Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྒྱུན་གྱི་ཉམས་ལེན་འཆི་མེད་བདུད་རྩིའི་ཡང་སྙིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྒྱུན་གྱི་ཉམས་ལེན་འཆི་མེད་བདུད་རྩིའི་ཡང་སྙིང་།next

ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྒྱུན་གྱི་ཉམས་ལེན་འཆི་མེད་བདུད་རྩིའི་ཡང་སྙིང་།


JKT009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྒྱུན་གྱི་ཉམས་ལེན་འཆི་མེད་བདུད་རྩིའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ དེ་ལ་འདིར་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་སྨིན་གྲོལ་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས། བསྐྱེད་རྫོགས་ཀྱི་སྙིང་པོ་རྒྱུན་དུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་བར་འདོད་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་སྔོན་དུ་འགྲོ་བས། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པོ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱིདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲུལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་རབ་ཏུ་ཞི་


JKT009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་གསེར་གྱི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། །དར་གྱི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་ཤིང་འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེ་ཡི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཋདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ དེ་བཞིན་༧ གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏཱ་ཨཱ་ཡུར་ཛྙཱ་ན་ཨདྷཾ། །


JKT009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ་དུ་གསོལ། འཆི་མེད་ཚེ་ཡི་དངོས་གྲུབ་མཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་བཏབ། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། རང་གི་བླ་ཚེ་གདོན་བགེགས་ཀྱིས་འཕྲོག་པ། །བརྐུས་པ། ཡར་བ། ཉམས་པ་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་བྱོན། ཞུ་ཞིང་ཁོལ། འཆི་མེད་ཚེ་ཡི་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ༔ ཞེས་གསོལ་བ་བཏབ་པས་བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། ཚེ་སྲོག་ཉམས་པ་སོར་ཆུད། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མཱ་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བརྒྱ་རྩ་སོགས་བཟླ།


JKT009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འབྱུང་བ་ཆེན་པོ་རླུང་། མེ་དང་། ཆུ་དང་། ས་ཡི་བཀྲག་དང་གཟི་མདངས། རོ་དང་ནུས་བཅུད་ཐམས་ཅད་བསྡུས་ཏེ། སོགས་ནས། བདུད་རྩིའི་རྒྱུན་ལྗང་དམར་དཀར་སེར་གྱི་རྣམ་པ་ཅན་དཔག་ཏུ་མེད་པ་བྱུང་ནས་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ཁྱད་པར་དུ་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་བས། ལུས་ཡངས་ཤིང་སྟོབས་རྩལ་གཟི་བརྗིད་བཀྲག་མདངས་སྣུམ་བག་ཕུན་སུམ་ཚོགས་པ་དང་ལྡན་ཅིང་། སྲ་བརྟན་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་གྱུར། སྙིང་པོ་བརྒྱ་རྩ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཚངས་དབང་ཁྱབ་འཇུག་འཁོར་ལོས་སྒྱུར་བ་སོགས་འཇིག་རྟེན་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་ལེགས་པའི་ཡོན་ཏན་ཐམས་ཅད་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐམས་ཅད་བསྡུས་ཏེ། ནས། བདུད་རྩིའི་རྒྱུན་ཁ་དོག་སྣ་ལྔའི་མདངས་དང་ལྡན་པ་དཔག་ཏུ་མེད་པ་བྱུང་ནས། འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་


JKT009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་ཐོབ་པར་གྱུར། སྙིང་པོ་ཇི་ལྟར་རིགས་པ་བཟླས། གཞན་ཡང་རྒྱས་པ་ནི། འབྱུང་བ་བཞི་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་བསྡུས་སོ་སོར་བྱས་ནས་དམིགས་སྐོར་བདུན་དུ་བྱས་ཀྱང་རུང་ཞིང་། ཤིན་ཏུ་བསྡུ་ན་མདུན་བསྐྱེད་སྐད་ཅིག་དྲན་རྫོགས་ཀྱིས་གསལ་གདབ་ཀྱང་རུང་བས། དེ་ལྟར་ན། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བླ་མ་དང་གཉིས་སུ་མེད་པའི། སོགས་ནས། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། དེ་ནས་མཆོད་བསྟོད་གསོལ་གདབ་ཚེ་བཅུད་བསྡུ་བ་རྣམས་དཀྱུས་བཞིན་ནོ། །གང་ལྟར་ཡང་མཐར་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་གྱུར་པར་བསམས་ལ་ལྷ་ཡི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་འཛིན། རྫོགས་རིམ་བསྒོམ་པར་འདོད་ན་ལུས་གནད་དང་བཅས་ཏེ། རང་ལུས་སྟོང་སང་ཕུ་མ་ཕུས་བཏབ་པ་ལྟ་བུར་གསལ་བའི་དབུས་དྲང་པོར་རྩ་དབུ་མ། ཕྱི་སྔོ་ལ་ནང་དམར་བ། ཡར་སྣེ་སྤྱི་བོ་དང་། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཟུག་པ། གཡས་སུ་རོ་མ་དམར་མོ། །


JKT009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་རྐྱང་མ་དཀར་མོ། གཉིས་ཀའི་ཡར་སྣ་དང་། མར་སྣ་གཉིས་ཅུང་ཟད་གུག་ཏེ་དབུ་མའི་ནང་དུ་ཆུད་པ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་དམར་ལ་སེར་བའི་མདངས་ཆགས་པ། །སྙིང་གར་བརྒྱད་དམར་ལ་སྔོ་མདངས་ཆགས་པ། མགྲིན་པར་བཅུ་དྲུག་ཤིན་ཏུ་དམར་བ། སྤྱི་བོར་སོ་གཉིས་དཀར་མདངས་ཆགས་པ། དེ་རྣམས་ཀྱང་དབུ་མ་ལས་གདུགས་རྩིབས་ལྟར་གྱེས་ཤིང་། ཅུང་ཟད་ཁ་སྦྱོར་གྱི་རྣམ་པ་ཅན། དབུ་མའི་མས་སྣེར་ཚེ་དཔག་མེད་དམར་པོ་དང་། ཡས་སྣེར་ཚེ་དཔག་མེད་དཀར་པོ་དང་བཅས་པ་གསལ་གདབ་སྟེ། རླུང་རོ་བསལ། འོག་རླུང་འཐེན་པས་ལྟེ་འོག་གི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་དམར་པོ་དྲོད་ཀྱི་རང་བཞིན་ཅན་བྱུང་། ལྟེ་བའི་རྩ་འཁོར་ཁེངས། སྟེང་རླུང་མནན་པས་སྤྱི་བོའི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་བདུད་རྩི་དཀར་པོ་བདེ་བའི་རང་བཞིན་ཅན་བྱུང་། སྤྱི་བོའི་རྩ་འཁོར་ཁེངས། ཚུལ་དེ་ལྟ་བུའི་འབར་འཛག་གི་རིམ་པས། ལུས་ཀྱི་རྩ་ཐམས་ཅད་ལ་བདུད་རྩི་དཀར་དམར་གྱིས་ཁྱབ་པས་གསོས་བཏབ་ཅིང་། །སེམས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་ནས། འཆི་མེད་གཉུག་མའི་གོ་འཕང་མངོན་དུ་གྱུར་པར་བསམས་ལ། འཇམ་རླུང་བུམ་པ་ཅན་ཅི་ནུས་སུ་བཟུང་། རིག་པ་འཛིན་མེད་དུ་


JKT009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག །རྫོགས་རིམ་བསྡུ་ན་འདི་ཙམ་ལ་རྩ་རླུང་ཐིག་ལེའི་ཚེ་བསྲིང་བའི་དམིགས་གནད་ཐམས་ཅད་འདུ་ཞིང་། གཞན་བསྒོམ་པར་འདོད་ནའང་ཁྲིད་ཡིག་ལྟར་ཇི་ལྟར་རིགས་པ་བསྒོམ། ཁྱད་པར་འཆི་ལྟས་ལྟ་བུ་བྱུང་བའི་ཚེ་ཐུན་མོང་མ་ཡིན་པའི་རྡོར་བཟླས་ཉིད་གཙོ་བོར་བྱ་གསུངས། འདིའི་རྩ་གསལ་གདབ་པའི་སྐབས་ཁྲིད་ཡིག་སྔ་མ་རྣམས་སུ་རོ་རྐྱང་གསལ་གདབ་པར་མ་བཤད་ཀྱང་། བླ་མའི་གསུང་སྒྲོས་ལྟར་བྲིས་པ་ཡིན་ལ། བསྡུ་ན་མ་བསྒོམ་ཀྱང་རུང་ངོ་། །ཐུན་ལས་ལྡང་བ་ན། དབུ་མའི་ཡས་མར་ཚེ་དཔག་མེད་གཉིས་ཀྱིས་སྲ་ཞིང་མཁྲེག་པར་བཀག་ཅིང་། ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་བྱུང་བ་སྙིང་གར་སླེབས་པས་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་གྱི་རྣམ་པ་ཅན་དུ་གྱུར་པའི་དབུས་སུ་རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་དྭངས་གསལ་ཁ་དོག་སྣ་ལྔ་འཕྲོ་བ་ཞིག་ཏུ་གྱུར་པར་བསམས་ལ་རླུང་ཁ་སྦྱར་དུ་འཛིན་པས་བརྟན་པར་བྱ། སྤྲོ་ན་སྙིང་ག་ནས། སྲིན་ལག་གཉིས་ཀྱི་རྩེ་མོའི་བར་དུ་ཁྲོ་བོའི་རང་བཞིན་ཅན་གྱི་ཧཱུྃ་དམར་པོ་མེ་ཡི་ཚྭ་ཚྭ་འཕྲོ་བ་བྲེང་ཆགས་སུ་གསལ་བས་གདོན་བགེགས་འཇུག་པའི་སྒོ་དགག་པར་བསམ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་


JKT009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་དང་། སྣང་གྲགས་རྟོག་གསུམ་ཚེ་དཔག་ཏུ་མེད་པའི་བདེ་ཆེན་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཤེས་པས་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟ་བུའི་རིམ་པས་སྨྲ་བ་བཅད་དེ། ཟླ་བ་གཅིག་བསྙེན་པར་བྱས་ན་ལོ་བཅུ་གཉིས་སུ་ཚེ་བསྲིང་བར་གསུངས་སོ། །ཡང་འདི་ཉིད་ཀྱི་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་བྱ་བར་འདོད་ན། གནས་དབེན་པར་ཚེ་དཔག་མེད་ཀྱི་སྐུ་བྲིས་འབུར་གང་ཡང་རུང་བའི་མདུན་ཏུ་མཆོད་གཏོར་བཤམ། ར་བ་བཞི་སོགས་ཀྱི་ཡར་ངོའི་ཚེས་གཅིག་ལྟ་བུར་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ནས་བརྩམས་ཏེ་ཐུན་བཞིའི་རིམ་པས། སྐྱབས་འགྲོ་ནས་བཟུང་། མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ། ཞེས་པའི་བར་གོང་བཞིན་ལ། །དེ་ནས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧི༔དམར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲིལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་ནས། དབང་གི་


JKT009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར་པར་མདུན་བསྐྱེད་བཞིན་ལ། འདི་ལ་མངོན་པར་དབང་བསྐུར་བ། ཞེས་པའི་ཚབ་ཏུ། བདག་ལ་ཞེས་བསྒྱུར་པ་ཙམ་ཁྱད་པར་རོ། །དེ་ནས། ཨོཾ་ཨ་པ་རི་མི་ཏཱ་ཨཱ་ཡུར་ཛྙཱ་ན་ཨ་བྷི་སོགས་ཀྱིས་མཆོད། དྲི་མེད་གཞོམ་གཞིག་བྲལ་བ་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱིདམར་པོའི་མཐར་གཟུངས་སྔགས་དང་སྙིང་པོའི་ཕྲེང་བ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བསྐྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཚེའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས། རང་གི་སྤྱི་གཙུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། གཟུངས་རིང་དང་། སྙིང་པོ་ཅི་ནུས་བཟླ། མཆོད་བསྟོད་འདོད་དོན་གསོལ། ཐུན་བསྡུ་ཁར་རྫོགས་རིམ་བསྒོམ་པར་འདོད་ན་སྔགས་ཕྲེང་གདན་དང་བཅས་པ་མི་དམིགས་པའི་ངང་། སྟོང་ར་དང་། རྩ་འཁོར་གསལ་གདབ་པ་སོགས་སྔར་བཞིན་ཉམས་སུ་བླངས། གང་ལྟར་ཡང་། གནས་གསུམ་བསྲུང་། བསྔོ་སྨོན་བྱ། ཐུན་གཉིས་


JKT009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཕྱི་ཐུན་གྱི་མཇུག་ཏུ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྐྱེད་བུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱི༔ ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཨོཾ་ཨ་མི་ཏཱ་བྷ་བ་ཏིཿ ཨོཾ་ཨ་ཀ་རོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། །མཆོད་བསྟོད་འདོད་དོན་གསོལ། གཏོར་མ་གཉིས་པ་དང་། གསུམ་པ་ཡོད་ན་མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་གཏོར་མའི་ཆོ་གས་བཏང་། སུ་པྲ་ཏིཥྛས་ཚེ་དཔག་མེད་རྟེན་ལ་བརྟན་བཞུགས་བྱ་བཛྲ་མུས་རྟེན་མེད་པ་རྣམས་གཤེགས། དེ་ལྟ་བུའི་ཚུལ་གྱིས་རབ་མཚན་མའི་བསྙེན་པ་རྟགས་མཐོང་བ་དང་། འབྲིང་དུས་བསྙེན་ཟླ་བ་དྲག །ཐ་མ་གྲངས་བསྙེན་གཟུངས་རིང་འབུམ་ཕྲག་བཞི་དང་། སྙིང་པོ་འབྲུ་འབུམ་མམ། །དེ་གཉིས་གང་རུང་བྱ། སྙིང་པོ་རྐྱང་པ་ལ་བྱེད་ནའང་རུང་བས། དེ་ལྟར་ན་བཟླས་དམིགས་སྐབས། ཧཱིདམར་པོའི་མཐར་སྙིང་པོའི་སྔགས་ཀྱི་ཕྲེང་བས་བསྐོར་།


JKT009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསལ་གདབ་པ་མ་གཏོགས་གཞན་འདྲ། སྦྱིན་སྲེག་དམིགས་བསལ་མ་བཤད་པས་མི་དགོས། གཞན་མཚམས་ཀྱི་སྤང་བླང་སྤྱི་ལྟར་རོ། །བསྙེན་པ་སྔོན་དུ་སོང་བས་རྒྱུན་གྱི་ཉམས་ལེན་ལའང་མདུན་བསྐྱེད་རང་ལ་བསྟིམ་པའི་མཐར། བདག་བསྐྱེད་བཟླས་པ་དང་བཅས་པ་གོང་བཞིན་གྲུབ་ན་ལེགས་སོ། །འདི་ནི་བྱིན་རླབས་དང་ཁྲིད་གཉིས་ཀ་ཐོབ་པའི་དབང་དུ་བྱས་པ་ཡིན་གྱི། བྱིན་རླབས་ཙམ་ཐོབ་པས་བསྙེན་པ་བྱེད་ན། རྫོགས་རིམ་གྱི་དམིགས་པ་བཞག་ནས། གཞན་སྔར་བཞིན་བྱ་བའམ། སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བའི་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བྱས་ཀྱང་རུང་ངོ་། །སྦྱིན་བདག་གི་རིམ་གྲོ་ལྟ་བུའི་ཚེ་མདུན་བསྐྱེད་སྐབས་རང་དང་བསྒྲུབ་བྱ་ལྷན་ཅིག་ཏུ་བསམས་ནས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བྱ། བདག་བསྐྱེད་སྐབས། སྭ་བྷཱ་ཝའི་སྔགས་དོན་དྲན་པས་རང་དང་བསྒྲུབ་བྱ་ངོ་བོ་དབྱེར་མེད་བློ་འདས་བརྗོད་བྲལ་དུ་ཤེས་པར་བྱས་ནས། དེའི་ངང་ལས་ལྷ་བསྒོམ་པ་སོགས་བྱས་པས་དོན་འགྲུབ་པར་མན་ངག་རིག་པ་རྣམས་ཀྱིས་གསུང་ངོ་། །ཞེས་པའང་རྗེ་འབའ་ར་བའི་ཁྲིད་ཡིག་རྒྱས་འབྲིང་བསྡུས་གསུམ་ཞལ་ཤེས་དང་བཅས་པ་དང་། འཇམ་མགོན་མཁྱེན་བརྩེའི་ཟིན་བྲིས་ལ་བརྟེན་ནས། ཕ་བླ་མ་རྡོ་རྗེ་འཆང་བློ་གསལ་ཞབས་ཀྱིས་ཇི་ལྟར་


JKT009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་བའི་ཞལ་ལུང་རྣམས་བརྗེད་པར་ཕངས་པ་དང་། ཁྱབ་བདག་དཔལ་ལྡན་བླ་མ་འཇམ་པའི་རྡོ་རྗེ་ངག་དབང་ལེགས་གྲུབ་ཞབས་ཀྱི་དགོངས་བཞེད་བསྐང་ཞིང་། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་དགའ་དཔལ་ལྡན་པའི་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐལ་བ་དོན་ཡོད་པར་བྱ་བའི་ཕྱིར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཨེ་ཝཾ་ཐར་པ་རྩེར་ཟིན་བྲིས་སུ་བགྱིས་པའི་དགེ་བས། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །


previousཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྒྱུན་གྱི་ཉམས་ལེན་འཆི་མེད་བདུད་རྩིའི་ཡང་སྙིང་།next