Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་གཏོར་ཆོག་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   


 
previousདཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་གཏོར་ཆོག་བརྒྱུད་པའི་གསོལ་འདེབས།next

དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་གཏོར་ཆོག་བརྒྱུད་པའི་གསོལ་འདེབས།


JKT009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་གཏོར་ཆོག་བརྒྱུད་པའི་གསོལ་འདེབས་བཅས་བཞུགས་སོ།། ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་གྱི་གཙོ་བོ་འཇམ་དཔལ་དབྱངས། དབྱེར་མེད་བླ་མ་དམ་པར་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་ཉུང་གསལ་གོ་བདེ་བ། །དང་པོའི་ལས་ཅན་དོན་དུ་བཤད་ཀྱིས་ཉོན། །དེ་ལ་འདིར་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་འདི་ཉིད་ཀྱི་སྒྲུབ་ཐབས་ཉམས་སུ་ལེན་པའི་ཚུལ་ནི། སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་ནི། །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༔ དམ་པའི་ཆོས་རྣམས་ལ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ།། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་


JKT009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །རང་སྐད་ཅིག་གི་འཇམ་དཔལ་རྡོ་རྗེར་གསལ་བའི་ཐུགས་ཀའི་མཾ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ ན་མོ་གུ་རུ་བྷྱ༔ ན་མོ་མཉྫ་ཤྲཱི་བཛྲ་ས་པ་རི་ཝཱ་ར་བྷུ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཨོ་ཤཱན་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་ཀུན་བཟང་ཡབ་ཡུམ་གྱི་ངོ་བོ་ཆོས་འབྱུང་གི་ནང་དུ་རྣམ་སྣང་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གི་ནང་དུ་པདྨ་རྒྱས་པ་དང་། ཟླ་བའི་གདན་གྱི་སྟེང་དུ་མཾ་ལས་རལ་གྲི་མཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་རྡོ་རྗེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་


JKT009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་པོ། གཡས་སྔོ། གཡོན་དཀར་པོ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་འོག་མས་རལ་གྲི་དང་མདའ། གཡོན་འོག་མས་ཨུཏྤལ་དང་གཞུ་འཛིན་པ། རིན་པོ་ཆེས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་འཇམ་དཔལ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་མ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བས་འཁྱུད་པ། གཉིས་ཀ་གཉིས་སུ་མེད་པའི་སྦྱོར་བ་ལ་གནས་ཤིང་སྤྲུལ་པའི་འོད་ཟེར་འཕྲོ་བ། ཡབ་ཡུམ་གཉིས་ཀའི་གནས་སུ་ཟླ་བའི་གདན་ལ་མིག་ཏུ་ཀྵ་ལས་ས་སྙིང་དཀར་པོ། རྣ་བར་ཛི་ལས་ཕྱག་རྡོར་སྔོན་པོ། སྣར་པཾ་ལས་ནམ་སྙིང་སེར་པོ། ལྕེར་ལཾ་ལས་འཇིག་རྟེན་དབང་ཕྱུག་དམར་པོ། ལུས་ཀཾ་ལས་སྒྲིབ་སེལ་ལྗང་གུ། ཡིད་སཾ་ལས་ཀུན་བཟང་སྔོན་པོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ། མགྲིན་པར་ཨཱཋལས་གསུང་རྡོ་རྗེ་དམར་པོ། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རལ་གྲི་སེར་པོ་ལམ་གྱིས་མཚན་པ། ཐུགས་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་


JKT009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་པུཥྛ་སོགས་ནས། ཤརྡའི་བར་གྱིས་མཆོད། ཡེ་ཤེས་པ་དང་ཐུགས་རྡོ་རྗེ་གཉིས་ཀ་རང་གི་སྙིང་གའི་ཐུགས་རྡོ་རྗེ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། མགྲིན་པའི་གསུང་རྡོ་རྗེའི་ཨཱལས་གསུང་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། སླར་ཚུར་འདུས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛ༔ གོང་བཞིན་མཆོད། ཡེ་ཤེས་པ་དང་གསུང་རྡོ་རྗེ་གཉིས་ཀ་རང་གི་མགྲིན་པའི་གསུང་རྡོ་རྗེ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཡང་སྤྱི་བོའི་སྐུ་རྡོ་རྗེའི་ཨོཾ་ལས་སྐུ་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛ༔ སྔར་བཞིན་མཆོད། ཡེ་ཤེས་པ་དང་སྐུ་རྡོ་རྗེ་གཉིས་ཀ་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉཧཾ། ཡང་རང་གི་སྙིང་


JKT009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གའི་མཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ སྔར་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མི། ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ལ་མི་བསྐྱོད་པས་དབུར་བརྒྱན། ཨོ་མཉྫ་བཛྲ་ཨབྷཾ་ནས་ཤཔྟའི་བར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷ་ཝ་ཨདྨ་ཀོཉཧཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རང་གི་ཐུགས་ཀར་མཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་རང་ལ་ཐིམ་པས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར། ཨོཾ་ཨཱམཱི་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཇམ་དཔལ་རྡོ་རྗེའི་གོང་འཕང་ཚེ་འདི་ཉིད་ལ་ཐོབ་


JKT009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཆོས་འབྱུང་གཞལ་ཡས་ཁང་དང་བཅས་པ་རང་ཉིད་ལ་ཐིམ། རང་ཉིད་ཐུགས་ཀའི་མཾ་ལ་ཐིམ། དེ་ཡང་ནམ་མཁའ་ལ་འཇལ་ཡལ་བ་ལྟར་གྱུར། དེའི་ངང་ལས་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་དགོད་པར་ཤོག །ཅེས་སོགས་བསྔོ་སྨོན་རྒྱས་པར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། གཏོར་མ་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ཆུ་ཆང་གིས་སྦྱངས། ཨོཾ་ཨཱབིགྷན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུྃ་ཧ་ཧོ་ཧི༔ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོ་མཉྫབཛྲ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མཚན་སྔགས་སྔོན་དུ་འགྲོ་བའི། །ཨབྷཾ་ནས་ཤཔྟའི་བར་མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། སོགས་ཀྱི་མཐར། འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་རྣམས། མཆོད་སྦྱིན་གཏོར་


JKT009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཨོ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར། བཛྲ་མཱུ༔ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། དགེ་བ་བསྔོ་བ་སོགས་བྱའོ། ༈ །འཇམ་པའི་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས། །དཔལ་བདེ་བ་དང་བི་མ་ལ་གུབྷ། །རིན་ཆེན་རྣམ་གཉིས་རི་སུལ་རྣལ་འབྱོར་མ། །གཉན་ལོ་ཆོས་རྒྱན་རྣམས་ལ་གསོལ་བ་འདེབས། །གོང་མ་ལྔ་དང་དམ་པ་༣ ཀུན་དགའ་གྲགས། །བཀྲ་ཤིས་དཔལ་དང་ཀུན་དགའ་བསོད་ནམས་ཞབས། །རྡོ་དཔལ་ཀཱིརྟི་ཤྲཱི་གངས་པ་དང་། །ས་བཟང་ཁུ་དབོན་རྣམས་ལ་གསོལ་བ་འདེབས། །ངོར་ཆེན་མུས་ཆེན་རྒྱལ་ཚབ་ཀུན་མཁྱེན་རྗེ། །རཏྣ་ཝརྫུ་དཀོན་མཆོག་ལྷུན་གྲུབ་དང་། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །མཆོག་ལེགས་ཁུ་དབོན་རྣམས་ལ །སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང་། །འགྲོ་བའི་བླ་མ་མཁྱེན་རབ་བྱམས་པའི་དཔལ། །གདམས་པའི་བཀའ་བབས་རྩ་བའི་བླ་མ་སོགས། །དངོས་བརྒྱུད་ཡོངས་འཛིན་རྣམས་ལ༴ །དེ་ལྟར་གུས་པས་གསོལ་བ་བཏབ་པའི་


JKT009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚངས་བའི་ལྷར། །ངེས་པར་ཤེས་ནས་ལུས་རྟེན་འདི་ཉིད་ལ། །འཇའ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཅེས་འཇམ་རྡོར་མངོན་རྟོགས་བརྒྱུད་པའི་གསོལ་འདེབས་དང་བཅས་པ་འདི་ཡང་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་ཉམས་བཞེས་སུ་བྱ་བྲལ་བས་བཀྲ་ཤིས་པའི་ཆོས་སྡེར་སུག་བྲིས་སུ་བཏབ་པའོ། ༈ །བརྒྱུད་འདེབས་ཁ་སྐོང་ནི། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །དཔལ་ལྡན་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ཤེར་འབྱུང་ཡེ་ཤེས་བཟང་པོ་བུདྡྷའི་ཞབས། །བསྟན་འཛིན་ལྷུན་གྲུབ་མཁན་ཆེན་མངྒ་ལ། །སངས་རྒྱས་ཡེ་ཤེས་ཀུན་བློ་ནམ་མཁའི་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གུས་པས་སོགས་སྦྲེལ་ལོ། །མངྒ་ལཾ། མགོན་པོའི་གསང་ཁྲིད་ཉིན་དང་པོ་ལ། འོ་ནམ་མཁའ་དང་སོགས། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ལེགས་པར་གསལ་བཏབ་སྟེ་གསན་པ་དང་། ཁྱད་པར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་སྐབས་འདིར་ཐ་མལ་གྱི་སྣང་ཞེན་དང་བཅས་པས་ཆོས་གསན་པའི་སྣོད་དུ་མི་རུང་བས། སྐུ་ལུས་ཀྱི་འདུག་སྟངས་དྲང་པོར་གནས་པ་དང་། ཐུགས་ཀྱི་བསམ་པར་ཡང་གནས་ཁང་འདི་ཉིད་ཀྱང་ཐ་མལ་གྱི་གནས་ཁང་འདི་ལྟ་བུ་མ་ཡིན་པར། དག་གསལ་


JKT009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་རྡོ་རྗེའི་སྲུང་བའི་འཁོར་ལོའི་དབུས་སུ། དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བར། དེ་ལྟར་ཆོས་སྟོན་པའི་སློབ་དཔོན་ཀྱང་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་དེ་ལྟ་བུའི་ཐུན་མཚམས་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་ལ་གནས་པས་ཆོས་ཀྱི་སྒྲ་དབྱངས་གྲག་སྟོང་སྐྱེ་བ་མེད་པའི་ངང་དུ་སྒྲོགས་པས་སྲིད་ཞིའི་རྒུད་པ་ཐམས་ཅད་ཞི་བར་མཛད་པའི་སྒྲ་ལྷང་ལྷང་ཡོད་སྙམ་པ་དང་བཅས་ཏེ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཡེངས་བ་མེད་པའི་ཚུལ་དུ་གསན་པ་གནང་བར་ཞུ། །དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི་གངས་ཅན་བསྟན་པའི་མངའ་བདག་སོགས། དུས་འདའ་བར་བྱེད་པ་ཡིན་གསུངས་སོ། །ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག །རླུང་རྔམས་བག་ཅན་རང་ཞིར་མ་སོང་བར་དུ་ཅུང་ཟད་རེ་ངལ་གསོ། རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་དམིགས་པ་ལ་འཇུག །དེ་ལ་སྦྱོར་བ། སྔོན་འགྲོ་དངོས་གཞི་སོགས། དེ་ལྟར་ལན་གསུམ་བསྐྱར་བའི་མཐར། དེ་རིང་གི་


JKT009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། །བསོད་ནམས་འདི་ཡི་སོགས། ཐེག་མཆོག་དམ་ཆོས་སོགས། སྲིད་པ་ཐམས་ཅད་སོགས། ༈ །ཉིན་གཉིས་པ་ལ་སྔ་མ་ལྟར་ཡང་བསྐྱར་དང་། གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་། བཞི་པ་བླ་མའི་རྣལ་འབྱོར། རྡོར་སེམས་བསྒོམ་བཟླས་སྐབས་ཀྱེ་རྡོར་མན་ངག་ལུགས་ཀྱི་རྣམ་བཤད་ལྟར་འཆད་ཀྱང་ལེགས། ༈ །ཉིན་གསུམ་པར་རྟེན་བསྐྱེད་པའི་རིམ་པ་སེམས་འཛིན་བཅས། ༈ །ཉིན་བཞི་པར་བརྟེན་པ་རྫོགས་པའི་རིམ་པར་རྩ་བའི་དམིགས་པ་ཡན། འདི་སྐབས་ཐམས་ཅད་བསྐྱར་མ་ནུས་ན། ཉམས་ལེན་གྱི་དངོས་གཞི་མན་བསྐྱར་པས་ཆོག ༈ །ཉིན་ལྔ་པར་ཡན་ལག་བཞི་རྫོགས་སུ་བསྒྲུབ་པ་ནས་གེགས་སེལ་བར། ༈ །ཉིན་དྲུག་པར་བོགས་འབྱིན་ཐུན་མོང་མ་ཡིན་པའི་བསྙེན་པ་སོགས། ༈ །ཉིན་བདུན་པར་སྒྲུབ་པ། ༈ །ཉིན་བརྒྱད་པར་ཐུན་མོང་གི་ལས་སྦྱོར་བསྟན་པའི་སྤྱི་དགྲ་བསྒྲལ་བ། ༈ །ཉིན་དགུ་པར་རྣལ་འབྱོར་གྱི་སྒོས་དགྲ་བསྒྲལ་བ་ཟུར་གསལ་ལྟར། ༈ །ཉིན་བཅུ་པར་ཐུན་མོང་མ་ཡིན་པའི་ལས་སྦྱོར་ཟུར་གསལ་ལྟར་དང་། ཚར་ཆོས་ཚེ་སྒྲུབ་ཀྱི་དམིགས་པའི་ཁྲིད་གཞུང་ལྟར་རོ། །དགེའོ། །དགེའོ། དགེའོ།། །།


previousདཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་མངོན་རྟོགས་གཏོར་ཆོག་བརྒྱུད་པའི་གསོལ་འདེབས།next