །དེ་ལས་ཕྱིར་གྱེས་འཁོར་ལོ་རྣམ་པ་བཞིར། འདུས་མཚམས་སོ་སོར་རྩ་གསུམ་སྦུབས་གཅིག་པའི། ཡར་སྣ་སྣ་བུག་གཡས་གཡོན་གཉིས་སུ་ཟུག །སྤྱི་བོའི་རྩ་འདབ་སོ་གཉིས་དམར་ལ་དཀར། །མགྲིན་པའི་རྩ་འདབ་བཅུ་དྲུག་ཤིན་ཏུ་དམར། །


JKT009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་འདབ་བརྒྱད་དམར་ལ་སྔོ་བའི་མདངས། །ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་དམར་ལ་སེར། །ཀུན་ཀྱང་གདུགས་ཀྱི་རྩིབ་མ་ལྟར་གྱེས་ཤིང་། །སོ་སོར་ཅུང་ཟད་ཁ་སྦྱོར་རྣམ་པ་ཅན། །ཕྲ་ཞིང་ དྭངས་ལ་རྙོགས་པ་མེད་པར་བསྒོམ། །གཡོན་གཡས་དབུས་ནས་རླུང་རོ་ལན་གསུམ་བསལ། །ནད་གདོན་སྡིག་སྒྲིབ་མ་ལུས་དག་པར་བསམ། །ཅུང་ཟད་ངལ་བསོ་ཤེས་པར་རྣལ་དུ་དབབ། །དངོས་གཞིར་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ། །བརྟེན་ནས་འཆི་མེད་ཡེ་ཤེས་སྐུ་འགྲུབ་ཕྱིར། །དང་པོ་གནས་པ་རྩ་ཡི་རྣལ་འབྱོར་ནི། །དབུ་མའི་ཡས་སྣར་ཧཾ་ཡིག་བྱང་སེམས་ཀྱི། །ངོ་བོ་ཚེ་དཔག་མེད་མགོན་དཀར་ལ་འཚེར། །མས་སྣར་ཨ་ཤད་དམར་ཆ་གཏུམ་མོའི་མེའི། །ངོ་བོ་ཚེ་དཔག་མེད་མགོན་དམར་ལ་དྭངས། །གཉིས་ཀ་རྒྱན་དང་རྣམ་འགྱུར་རྫོགས་པར་གསལ། །ཐོག་མ་སྤྱི་བོའི་ཚེ་དཔག་མེད་མགོན་ལ། །གསོལ་བ་བཏབ་པས་ཐུགས་ཀའི་ཧཱིཝཡིག་ལས། །འོད་འཕྲོས་བླ་ཚེ་ཆད་ཉམས་ཡར་བ་ཀུན། །བུམ་པར་བསྡུས་ཐིམ་བདུད་རྩི་དཀར་པོར་ཞུ། །རྩ་ཁམས་ཡོངས་ཁྱབ་ཉེས་སྐྱོན་ཐམས་ཅད་སྦྱངས། །རྩ་མདུད་ཀུན་གྲོལ་རྡོ་རྗེའི་ལུས་ཐོབ་བསམ། ཨོཾ་ཨཱ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བརྒྱ་རྩ་ལ་སོགས་ཡིད་ཀྱིས་བཟླས་པར་བྱ། །སླར་ཡང་ལྟེ་འོག་ཚེ་དཔག་མེད་མགོན་ལ། །


JKT009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་ཐུགས་ཀའི་ཧཱིཝཡིག་ལས། །འོད་འཕྲོས་བླ་ཚེ་ཆད་ཉམས་ཡར་བ་ཀུན། །བུམ་པར་བསྡུས་ཐིམ་བདུད་རྩི་དམར་པོར་ཞུ། །རྩ་ཁམས་ཡོངས་ཁྱབ་རྡོ་རྗེའི་ལུས་ཐོབ་བསམ། །དེ་བཞིན་འབྱུང་བ་ས་ཆུ་མེ་རླུང་དང་། །སྐྱེ་འགྲོའི་ཚེ་བསོད་འཕགས་པའི་ཐུགས་རྗེ་ཀུན། །ཐུགས་སྲོག་འོད་ཟེར་ལྕགས་ཀྱུས་དབང་དུ་བསྡུས། །སྤྱི་བོའི་ཚེ་དཔག་མེད་མགོན་བུམ་པ་ནས། །བདུད་རྩི་དཀར་པོ་བདེ་བའི་རང་བཞིན་དང་། །ལྟེ་འོག་ཚེ་དཔག་མེད་མགོན་བུམ་པ་ནས། །བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་ཅན། །དཔག་མེད་འབྱུང་བས་རྩ་ཁམས་ཉེས་སྐྱོན་སྦྱངས། །ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་གྱུར་ཅིང་། །རྩ་མདུད་ཀུན་གྲོལ་རྡོ་རྗེའི་ལུས་ཐོབ་བསམ། །སྙིང་པོ་བརྒྱ་རྩ་ལ་སོགས་ཡིད་བཟླས་བྱ། །གཉིས་པ་གཡོ་བ་རླུང་གི་རྣལ་འབྱོར་ལ། །རྡོར་བཟླས་བུམ་ཅན་འཛིན་གཏོང་རེས་འཇོག་གསུམ། །དང་པོ་ལའང་ཐུན་མོང་ཁྱད་པར་ལས། །དང་པོ་ནང་དུ་འཇུག་པ་ཨོ་གི་སྒྲས། །སྲིད་དང་ཞི་བའི་དྭངས་བཅུད་དབུ་མར་བསྟིམ། །གནས་པ་ཨཱཡིས་བརྟན་ཅིང་ནུས་ལྡན་བྱས། །ལྡང་བ་ཧཱུྃ་གིས་ནད་གདོན་སྡིག་སྒྲིབ་བསལ། །གཉིས་པ་སྲོག་སྟེ་སྟེང་རླུང་འཇུག་པའི་ཚེ། །རྩེ་གཅིག་སེམས་གཏད་གནས་དང་ལྡང་བ་དག །བཏང་སྙོམས་


JKT009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པས་སྟོང་རྩ་ལ་སོགས་བགྲངས། །དུས་མིན་འཆི་བ་བཟློག་པར་རྒྱུད་ལས་གསུངས། གཉིས་པ་བུམ་པ་ཅན་གྱི་རྣལ་འབྱོར་ནི། །འོག་རླུང་སྙན་གསན་འབེབས་ཕྱིར་ཅུང་ཟད་འཐེན། །སྟེང་རླུང་འཇམ་ཞིང་དལ་བས་རྫོགས་པར་རྔུབས། །སླར་ཡང་འོག་རླུང་རྫོགས་པར་དྲངས་པ་ཉིད། །ལྟེ་བར་ཁ་སྦྱར་ཚུལ་དུ་བཟུང་བ་དང་། །གནོན་ཅིང་གཞིལ་དང་མདའ་ལྟར་འཕང་བ་སྟེ། །སྦྱོར་བ་བཞི་ལྡན་སྤྱི་ལྟར་ཉམས་སུ་བླངས། །གསུམ་པ་འཛིན་གཏོང་རེས་འཇོག་རྣལ་འབྱོར་ནི། །འོག་རླུང་འཐེན་པས་ལྟེ་འོག་ཚེ་དཔག་མེད། །ཐུགས་དམ་རྒྱུད་བསྐུལ་ཕྱག་གི་བུམ་པ་ནས། །བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་ཅན། །དཔག་མེད་འབར་བས་ལྟེ་བའི་རྩ་འཁོར་ཁེངས། །སྟེང་རླུང་མནན་པས་སྤྱི་བོའི་ཚེ་དཔག་མེད། །ཐུགས་དམ་རྒྱུད་བསྐུལ་ཕྱག་གི་བུམ་པ་ནས། །བདུད་རྩི་དཀར་པོ་བདེ་བའི་རང་བཞིན་ཅན། །དཔག་མེད་འཛགས་པས་སྤྱི་བོའི་རྩ་འཁོར་ཁེངས། །དེ་བཞིན་རླུང་གི་སྦྱོར་བས་བསྐུལ་བ་ལས། །འབར་འཛག་བདུད་རྩིའི་རྩ་ཁམས་ཐམས་ཅད་ཁྱབ། །དྲོད་དང་བདེ་བ་མི་རྟོག་ཡེ་ཤེས་སྐྱེས། །འཇའ་ལུས་འཆི་མེད་རྡོ་རྗེའི་སྐུ་ཐོབ་བསམ། །གསུམ་པ་བཀོད་པ་ཐིག་ལེའི་རྣལ་འབྱོར་ལ། །ཀུན་རྫོབ་དོན་དམ་གཉིས་ལས་དང་པོ་ནི། །རང་ཉིད་ཚེ་དཔག་མེད་དུ་གསལ་བའི་


JKT009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པང་། །ཟླ་ཤེལ་མདངས་ཅན་ཡུམ་མཆོག་གོས་དཀར་མོ། །པདྨ་ཚེ་བུམ་བསྣམས་པས་འཁྲིལ་བ་ཡི། །མཁའ་གསང་རྡོ་རྗེ་པདྨར་བྱིན་བརླབས་ཤིང་། །ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱ་བའི་བློས། །སྙོམས་པར་ཞུགས་པའི་བདེ་བ་ལ་བརྟེན་ཏེ། །ལྟེ་འོག་ཚེ་དཔག་མེད་མགོན་བུམ་པ་ནས། །བདུད་རྩིའི་རྒྱུན་ལུད་རྩ་འཁོར་རིམ་གྱིས་ཁྱབ། །མཐར་ནི་དྭངས་མ་དམར་པོ་ཉུང་འབྲུ་ཙམ། །སྤྱི་བོའི་ཚེ་དཔག་མེད་མགོན་པང་དུ་བྱོན། །གོས་དཀར་ཡུམ་མཆོག་སྐུ་མདོག་དམར་མོར་གྱུར། །ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། །བདུད་རྩི་དཀར་པོ་དཔག་ཏུ་མེད་པ་འཛག ། འཁོར་ལོ་བཞིར་སོན་ཡས་བབས་དགའ་བཞི་སྐྱེས། །དྭངས་མ་ལྟེ་འོག་ཚེ་དཔག་མེད་མགོན་གྱི། །པང་དུ་བྱོན་པས་གོས་དཀར་དཀར་མོར་གྱུར། །སྙོམས་ཞུགས་བདུད་རྩི་དམར་པོ་འབར་བ་ཉིད། །འཁོར་ལོ་བཞིར་སོན་མས་བརྟན་དགའ་བཞི་ཤར། །དེ་ཡིས་དྲངས་པའི་སྟོང་བཞིའི་འོད་གསལ་དང་། །མི་ཕྱེད་ཟུང་འཇུག་ཡེ་ཤེས་སྐུ་འགྲུབ་བསམ། །གཉིས་པ་དོན་དམ་བྱང་སེམས་རྣལ་འབྱོར་ནི། །རང་ལུས་ལྷ་སྐུ་སྣང་སྟོང་སྒྱུ་མ་དང་། །སེམས་རྒྱུད་ཟག་མེད་བདེ་བས་རབ་གང་བ། །ཡིད་ཡུལ་བྱས་ཏེ་མཉམ་པར་བཞག་པ་ལས། །མ་སྐྱེས་ཤེས་པ་བློ་བྲལ་ཆོས་ཀྱི་སྐུ། །སྐྱེས་པའི་ཤེས་པ་


JKT009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ལོང་སྤྱོད་རྫོགས། །སྐྱེས་དང་མ་སྐྱེས་ཤེས་པ་ཐམས་ཅད་ཀུན། །རྟེན་ཅིང་འབྲེལ་འབྱུང་སྤྲུལ་པའི་གར་མཁན་ཏེ། །གཞི་དུས་སྐུ་གསུམ་དབྱེར་མེད་ཕྱག་རྒྱ་ཆེར། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པ་ཡིས། །བསྐྱེད་རྫོགས་རྣལ་འབྱོར་ཀུན་ལ་རྒྱས་གདབ་བྱ། །གསུམ་པ་རྗེས་ལ་སྟེང་འོག་སྒོ་བསྡོམ་ཞིང་། །སྙིང་ཁར་ཚེ་ཡི་ཕུར་པ་གདབ་པ་དང་། །བར་ཆད་འཕྲང་སྒོ་དགག་པ་རྣམ་གསུམ་ནི། །དབུ་མའི་ཡར་སྣ་མར་སྣ་ཚེ་དཔག་མེད། །ཟླ་ཉིའི་རང་བཞིན་ཅན་གྱིས་དགག་པ་དང་། །ཕྱག་གི་བུམ་པའི་བདུད་རྩི་དཀར་དམར་རྒྱུན། །སྙིང་ཁར་སླེབས་པས་ཉི་ཟླའི་ག་འུར་གྱུར། །དེ་དབུས་རང་གི་རླུང་སེམས་གཉིས་མེད་པའི། །ངོ་བོ་ཧཱུྃ་མཐིང་འོད་ཟེར་ལྔ་ལྡན་ཆུད། །སྙིང་ག་ནས་བཟུང་སྲིན་མཛུབ་བར་གྱི་རྩ། །ཁྲོ་བོའི་རང་བཞིན་ཧཱུྃ་ཡིག་དམར་པོ་ནི། །མེ་ཡི་ཚྭ་ཚྭ་འཕྲོ་བས་ཀྵ གཏམས་པ་ཡིས། །བདུད་དང་གཤིན་རྗེའི་བར་ཆད་ཀུན་བསྲུངས་ནས། །འཇིགས་མེད་ཚེ་ཡི་གུར་ཁང་བརྟན་པར་བསམ། །བསྔོ་སྨོན་ཤིས་བརྗོད་ལ་སོགས་སྤྱི་ལྟར་བྱ། །སྤྱི་དོན་གསུམ་པ་རྗེས་ལ། བོགས་འདོན་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིང་བ་དང་། ཞར་བྱུང་གཞན་བཤད་པའོ། །དང་པོ་ནི། བོགས་འདོན་བཅུད་ལེན་ཟབ་མོའི་རིམ་པ་ལ། །སྦྱོར་དངོས་རྗེས་གསུམ་དང་པོ་སྦྱོར་བ་


JKT009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རླུང་གི་གཉེན་པོར་སྟོན་དུས་བརྐོས་པ་ཡི། །ར་མོ་ཤག་༡གི་རྩ་བ་ཁྲོལ་ཙམ་བརྡུངས། །ཁུ་བ་ལེགས་པར་བསྡུས་པའི་དྭངས་མ་ཉིད། །ལྕགས་ཀྱི་སྣོད་དུ་བསྐོལ་ལ་ཁཎྜ་བྱ། །མཁྲིས་པའི་གཉེན་པོར་འཇམ་དབྱངས་རྟག་༢ཏུ་ངུ་། །གཙོར་གྱུར་རིགས་གསུམ་རྩ་ལོ་མེ་འབྲས་བཅས། །ཞིབ་པར་བཏགས་ལ་གར་ཆང་ནང་དུ་སྦྲེལ། །བད་ཀན་གཉེན་པོར་ཅོང་༣ཞི་སོལ་མེར་བསྲེག ། ཆང་ངམ་དར་བར་བསྒྱུར་ལ་འདྲིལ་བ་བཤིག །འདུ་བ་སྤྱི་ཡི་གཉེན་པོར་ཨ་རུ་ར༤། །གསེར་མདོག་ཞིབ་པར་བརྡུངས་ལ་ཚགས་སུ་བཙག །དེ་ནས་ཟུང་ངན་གཉེན་པོར་དབང་༥པོ་སོར་མོ་ལྔ་པའམ་གསུམ་པ་ལག །ཞིབ་བཏགས་བ་འོར་སྦྱར་ལ་ཞག་གཅིག་བསྙལ། །ནངས་པར་རྟག་དུ་ཅོང་ཞི་ཨ་རུ་རའི། །ཕྱེ་མ་བཏབ་ལ་གཏན་པར་ཡུན་རིང་མཉེ། །དེ་ལ་ར་མོ་ཤག་གི་ཁཎྜ་དང་། སྦྲང་རྩི་བུ་རམ་སྦྱར་བསྲེས་རིལ་བུ་ནི། །རི་བོང་རིལ་མ་ཙམ་དུ་དྲིལ་བྱས་ལ། །གྲིབ་མར་བསྐམ་ལ་རིལ་ཆགས་འཐེམ་པར་བྱ། །དངོས་གཞི་གཙང་ཞིང་དབེན་པའི་སྒྲུབ་ཁང་དུ། །ཚེ་དཔག་མེད་མགོན་སྣང་བརྙན་བཀྲམ་པའི་མདུན། །མཉྫིའི་སྟེང་དུ་ཐོད་པ་དུམ་གསུམ་ནང་། །རིལ་བུ་བླུགས་ལ་སྦྱོང་ཁྲུས་ནན་ཏན་བྱ། །དར་དམར་ཁ་བཅད་ཉེར་སྤྱོད་མཆོད་གཏོར་བཤམ། །བདག་ཉིད་ཚེ་དཔག་མེད་པའི་


JKT009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བཟླས་རྗེས། །མདུན་རྟེན་ལས་སྔགས་ཀྱིས་བསང་སྭ་བྷས་སྦྱང་། །སྟོང་པའི་ངང་ལས་ཡཾ་དང་རཾ་ཡིག་ལས། །རླུང་མེའི་སྟེང་དུ་ཨ་ལས་ཐོད་པའི་ནང་། །རིལ་བུ་ཤ་ལྔ་བདུད་རྩི་རྣམ་པ་ལྔར། །ཧཱུཾ་ཧཱུཾ་ཨོཾ་ཛཾ་ཁཾ་གིས་མཚན་པའི་སྟེང་། ཨོ་དཀར་ཨཱདམར་ཧཱུྃ་མཐིང་བརྩེགས་མར་གསལ། །དེ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་བས། །ཡེ་ཤེས་བདུད་རྩི་དཀར་དམར་རྣམ་པར་ཞུ། །སླར་ཡང་འོད་འཕྲོས་འབྱུང་བཞིའི་དྭངས་བཅུད་ཀུན། །འོད་ཟེར་བདུད་རྩི་ཁ་དོག་སྣ་ཚོགས་ཀྱི། །རྣམ་པར་སྤྱན་དྲངས་བདུད་རྩིར་ཐིམ་པ་ཡིས། །འཆི་མེད་གྲུབ་པའི་བཅུད་ལེན་མཆོག་ཏུ་གྱུར། ཨོཾ་ཨཱཧཱུྃ། བརྒྱ་རྩ་བཟླས། སླར་ཡང་འོད་འཕྲོས་སྐྱེ་འགྲོའི་ཚེ་བསོད་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་ཀ་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་སྦྱོར་མཚམས་ནས། །ཡེ་ཤེས་བདུད་རྩི་དཔག་མེད་སྤྱན་དྲངས་ཐིམ། །མཐོང་ཐོས་མྱོང་བ་རྡོ་རྗེའི་སྐུ་འགྲུབ་པའི། །འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། བརྒྱ་རྩ་སོགས་བཟླས་བསྐྱར་ཞིང་ཐུན་གྱི་མཐར། འབྲུ་གསུམ་བདུད་རྩི་དཀར་དམར་མཐིང་ག་ཡི། །རྣམ་པར་འོད་དུ་ཞུ་ནས་བཅུད་ལ་ཐིམ། །འཆི་མེད་ཚེ་ཡི་དངོས་གྲུབ་མཆོག་སྟེར་བའི། །ཡེ་ཤེས་བདུད་རྩིའི་བཅུད་ལེན་རིལ་བུར་གྱུར། །ཐུན་མཚམས་མདུན་


JKT009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གསལ་བཏབ་གཏོར་མ་འབུལ། །མཆོད་བསྟོད་འདོད་དོན་གསོལ་བཏབ་ཤིས་པ་བརྗོད། དེ་ལྟར་ཞག་བདུན་ལྔ་དང་གསུམ་ལ་སོགས། །ཐུན་བཞིའི་རིམ་པས་རྩེ་གཅིག་བསྒྲུབ་པར་བྱ། །རྗེས་ནི་ཡར་ངོའི་ཚེས་གཅིག་ཐོ་རངས་ནས། །ཟླ་བ་དྲུག་སོགས་བར་མ་ཆད་བསྟེན་ཞིང་། །ལྷག་མ་ཟ་འོག་དམར་པོའི་ཁུག་མར་སྩལ། །ལུས་ལ་བཅང་ངམ་མཆོད་པའི་གྲལ་དུ་བཞག །དེ་ལྟར་བསྐྱེད་བཟླས་རྫོགས་རིམ་བཅུད་ལེན་བཅས། །ལོ་དྲུག་བརྩོན་པས་གནས་སྐབས་ཚེ་བསྲིང་ཞིང་། །མཐར་ཐུག་སློབ་དང་མི་སློབ་ཟུང་འཇུག་གི། །འཆི་མེད་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར། །གཉིས་པ་ཞར་བྱུང་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ནི། འདིའི་སྨིན་གྲོལ་རྫོགས་པར་ཐོབ་པས། །གནས་དབེན་པར་མཚམས་དམ་དུ་བཅད་ལ། །ཞག་ཤས་སྔོན་འགྲོ་བཞི་ལ་ཇི་ལྟར་རིགས་པས་འབད། དངོས་གཞིར། ཚེ་དཔག་མེད་ཀྱི་སྣང་བརྙན་གྱི་མདུན་དུ་མཆོད་གཏོར་བཤམས། སྐྱབས་འགྲོ་ནས་མདུན་བསྐྱེད་དང་། །བདག་བསྐྱེད་བཟླས་པའི་བར་གོང་བཞིན་ལ། །བསྙེན་པ་གཟུངས་རིང་འབུམ་ཕྲག་བཞི་དང་། སྙིང་པོ་འབྲུ་འབུམ་མམ། དེ་གཉིས་གང་རུང་བཟླ་བ་གྲངས་བསྙེན་དང་། །དུས་བསྙེན་ཟླ་བ་དྲུག །མཚན་མའི་བསྙེན་པ་རྟགས་མཐོང་བའི་བར་དུ་ཐུན་བཞིའི་རིམ་པས་བྱ།


JKT009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཐུན་གྱི་མཇུག་ཏུ་མཆོད་པ་བྱིན་རླབས་སྤྱི་ལྟར་དང་། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་སྐྱེད་སྟེང་། ཨ་ཡིག་ལས་བྱུང་ཡེ་ཤེས་ཀ་པཱ་ལར། །གཏོར་མ་ཤ་ལྔ་བདུད་རྩི་རྣམ་ཝཱ་པ་ལྔ། བསྐོལ་ཞིང་འོད་ཞུ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ རང་གི་ཐུགས་ནས་འོད་ཟེར་འཕྲོས་པ་ཡིས། །བཅོམ་ལྡན་ཚེ་དཔག་མེད་མགོན་འཁོར་དང་བཅས། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོརྟེན་དང་དབྱེར་མེད་གྱུར། ཨོཾ་ཨ་མི་ཏཱ་བྷ་བ་ཧཱུྃ༔ ཨོཾ་ཨ་ཀ་རོ་སོགས་ལན་གསུམ་མཆོད་བསྟོད་གོང་བཞིན་དང་། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས་རྟེན་དང་དབྱེར་མེད་དུ་བསམ། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱ། །གཞན་མཚམས་ཀྱི་སྤང་བླངས་སོགས་སྤྱི་ལྟར་རོ། །ཡང་བྱིན་རླབས་ཙམ་ཐོབ་པས་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བསྙེན་པ་བྱེད་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པ་དང་བཅས་པ་གོང་བཞིན་ཉམས་


JKT009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བླངས་ནས་བསྙེན་པ་གྲངས་ཚང་བར་བགྱིས་པས་དོན་འགྲུབ་པ་ཉིད་དོ། །དེ་ལྟར་ན་མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་གྲུབ་རྒྱལ་ལུགས་སུ་གྲགས་པའི་བསྐྱེད་རྫོགས་ཡན་ལག་དང་བཅས་པ་མདོར་བསྡུས་སྙིང་པོར་དྲིལ་བ་སྟེ། རྒྱས་པར་རྗེ་འབའ་ར་བ་དང་། ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུང་རབ་ལྟར་ཤེས་པར་བྱ་བ་ཁོ་ནའོ། །འཆི་མེད་མགོན་པོའི་བསྐྱེད་རྫོགས་ཕུལ། །བདུད་རྩིའི་སྙིང་པོ་འདིར་བསྟེན་ནས། །འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི། །བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག །ཅེས་པའང་སྔ་སོར་དོན་གཉེར་ཅན་དག་ལ་ལཾམ་ཀ འདིའི་ཁྲིད་སྨིན་པར་བགྱིས་པའི་སྐབས་བསྐྱེད་རིམ་གྱིས་ངག་འདོན་ཡན་ཟིན་བྲིས་སུ་བགྱིས་པ་ལ། སླད་ནས་མཚུངས་མེད་བསྟན་པའི་སྣང་བྱེད་ཆེན་པོ་བཞི་སྡེའི་སྨྱུང་གནས་བླ་མ་རིན་པོ་ཆེ་ཡེ་ཤེས་བཟང་པོའི་ཞལ་སྔ་ནས་བཀའ་སྩལ་ནོར་བུའི་ཅོད་པན་སྤྱི་བོར་སྩལ་བའི་བཞེད་པ་བསྐང་ཕྱིར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་དཔལ་ལྡན་བླ་མ་ཁྱབ་བདག་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ལས་ལམ་འདིའི་བཀའ་དྲིན་རྫོགས་པར་ནོས་པ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷ་ལྡན་སྨྱུང་གནས་དགེ་འཕེལ་ཐུགས་རྗེའི་ལྷ་ཁང་གི་ཉེ་


JKT009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདབས་སུ་ཁྲུམས་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་རྫོགས་པར་སྦྱར་བའི་དགེ་བས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་དང་། འགྲོ་ཀུན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


previousཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་མདོར་བསྡུས་པ་འཆི་མེད་བདུད་རྩིའི་སྙིང་པོ།next