Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར།next

དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར།


JKT009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་བདེ་ལྡན་མགོན་པོ་ལ། །བཏུད་ནས་ཚེ་ཡི་དབང་བསྐུར་གྱི། །ཆོ་ག་ཨུཏྤལ་རྒྱས་པའི་བཅུད། །འཆི་མེད་གྲུབ་པའི་ཟིལ་དངར་སྦྱིན། །འདི་ལ་གཉིས། མགོན་པོ་ཚེ་དཔག་ཏུ་མེད་པ་ལོངས་སྐུ་ལ་བརྟེན་པའི་ཚེའི་དབང་བསྐུར་ཚུལ་དང་། ཚེ་དཔག་ཏུ་མེད་པ་སྤྲུལ་སྐུ་ལ་བརྟེན་པའི་ཚེའི་དབང་བསྐུར་ཚུལ་ལོ། །དང་པོ་ནི། སྦྱོར་བ་སྟེགས་བུའི་དབུས་སུ་མཉྫིའི་ཁར་ཚེ་གཏོར་བུམ་གཟུགས་མཐའ་རིལ་བུས་བསྐོར་བ། དེའི་གཡས་སུ་ཚེ་རིལ་


JKT009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཚེ་ཆང་། མདུན་དུ་འབུལ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་སྔོན་འགྲོ་གཏོར་མ། མཎྜལ། རང་གི་མདུན་དུ་རྡོར་དྲིལ་ཌ་མ་རུ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། ཆོ་ག་དངོས་ནི། ཐོག་མར་སྔོན་འགྲོ་གཏོར་མ། ཨོཾ་པདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབ། ཨོཾ་བྷུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ཨོ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོ་བྷུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། པཱ་ཏྱཾ་ནས་ཤ རྡ་པྲ་ཏཱི་ཙྪ་སྭཱ་ཧཱ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །སུམྦྷས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔ་པས་


JKT009_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཚམས་མེད་པར་ཁྱབ་ཅིང་འབར་བའི་སྲུང་བའི་འཁོར་ལོ་རབ་ཏུ་བརྟན་ཅིང་གཞོམ་གཞིག་དང་བྲལ་བར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨགྷཾ་ཨཱཧཱུཾ། པཱ་ཏྱཾ་ནས་ཤབྡའི་བར་སྦྱར་བས་བརླབ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ཅི་ནུས་དང་། རང་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་བ གནས་པའི་ཧཱིདམར་པོའི་འོད་ཟེར་གྱིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲངས། ན་མོ་གུ་རུ་བྷྱ༔ ན་མཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་བྷུས་ཕྱག་བྱ། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨདྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་ལན་གསུམ་རྗེས། ཨོཾ་བཛྲ་མཎྜལ་མཿ ཚོགས་ཞིང་གི་དཀྱིལ་འཁོར་ངང་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་སོགས་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་འགྲོ་བས་བདག་བཅོ་བརྒྱད་


JKT009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་༧ དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་བཟང་བདུད་རྩིས་གང་བ་བསྣམས་པ། ལྷ་རྫས་རྣམ་པར་བཀྲ་བའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱི༔དམར་པོ། དེའི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛ༔ ཨོ་བཛྲ་ཨབྷཾ་ནས་ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཛཧཱུྃ་བཾ་ཧོ༔ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་ལྷ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ཨནྡྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་


JKT009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། མདུན་བསྐྱེད་ནི། ཚེ་གཏོར་བསང་སྦྱང་། སྟོང་པའི་ངང་ལས་སོགས་ནས། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་སོགས་བདག་བསྐྱེད་ལྟར་ལ་དབུར་བརྒྱན་པར་གྱུར་བར། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱིཝཡིག་དམར་པོའི་མཐའ་མར་སྔགས་ཕྲེང་གིས་བསྐོར་བར་གྱུར། བཟླས་པ་ནི། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ལན་གསུམ། བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཚེ་བསོད་ཡར་བ་ཀུན་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཚེ་བསོད་ཉམས་པ་སོར་ཆུད་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས་། །འབྱུང་བ་ས་ཡི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །སྲ་བརྟན་གཞོམ་གཞིག་བྲལ་བར་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་


JKT009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱིས། །འབྱུང་བ་ཆུ་ཡི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །སྣུམ་བག་ལྡན་པའི་ལུས་སུ་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་མེ་ཡི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །བཀྲག་མདངས་ལྡན་པའི་ལུས་སུ་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་རླུང་གི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཡང་ཞིང་དཔའ་རྩལ་ལྡན་པར་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཟག་བཅས་འཁོར་བའི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཚེ་བསོད་དཔལ་འབྱོར་ཕུན་ཚོགས་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཟག་མེད་མྱང་འདས་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །ཅེས་པ་སོ་སོའི་མཚམས་སུ་སྔགས་ཅི་ནུས་བཟླ་ཞིང་དམིགས་པ་གསལ་བཏབ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རྣམ་བཞི་ལས། །དཀར་དམར་མཐིང་སེར་འོད་བཞི་འཕྲོས་པ་རྣམས། །


JKT009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་རྫོགས་པས་སྐུ་བཞི་མངོན་དུ་བྱས། །ཞེས་དང་ཚེ་གཟུངས་བཟླ། ལས་བུམ་བསང་སྦྱང་། པད་ཟླར་ཧཱུཾ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པོ་ཐོད་དབྱུག་སྡིགས་མཛུབ་ཅན། །ཁྲོ་ཆས་ལྡན་པའི་སྐུ་ལས་རང་འདྲའི་ཚོགས། །གྲངས་མེད་སྤྲོས་པ་བུམ་པའི་ཆུ་དང་འདྲེས། །ཧྲཱིཿཔདྨནྟ་ཀྲྀ་ཏྲ་བིཛྲ་ཀྲོ་དྷ་ཧ་ཡ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅུང་ཟད་བཟླས་མཐར་ལྷ་འོད་དུ་ཞུ་བ་ལས་བུམ་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། །གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང་བཅས། ན་མོ་གུ་རུ་བྷྱ༔ ན་མོ་བུདྡྷཱ་ཡ། ན་མོ་དྷ་རྨཱ་ཡ། ན་མ་སྶཾ་གྷཱ་ཡ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ༀ་བཛྲ་ཨརྒྱོ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་


JKT009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསོལ་བ་གདབ། དེ་ནས་སློབ་མ་རྗེས་འཛིན་ནི། སློབ་མ་རྣམས་ཁྲུས་བྱ། ཕྱག་བཙལ་ནས་མདུན་དུ་དུལ་བར་འཁོད་པ་ལ་སེམས་བསྐྱེད་གསལ་འདེབས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། །དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་འདི་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་རང་ཉིད་སྐུ་ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཤིང་། སེམས་ཅན་གཞན་དག་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་པར་སྨོན་ལམ་དུ་མཛད་ཅིང་ཐུགས་བསྐྱེད་པས། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བདེ་བ་ཅན་གྱི་ཞིང་ཡོངས་སུ་འཛིན་པ་དང་། བསྐལ་པ་གྲངས་མེད་མང་པོར་འཚོ་ཞིང་གཞེས་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཡིན་ཞིང་། འདི་ལྟ་བུའི་བཅོམ་ལྡན་འདས་འདི་ལ་སྒྲུབ་པའི་རིམ་པ་མཐའ་ཡས་པ་ཞིག་བྱུང་བའི་ནང་ནས་ཁྱད་པར་དུ་འཕགས་པ་ཟབ་ཅིང་གསང་བ་འདི་ཉིད་སྐྱེས་བུ་རས་


JKT009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་རྡོ་རྗེ་གྲགས་པ་ལ་ཏི་ཕུ་གསང་སྔགས་སྡོང་པོས་ལུང་བསྟན་པ་ལྟར། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཙནྡན་གྱི་ནགས་ཚལ་ན་བཞུགས་པའི་རྣལ་འབྱོར་མ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཞལ་གཟིགས་ཤིང་མཆོག་གི་དངོས་གྲུབ་བརྙེས་པའི་མི་ལོ་ལྔ་བརྒྱ་བཞེས་པ་གཅིག་ལས་གསན་ཏེ། བོད་ཡུལ་དུ་སྤྱན་དྲངས། དེས་རང་གི་སྲས་ཀྱི་ཐུ་བོ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་ཤར་བ་རྣལ་འབྱོར་གྱི་དབང་ཕྱུག་བུར་སྒོམ་ནག་པོ་ལ་གདམས། དེས་འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་ལ་གནང་། དེས་ཆོས་ཀྱི་རྗེ་སྟག་ལུང་པ་ཆེན་པོ་བཀྲ་ཤིས་དཔལ་ལ་སྩལ་ཞིང་། རྒྱལ་ཚབ་དབོན་པོ་རྣམ་གཉིས་ནས་མཆོག་གི་སྤྲུལ་པའི་སྐུ་གྲགས་པའི་དཔལ། སྐུ་ཞང་རིན་པོ་ཆེ། ཨོ་རྒྱན་མགོན་པོ། བླ་མ་རྒྱལ་བཟང་། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། འཕགས་མཆོག་ངག་དབང་གྲགས་པ། ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ། འཕགས་


JKT009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲགས་པ་ལེགས་གྲུབ། རྗེ་རིན་ཆེན་ལེགས་གྲུབ། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ། དཔལ་སྟག་ལུང་པ་ངག་དབང་བསྟན་པའི་ཉི་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་པ་སྟེ། དེ་ལྟ་བུའི་སྒོ་ནས་ཚེ་དབང་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་སྦྱོང་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་བཅའ་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། ལས་བུམ་གྱི་ཆུ་གཏོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཡི་གེ་ཧྲིདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་


JKT009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་བཟང་བདུད་རྩིས་གང་བ་བསྣམས་པ། ལྷ་རྫས་རྣམ་པར་བཀྲ་བའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱིདམར་པོ། །དེའི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱོད་རང་གི་སྐུ་ལ་སིབ་སིབ་ཐིམ་པར་གྱུར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། སྤོས་རོལ་གྱིས་དབབ། དེ་དག་གིས་རྗེས་གནང་གི་གཞི་བཅའ་བ་དང་། སྔོན་འགྲོ་རྣམས་སོང་ནས། དངོས་གཞི་ལ་དམིགས་པ་འདི་བཞིན་གྱིས། མདུན་གྱི་ཚེ་གཏོར་འདི་ཉིད་བསྒྲུབས་ཟིན་པ་ལྟར་ཁྱེད་རང་གིས་བསྒོམས་པ་དང་འདྲ་བའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱིའི་མཐར་སྔགས་ཕྲེང་གིས་བསྐོར་བར་དམིགས་ནས་གསོལ་འདེབས་ཀྱི་


JKT009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་མཛོད། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་གཞན་གྱིས་ཕྲོག་པ། བརྐུས་པ་ཁྱེར་བ། ནད་གདོན་གྱིས་ཉམས་པ། མཐོང་ཆོས་སུ་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་དུ་མྱོང་འགྱུར་ལ་སོགས་པ་གང་རུང་གིས་ཚེ་ཉམས་ཞིང་འཕྲོག་པ་མཐའ་དག་བཀུག་ནས་འོད་ཟེར་གྱི་རྣམ་པས་ཁྱེད་རང་གི་ལུས་ལ་ཐིམ། ཚེ་བསོད་ཉམས་པ་ཐམས་ཅད་སོར་ཆུད། ཚེ་ཉི་ཟླ ཟླ་དང་མཉམ་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཞག །ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་སློབ་མ་འདི་རྣམས་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཚེ་མི་འགྱུར་བ་གཡུང་དྲུང་དུ་མཛོད་ཅིག །མི་ཞིག་པ་རྡོ་རྗེར་མཛོད་ཅིག །མི་ནུབ་པ་རྒྱལ་མཚན་དུ་མཛོད་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། རྒྱལ་མཚན་རྩེ་མོ་སོགས་བཀྲ་ཤིས་བརྗོད། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་སའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་སའི་


JKT009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་ལ་ཕོག །དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་སའི་ཡོན་ཏན་ཐམས་ཅད་རྫོགས་ཏེ། སྲ་ཞིང་བརྟན་པ་གང་གིས་ཀྱང་གཞོམ་པ་དང་གཞིག་པར་མི་ནུས་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར་སྙམ་པའི་མོས་པ་གྱིས། ཨོཾ་ཨ་མཱ་ར་ཎི་དང་། བཅོམ་ལྡན་འདས་མགོན་པོ་སོགས་ཐམས་ཅད་ཀྱི་མཇུག་ཏུ་སྔར་བཞིན་སྦྱར་རོ། །ཕུན་སུམ་ཚོགས་པ་མངའ་བ་སོགས། །ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་ཆུའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་ཆུའི་རིགས་ཐམས་ཅད་ལ་ཕོག །དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་ཆུའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་སྣུམ་ཞིང་བག་དྲོ་བ་གསེར་གྱི་གང་བུ་ཉི་མས་དྲོས་པ་ལྟར་གྱུར་སྙམ་པ་གྱིས། ཨ་མཱ་ར་ཎི་སོགས་དང་། དེ་ཡིས་ཉེ་བར་


JKT009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོག་སྣང་གིས་འོག་གཞི་མེའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་མེའི་རིགས་ཐམས་ཅད་ལ་ཕོག །དེ་ཐམས་gཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་མེའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་བཀྲག་མདངས་དང་ལྡན་པ་ནམ་མཁའི་དྲི་མ་མེད་པའི་ཉིན་མོར་བྱེད་པ་ལྟར་གྱུར་སྙམ་པ་གྱིས། ཨ་མཱ་ར་ཎི་དང་། །དགེ་འདུན་དམ་པ་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་རླུང་གི་རིགས་ཐམས་ཅད་ལ་ཕོག །དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་རླུང་གི་ཡོན་ཏན་ཐམས་ཅད་རྫོགས་ཏེ་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའ་ལྡིང་ལྟ་བུར་གྱུར་སྙམ་པའི་མོས་པ་མཛོད།


JKT009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མཱ་ར་ཎི་སོགས། འཇིག་རྟེན་འདྲེན་པའི་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཟག་བཅས་འཁོར་བའི་ཡུལ་ཐམས་ཅད་ལ་ཕོག །དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། །གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་མངོན་མཐོ་ལྷ་མིའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པར་གྱུར་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་དང་། ཚངས་དང་ལྷ་དབང་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཟག་མེད་མྱ་ངན་ལས་འདས་པའི་ཡུལ་ཐམས་ཅད་ལ་ཕོག །དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་


JKT009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱལ་བ་སྲས་དང་བཅས་པའི་ཚེ་དང་། ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ཏེ་སྐུ་གསུང་ཐུགས་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ལ་བརྟན་པ་ཐོབ་པར་གྱུར་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་དང་། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་སོགས། དེ་ལྟ་བུའི་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་ཐམས་ཅད་དང་། ཁྱད་པར་འཁོར་ལོ་བཞི་གང་། དགའ་བཞི་སྐྱེས། དབང་བཞི་ཡོངས་སུ་རྫོགས། ལམ་བཞི་བསྒོམ་པ་ལ་དབང་། སྐུ་བཞིའི་ས་བོན་བག་ཆགས་དང་བཅས་པ་རྒྱུད་ལ་བཞག་གོ །དེ་ལྟར་ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། སེམས་ཐུགས་རྡོ་རྗེར་གྱུར་པའི་སྤྱི་བོར་མདུན་བསྐྱེད་དང་དབྱེར་མེད་པའི་ཚེ་གཏོར་སྤྱི་བོར་བཞག་པའི་ཚེ། བླ་མས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་ཐོབ་པར་གྱུར། གཏོར་མ་མགོར་བཞག །རིག་འཛིན་ཚེ་དབང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྡོ་རྗེའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཚེ་མི་འགྱུར་བའི་སོགས་དང་། ཚེ་གཟུངས་ཚར་གཅིག་མདུན་བསྐྱེད་ཀྱི་ཕྱག་གི་བདུད་རྩི་ཁྱེད་


JKT009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཚངས་ཕུག་ཏུ་བླུགས་པས་ལུས་ཐམས་ཅད་གང་བའི་མོས་པ་མཛོད། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་སྔགས་བརྗོད་བཞིན་དུ་ཚེ་རིལ་དང་ཚེ་ཆང་སྦྱིན། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་སོགས་གོང་ལྟར་དང་། ཉིན་མོ་བདེ་ལེགས་སོགས་བརྗོད། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། །ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཟླ་བ་ལ་གནས་པའི་ས་བོན་གྱི་མཐར་འཁོད་པར་མོས་ནས་རྗེས་ཟློས་མཛོད། སྔགས་ཀྱི་རྗེས་ཟློས་ལན་གསུམ་དང་། བཅོམ་ལྡན་བདག་ལ་དང་། བཅོམ་ལྡན་འདི་ལ་སོགས་མེ་ཏོག་དོར་སྤྲིན། དམ་ཚིག་ཁས་བླང་དང་། གཏང་རག་གི་མཎྜལ་སོགས་དང་། རྗེས་ཀྱི་མཆོད་བསྟོད། བཟོད་གསོལ། གཤེགས་བསྡ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ། །ཞར་བྱུང་དབང་བརྒྱ་བསྐུར་བའི་ལག་ལེན་ནི། སྔོན་དུ་རྒྱས་པ་གཅིག་གྲུབ་རྗེས། སྤྲོ་ན་མཎྜལ་ས་གཞི་སྤོས་བྱུགས་རེ་ཕུལ། གང་ལྟར་ཡང་། ཚེ་གཏོར་ཐོགས་ལ། སླར་ཡང་དྲིན་ཆེན་རྩ་བའི་བླ་མའི་ངོ་


JKT009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཚེ་བུམ་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཕྱག་གཉིས་མཉམ་གཞག་གིས་ཚེ་བུམ་བཅུད་ལྡན་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་མཚན་དཔེ་གསལ་རྫོགས་ཀྱི་ཐུགས་ཀའི་འོད་སྣང་གིས་ཁྱེད་རང་གི་ཚེ་བསོད་དཔལ་འབྱོར་ཡར་ཉམས། ཕྱི་རོལ་འབྱུང་བ་བཞིའི་ནང་ན་གནས་པའི་བཅུད་མཐུ་ཡོན་ཏན། ཟག་བཅས་འཁོར་བ་པ་དང་། ཟག་མེད་མྱ་ངན་ལས་འདས་པའི་དཔལ་ཡོན་ཐམས་ཅད་བསྡུས། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པར་ཞུགས། ཁོལ་ཞིང་ལུད་པ་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁེངས་པས་འཁོར་འདས་ལམ་གསུམ་གྱི་ཡོན་ཏན་མ་ལུས་པ་རྫོགས་ཏེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། གཏོར་མ་མགོར་བཞག །རིག་འཛིན་ཚེ་དབང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་འཆི་བ་མེད་པའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཚེ་གཟུངས། །བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་ཚེ་རིལ་ཚེ་ཆང་སྦྱིན། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བཀྲ་ཤིས་བརྗོད་པ་ཉིད་ལ་གྲངས་ཀྱི་ངོ་བོ་འཛིན། མཇུག་ཏུ་ཚར་གཅིག་རྒྱས་པ་བྱའོ། ༈ །གཉིས་པ་ཚེ་


JKT009_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་སྤྲུལ་སྐུའི་ཚེ་དབང་ནི། སྦྱོར་བ་བཤམ་བཀོད་ནས་བཟུང་རྗེས་ཀྱི་བར་ཆོ་གའི་ཆིངས་གོང་ལྟར། མངོན་རྟོགས་ཀྱི་ཁྱད་པར་ནི། སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིར་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཡི་གེ་ཧཱི༔དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཆོས་གོས་ངུར་སྨིག་རྣམ་གསུམ་གསོལ་བ་སྤྲུལ་པའི་སྐུའི་ཆ་བྱད་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་མཉམ་གཞག་མཛད་པའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་7 བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ། དེའི་སྤྱི་བོར་ཨོཾ་དཀར་པོ། ཞེས་སོགས་དང་། བཅུད་བསྡུའི་སྐབས། མདུན་བསྐྱེད་ཀྱི་ཕྱག་གི་ལྷུང་བཟེད་དུ་བྱོན་ཅེས་བསྒྱུར། ལོ་རྒྱུས་ཀྱི་ཁྱད་པར། རྗེ་བཙུན་རས་ཆུང་པ་ཞེས་བྱ་བ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ཉིད་རྗེ་ཏི་ཕུ་པའི་དྲུང་དུ་ཕེབས་པའི་དུས་སུ་བླ་མ་ཝ་ལ་ཙནྡྲའི་ཞལ་ནས། ཁྱོད་ཚེ་ཐུང་བ་འོང་།


JKT009_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྔ་བཅུ་ལས་མི་ཐུབ་གསུངས་སྐད། དེས་རས་ཆུང་པ་ཐུགས་བྲེད་དེ་བོད་སྟོན་དུས་འཁོར་བ་ཅིག་དང་། ཁ་ཆེ་དུས་འཁོར་བ་ཅིག་དང་། ཡུལ་དབུས་ཀྱི་དུས་འཁོར་བ་ཅིག་རྣམས་ལ་དྲིས་པས་གསུམ་ཀ་མཐུན་པར་བྱུང་བས་ཏི་ཕུ་པ་ལ་གསེར་གྱི་མཎྜལ་ཕུལ་ནས་བདག་ཚེ་ཐུང་བར་འདུག་ཟེར་བས། སྔགས་ཐབས་ཆེ་བ་དང་ཐབས་མང་བ་ལགས་པར་གདའ་བས། ཚེ་སྲིང་བའི་ཐབས་བདོག་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། བླ་མའི་ཞལ་ནས་ཁྱོད་བོད་ཀླུ་དཀར་པོའི་བུར་འདུག །ཚེ་ཐུང་བར་འོང་། ཤེས་རབ་ཤིན་ཏུ་ཆེ་བར་འོང་། ཚེ་སྲིང་བའི་གདམས་ངག་ངས་ཀྱང་ཤེས་ཏེ། ངའི་ཕྱི་མོ་ཡང་ཡིན། བླ་མ་ཡང་ཡིན། མཁའ་འགྲོ་མ་སུ་ཁ་མ་ཏི་ཞེས་ཀྱང་བྱ། ཁཆ་ཡང་ཟེར། གྲུབ་པའི་རྒྱལ་མོ་ཡང་ཟེར། དགུང་ལོ་སུམ་བརྒྱ་ལོན་པ། ཇོ་མོ་ཀུ་རུ་ཀུལླེ་ལས་དངོས་གྲུབ་ཐོབ་པ། །མཁའ་འགྲོ་མ་རྣམས་དང་ལབ་དི་རི་རི་བྱེད་པ་གཅིག་ཡོད། ཁོང་ཉིན་མོ་མིས་དེ་ཙམ་དུ་མི་མཐོང་དུར་ཁྲོད་དུ་མར་གཤེགས། མཚན་མོ་ཙོ་པ་རི་ཆུང་ངུ་ཞིག་ཏུ་མར་མེ་མཚན་ཐུབ་གཅིག་སྦྱར་ནས་གཅིག་པུར་བཞུགས་པས་ཁོང་ལ་ཞུས། མ་གནང་ན་ངས་བཤད་ཀྱི་གསུངས། དེས་རས་ཆུང་པས་དུར་ཁྲོད་རྣམས་སུ་ཚོལ་བས་སྔར་བླ་མས་གསུངས་པ་བཞིན་དུ་བཞུགས་པ་དང་མཇལ། གསེར་གྱི་


JKT009_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ་ནས་ཚེ་སྲིང་བའི་གདམས་ངག་ཞུས་པས། མཁའ་འགྲོ་མའི་ཞལ་ནས། ངས་དོ་ནུབ་ཁྱོད་ལ་ཕན་ཐོགས་སམ་མི་ཐོགས་བརྟགས་པར་བྱས་ལ། ཕན་ཐོགས་པར་འདུག་ན་ནངས་པར་གདམས་ངག་སྦྱིན་གསུངས་སྐད། དེའི་ནུབ་རང་ཡང་ལབ་དི་རི་རི་འདུག་པས། ཇོ་མོ་སུ་དང་ལབ་པ་ལགས་ཞུས་པས། མཁའ་འགྲོ་མ་རྣམས་དང་ལབ་པ་ཡིན་གསུངས། ནངས་པར་ཇི་སྐད་གསུངས་སྙམ་འདུག་ཙ་ན། ཐོ་རངས་མཁའ་འགྲོ་མའི་ཞལ་ནས་བོད་ཀྱི་རྣལ་འབྱོར་པ་ཡར་ལོངས་ཤིག །ཁྱོད་སྐལ་བ་དང་ལྡན་པར་འདུག་པས་ངས་ཕན་ཐོགས་པར་འདུག་གིས་ཁྱོད་ལོ་ཇི་ཙམ་ཐུབ་པར་འདོད་གསུངས་ནས་གདམས་ངག་ཐམས་ཅད་གནང་། རྗེ་བཙུན་རས་ཆུང་པའི་ཞལ་ནས། གདམས་ངག་འདི་ཡེ་མ་ཆག་པར་ཉམས་སུ་བླངས་ན་རས་ཆུང་པས་ལོ་བརྒྱ་ཐུབ་ཟེར་བ་ཅིག་འོང་བར་ཡོ སྣང་བ་ལ། གསང་སྔགས་ཀྱི་ཆོས་མང་པོ་ཞིག་ཉམས་སུ་ལོན་པས། ང་ཡོང་ཤི་མ་ཤི་ཁྱད་མེད་སྙམ་རེས་ཆག་རེས་མ་ཆག་པར་བྱས་པས་ཀྱང་ལོ་འདི་ཙམ་ཐུབ་གསུངས་ཏེ་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས་པར་གདའ། སྐྱེས་བུ་རས་ཆུང་རྡོ་རྗེ་གྲགས་པ། དེས་རྗེ་བུར་སྒོམ་ནག་པོ་ལ་གདམས། དེས་འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུབ་ལ། དེས་མཉམ་མེད་རྒྱལ་བ་སྟག་ལུང་པ་ཆེན་པོ་ལ་


JKT009_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ་ཐུགས་དམ་ཚེ་དཔག་རྣམ་གསུམ་གྱི་ཡ་གྱལ་ཡིན། དེ་ལྟ་བུའི་སྒོ་ནས་ཚེ་དབང་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས་སོགས་སྦྱར་རོ། །གང་གི་སྲོག་ཏུ་སིམ་པའི་མོད། །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མཆོག་གི་གཟི་འབར་བས། །ས་གསུམ་དགེ་ལེགས་སྣང་གྱུར་ཅིག །ཅེས་པའང་དཔལ་སྟག་ལུང་པ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ངག་དབང་བཀྲ་ཤིས་དཔལ་གྲུབ་པའི་གསུང་རབ་དང་། བླ་མའི་ཕྱག་བཞེས་ལྟར་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་ད་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར།next