Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་མན་ངག་ལས་བསྙེན་པའི་ལག་ལེན་ཁོལ་དུ་ཕྱུང་བ།


 
previousལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་མན་ངག་ལས་བསྙེན་པའི་ལག་ལེན་ཁོལ་དུ་ཕྱུང་བ།no next

ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་མན་ངག་ལས་བསྙེན་པའི་ལག་ལེན་ཁོལ་དུ་ཕྱུང་བ།


JKT009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་མན་ངག་ལས་བསྙེན་པའི་ལག་ལེན་ཁོལ་དུ་ཕྱུང་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཕགས་པ་ལག་ན་རྡོ་རྗེའི་གཟུངས་རིང་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ནས་ཕྱུང་བའི་བསྙེན་པའི་ངག་འདོན་ལ་ཡན་ལག་བཞི་ཚན་ལྔ་ལས། དང་པོ་བསོད་ནམས་ཚོགས་གསག་གི་ཡན་ལག་བཞི་ནི། འདིའི་རིག་སྔགས་བཟླས་པའི་ལུང་ཐོབ་པའི་གང་ཟག་གིས་སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ་པའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་ཡན་ལག་བཞི་ནི། རང་གི་སྙིང་གའི་ཧཱུྃ་ལས་མེ་འབར་ཏེ་བདག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནད་དང་སྡུག་བསྔལ་བགེགས་དང་ལོག་འདྲེན་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་པར་བསྒོམ་པ་ནི་དང་པོའོ། །དེ་ནས་ཆོས་ཐམས་ཅད་སེམས་སུ་མོས་པ་བྱས་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོ་ཉཧཾ། ཞེས་བརྗོད་པ་ནི་གཉིས་པའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མིག་ཡོར་ལྟ་བུར་བསྒོམ་པ་ནི་གསུམ་པའོ། །དེ་ནས་སྣང་བ་མི་དམིགས་པར་སྟོང་པ་ཉིད་བསྒོམས་ཏེ། ཨོ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་པ་ནི་


JKT009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཞི་པའོ། །གསུམ་པ་ལྷའི་སྐུ་བསྐྱེད་པའི་ཡན་ལག་བཞི་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་gམཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམས་པས་ཉི་མ། གཡོན་བརྐྱངས་པས་ཟླ་བ་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མེ་འབར་བའི་དབུས་ན་བཞུགས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སོགས་ནས། ཀླུ་རྣམས་འཆིང་བར་བྱེད་པ་ཞེས་པའི་བར་ཉམས་ཉི་ཤུ་རྩ་ལྔ་གཟུངས་མདོ་ལྟར་བརྗོད་པས་གསལ་གདབ་པ་ནི་ཡན་ལག་དང་པོ་དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། སྙིང་གར་ཧཱུཾ་སྔོན་པོ་བསམ་པ་ནི་ཡན་ལག་གཉིས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ལཿཧཱུྃ་བཾ་ཧོ༔ རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་པ་ནི་ཡན་ལག་གསུམ་པ་ཡེ་ཤེས་པ་གཞུག་པའོ། །སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་བྱུང་སྟེ། དབང་སྐུར་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡིད་ཀྱིས་མཆོད་དེ་དབང་བསྐུར་བར་གསོལ་བ་བཏབ་པས། དེ་དག་གིས་སྤྱི་བོ་ནས་དབང་བསྐུར་ཏེ་ཆུ་


JKT009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པས་བརྒྱན་པར་བསམ་པ་ནི་ཡན་ལག་བཞི་པ་དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུར་བརྒྱན་པའོ། །བཞི་པ་བཟླས་པའི་ཡན་ལག་བཞི་ནི། བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་ལ། རིག་པ་འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དང་རིག་སྔགས་ཟློས་ཤིག་ཅེས་གསུངས་པར་བསམས་ནས། བདག་གིས་རིག་སྔགས་བཟླས་པས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བདག་གི་བཟླས་པའི་གྲོགས་བྱེད་པར་བསམས་ཞིང་། རྒྱ་གར་སྐད་དུ། ཨཱརླ་ནི་ལཾ་སོགས་ནས། གཟུངས་རྫོགས་སོ། །ཞེས་པའི་བར་ཚར་གཅིག་སྔོན་དུ་བརྗོད་པ་ནི་ཡན་ལག་དང་པོའོ། །དེ་ནས། ཏདྱ་ཐཱ། བྷོ་བྷོ་སོགས་གཟུངས་རིང་དང་། ཨོཾ་ནི་ལཾ་སོགས་སྙིང་པོའི་སྔགས་ཅི་ནུས་བཟླ་བ་ནི་ཡན་ལག་གཉིས་པའོ། །ཐུན་ལས་ལྡང་བ་ན་ཡི་གེ་བརྒྱ་པ་སྦྱོ ལན་གསུམ་གྱིས་བཟོད་པར་གསོལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་


JKT009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞལ་ནས་རིག་པ་འཛིན་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་གསུངས་པའི་རིག་སྔགས་བཟླས་པ་ནི་རྗེས་སུ་ཡི་རང་ངོ་། །ཞེས་ཆ་གསུངས་ནས་མི་དམིགས་པར་གཤེགས་པར་བསམ་པ་ནི་ཡན་ལག་གསུམ་པའོ། །དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཇི་ལྟར་རིགས་པར་བྱ་བ་ནི་ཡན་ལག་བཞི་པའོ། །དེ་ནས་རྗེས་ལས་བྱུང་བའི་ཡན་ལག་བཞི་ནི། བདག་རང་ཡང་ལྷར་བསྒོམ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་ལྷའི་ངོ་བོར་ཤེས་པར་བྱས་ཏེ་སྤྱོད་ལམ་བྱ་བ་ནི་ཡན་ལག་དང་པོའོ། །ཡིག་འབྲུ་གསུམ་གྱིས་ཁ་ཟས་བྱིན་གྱིས་བརླབས་ནས། ཁ་ཟས་ལྷ་མཆོད་པའི་བསམ་པས་ཟ་བ་ནི་ཡན་ལག་གཉིས་པའོ། །དེ་ནས་གཏོར་མ་འབུལ་བར་འདོད་ན། ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། མདུན་དུ་དཔལ་ཕྱག་ན་རྡོ་རྗེ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམས་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་། གཟུངས་སྔགས་རིང་པོ་ལན་གཅིག་གམ་གསུམ་བརྗོད་པས་མཉེས་པར་བསྒོམས་ལ་མཆོད་པ་ལྔས་མཆོད། ཅི་ཤེས་པས་ཀྱང་བསྟོད། འདོད་པའི་དོན་ལ་གསོལ་བ་བཏབ་ལ་སྤྱན་དྲངས་པ་གཤེགས་སུ་གསོལ། དམ་


JKT009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པ་བདག་ལ་བསྡུས་ཏེ་གཏོར་མ་ས་གཙང་སར་གཏང་བ་ནི་གཏོར་མའི་རྣལ་འབྱོར་ཏེ་ཡན་ལག་གསུམ་པའོ། །དེ་ནས་ཉལ་ན་སྟོང་པ་ཉིད་དམ་ལྷའི་ང་རྒྱལ་གྱིས་ཉལ་ཞིང་། ལྡངས་ན་སྐད་ཅིག་གིས་ལྷའི་སྐུར་ལྡངས་པ་ནི་ཡན་ལག་བཞི་པ་ཉལ་བ་དང་ལྡངས་པའི་རྣལ་འབྱོར་རོ། །དེས་ནི་བསྙེན་པའི་ཡན་ལག་དང་རྒྱུན་དུ་བྱ་བའི་རྣལ་འབྱོར་གྲུབ་པ་ཡིན་ལ། སྒྲུབ་པ་དང་ལས་སྦྱོར་སོགས་བྱེད་པར་སྤྲོ་ན་གཞུང་རྩ་བ་ལས་ཤེས། བསྙེན་པ་དམིགས་བསལ་བྱེད་ན་མཚམས་དམ་པར་བཅད་དེ་ཐུན་བཞིའི་རིམ་པས་གཟུངས་རིང་ཁྲི་ཕྲག་བཞི་དང་། སྙིང་པོ་འབུམ་ཕྲག་བཞི་འམ་གཅིག་བཟླས་ན་གྲངས་ཀྱི་བསྙེན་པ་ལས་རུང་ཙམ་དུ་འགྱུར་བ་ཡིན་ནོ། །འདི་ལྟ་བུའི་སྒོམ་བཟླས་ལ་བརྩོན་ན་གཟུངས་ནས་གསུངས་པའི་ལས་ཐམས་ཅད་འགྲུབ་པ་དང་། ལྷག་པར་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་སྲུང་བ་ལ་མཆོག་ཏུ་བསྔགས་པས་གསང་བདག་གོས་སྔོན་ཅན་སྲུང་བའི་མདོ་ཞེས་ཡོངས་སུ་གྲགས་པ་ལྟར་བློ་ལྡན་རྣམས་ཀྱི་འདི་ཁོ་ན་ལ་གཅིག་ཏུ་བརྩོན་པར་བྱའོ། །ཞེས་པའང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལས་མཉྫགྷོ་ཥས་ཟུར་དུ་ཕྱུང་བ་སྟེ་སེམས་ཅན་ཐམས་ཅད་བདུད་དང་བགེགས་ཀྱིས་བར་དུ་གཅོད་པ་ཐམས་ཅད་ལས་སྲུང་ཞིང་། མི་མཐུན་པའི་ཕྱོགས་ལས་རྣམ་


JKT009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།


previousལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་མན་ངག་ལས་བསྙེན་པའི་ལག་ལེན་ཁོལ་དུ་ཕྱུང་བ།no next