Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ།next

ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ།


JKT010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོའི་མགོན་པོ་རྗེ་བཙུན་མར། །བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །ཉི་མ་སྦས་པའི་ཞལ་ལུང་ལས། །ཉེར་མཁོའི་ཟིན་བྲིས་ཅུང་ཟད་བྲི། །འདི་ལ་གསུམ། །རྗེས་སུ་གནང་བ་དང་། བསྙེན་པ་དང་། ལས་སྦྱོར་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་སོ། །དང་པོ་ནི། རྨོར་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་བློ་གསལ་ཉེར་མཁོ་ལས་རྩ་བའི་སྒྲོལ་མ་སེང་ལྡེང་ནགས་སྒྲོལ་སྤྱིར་བཏང་ལྟར་མཛད་པ་ནི་གཞུང་དེ་ཉིད་དུ་ཤེས་ལ། ཡིག་རྙིང་དང་སྒྲུབ་ཐབས་རིན་འབྱུང་སོགས་ལས་སྒྲོལ་མ་སྤྱི་སྒྲུབ་ཉིད་རྩ་བར་བཀོད་ཅིང་དེའི་རྗེས་གནང་ཡང་བཞུགས་པས། སྤྱིར་སྦྱོར་དངོས་རྗེས་གསུམ་གྱི་ཆིངས་རྣམས་བློ་གསལ་ཉེར་མཁོ་ལྟར་ལ་བདག་མདུན་གྱི་མངོན་རྟོགས་ཁོ་བོས་བྱས་པའི་རྣལ་འབྱོར་ཉེར་མཁོ་ལྟར་སྦྱར། བུམ་པ་སྤྱི་ལྟར་བཅས་ལ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་།


JKT010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཏཱྃ་ཡིག་སོགས་ནས། དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་པའི་བར་མདུན་བསྐྱེད་ལྟར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་། བུམ་པའི་ལྷའི་ཐུགས་ཀར་ཞུགས་པས་ཐུགས་རྒྱུད་བསྐུལ། སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་དང་ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་པའི་ལྷ་མོ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་གཞུང་ལྟར་དབུལ། རྗེས་གནང་གི་ལོ་རྒྱུས་སྐབས། ཐོག་མར་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་སྒྲོལ་མ་སྤྱི་སྒྲུབ་ཀྱི་རྗེས་སུ་གནང་བ་ཡིན་ཞེས་སོགས་མཚན་འབྱིན་འཇུག་དང་། མངོན་རྟོགས་ཀྱི་ཁྱད་པར་མ་འཁྲུལ་བར་སྦྱར། ཡེ་ཤེས་དབབ་བསྟིམ་རྗེས། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། ཇི་ལྟར་


JKT010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ཙམ་གྱིས་སོགས་ནས་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པའི་མོས་པ་མཛོད། དེས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུའི་རྗེས་སུ་གནང་བ་ཐོབ་སོགས་སྦྲེལ། བཟླས་ལུང་གི་རྗེས། དམ་བཅའ་བའི་སླད་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་གཟུང་ངོ་བདག་ཐུགས་ཀྱིས་མ་གཏོང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གསུང་གི་རྗེས་སུ་གནང་བ་ཐོབ་སོགས་སྦྲེལ་ལོ། །གཞན་ཡང་ཡིག་རྙིང་དང་སྒྲུབ་ཐབས་རིན་འབྱུང་སོགས་ལས་དཀར་མོ་ཟླ་མདངས། གསེར་མདོག་ཅན། ཧཱུྃ་སྒྲ་སྒྲོག་མ། བཀྲ་ཤིས་སྣང་བ། ཁྲོ་གཉེར་གཡོ་བའི་སྒྲོལ་མ་རྣམས་ཞབས་ཀྱི་བཞུགས་སྟངས་དམིགས་བསལ་མེད་པས་


JKT010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐྱིལ་ཀྲུང་དུ་མཛད། རིན་འབྱུང་ལས་དགུ་པ་མཆོག་སྩོལ་སྒྲོལ་མའི་འཕྲོས་དོན་དུ་སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་རྨོར་ཆེན་གྱི་སྒྲུབ་ཐབས་དཀྱུས་ལས་འབྱུང་བ་ལྟར་དང་། གཙོ་འཁོར་གསུམ་མ་གཉིས་བཀོད་སྣང་ནའང་། གཙོ་འཁོར་གསུམ་མའི་རྗེས་གནང་སྐབས་འདིར་ན་ཡམ་དུ་བཀོད་པ་ཙམ་ཡིན་པས་རྗེས་གནང་དངོས་སུ་མི་དགོས། དེས་ན་རྨོར་ཆེན་གྱི་སྒྲུབ་ཐབས་དཀྱུས་ལྟར་སེང་ལྡེང་ཡིནགས་སྒྲོལ་གྱི་རྗེས་གནང་དང་། འདིར་བཤད་པ་ལྟར་སྒྲོལ་མ་སྤྱི་སྒྲུབ་ཀྱི་རྗེས་གནང་། རྨོར་ཆེན་པའི་ཡིག་ཆ་ལྟར་ལས་ཚོགས་སོ་སོའི་རྗེས་གནང་ཉེར་གཅིག་བཅས་རྗེས་གནང་ཉི་ཤུ་རྩ་གསུམ་གྱི་རྒྱུན་སོ་སོར་བཞུགས་པ་ཡིན་པས་ཕྱག་ལེན་མ་ཉམས་པར་བྱ། དེའང་ལས་ཚོགས་སོ་སོའི་སྒྲུབ་ཐབས་ཀྱི་སྐབས་རྗེ་བཙུན་གྲགས་པའི་ཡིག་ཆར་མིག་སོགས་ཡན་ལག་དྲུག་བྱིན་རླབས་དང་། དབང་བསྐུར་རྒྱས་གདབ་རྣམས་དགོས་པར་གསུངས་པ་ནི་ལས་ཀྱི་ལྷ་མོ་སོ་སོའི་བསྙེན་པ་བྱེད་པའི་སྐབས་ལ་དགོངས་ཤིང་། རིན་འབྱུང་དུ་དེ་ལྟར་མི་དགོས་པར་གསུངས་པ་ནི་རྗེས་གནང་ཙམ་ཀྱི་སྐབས་ཟོར་ཡང་བའི་དབང་དུ་མཛད་པ་ཡིན། བུམ་དབང་ཡང་སྤྱི་སྒྲུབ་མ་གཏོགས་གཞན་ལ་མི་དགོས་པར་གསུངས་སོ། །གཉིས་པ་བསྙེན་པ་ནི། དེ་ལྟ་བུའི་རྗེས་སུ་གནང་བས་རྒྱུད་སྨིན་ཅིང་དམ་ཚིག་དང་


JKT010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པར་ལྡན་པས་འདིའི་བསྙེན་པ་བྱ་བའི་ཚུལ་ལ་གཉིས། སྤྱི་དང་། སོ་སོའི་བསྙེན་པའོ། །དང་པོ་ནི། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་བཀྲམ་པའི་སྤྱན་སྔར་མཆོད་གཏོར་བཤམ། མཚམས་དམ་དུ་བཅད་ལ་ཐུན་བཞིའི་རིམ་པས་སྒྲོལ་མ་སྤྱི་སྒྲུབ་ཀྱི་མངོན་པར་རྟོགས་པ་བསྒོམས་ནས། སྔགས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་གསུམ་བཟླ་བར་བྱའོ། །གཉིས་པ་ནི། དེ་ལྟ་བུའི་རྩ་བའི་བསྙེན་པ་སྔོན་དུ་སོང་བས་ལས་ཀྱི་ལྷ་མོ་ཉི་ཤུ་རྩ་གཅིག་པོ་སོ་སོའི་སྒྲུབ་ཐབས་ཇི་སྐད་བཤད་པ་བཞིན་བསྒོམས་ལ་བཟླས་པ་རབ་ཁྲི་ཕྲག་བཞི། འབྲིང་ཁྲི། ཐ་མའང་སྟོང་ཕྲག་བཞི་རེ་བ བཟླས་པས་ལས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ལས་ཚོགས་ནི། སྒྲོལ་མ་སྤྱི་སྒྲུབ་དང་འབྲེལ་བའི་ལས་ཚོགས་སྲུང་བ། ཞི་བ། དབང་། རྒྱས་པ། ཤེས་རབ་སོགས་སྤེལ་བ་རྣམས་རྗེ་བཙུན་རིན་པོ་ཆེའི་ཡི་གེ་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་བར་བྱ་ཞིང་། དེའང་སྒོམ་པ་དང་། བཟླས་པ་དང་། བྲིས་པའི་འཁོར་ལོའི་སྒོ་ནས་ལས་ལ་སྦྱར་བའི་ཚུལ་ལྷ་དང་། འཁོར་ལོ་དང་། ཡི་གེའི་ཁ་དོག་སོ་སོར་བསྒྱུར་བ་སོགས་ཁྱད་པར་དྲུག་གི་སྒོ་ནས་མ་འདྲེས་པར་རྟོགས་པར་བྱའོ། །བྱེ་བྲག་གི་ལས་ཚོགས་ནི། རྗེ་བཙུན་རིན་པོ་ཆེས། ཕྱིར་ཟློག་ཡམས་ཞི་ཚེ་འཕེལ་གསད་


JKT010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །དབང་བྱེད་སྒྲིབ་སྦྱོང་འཕོ་བ་རྫོགས་རིམ་དང་། །རབ་གནས་དབང་བསྐུར་ནོར་སྤེལ་སྦྱིན་སྲེག་དང་། །འབྱུང་པོ་བཟློག་དང་འཁྲུལ་འཁོར་ཁྲུས་ཆོག་དང་། །བློ་འཕེལ་ཆོམ་རྐུན་བཅིངས་དང་ཀླུ་ནད་གསོ། །ཁྲི་མོན་ལས་ཐར་མི་སྣང་མཁའ་སྤྱོད་དོ། །སྤྱིར་འགྲོའི་ཡན་ལག་རྣམ་པ་ལྔ་ཡིན་ཏེ། །གཏོར་མ་ཆུ་སྦྱིན་སཱཙྪ་དུས་གསུམ་བརྟག །བུ་ཆུང་གཞོན་ནུ་བསྐྱེད་བསྲུང་དང་བཅས་ཏེ། །ལས་ཀྱི་རྣམ་གྲངས་ཉི་ཤུ་རྩ་དྲུག་ཡིན། །ཞེས་གསུངས་པ་ལྟར་སྒྲོལ་མ་སོ་སོའི་སྒྲུབ་ཐབས་དང་འབྲེལ་བའི་ལས་ཚོགས་ཉི་ཤུ་རྩ་གཅིག་དང་། ཐུན་མོང་དུ་དགོས་པའི་ཡན་ལག་ལྔ་སྟེ་ཉི་ཤུ་རྩ་དྲུག་ལས། སོ་སོའི་ལས་ཚོགས་རྣམས་ལའང་བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའི་ཚུལ་རྒྱ་གཞུང་དང་། རྗེ་བཙུན་རིན་པོ་ཆེས་མཛད་པའི་གསལ་བྱེད་ས་བཅད་དང་བཅས་པ་རྣམས་ཞིབ་མོར་སྦྱར་ནས་རྒྱ་ཆེར་ཤེས་པར་བྱ་བ་ཉིད་དོ། །གྲུབ་ཆེན་ཉི་མ་སྦས་པའི་ལུགས། །འཕགས་མའི་རྗེས་གནང་སྒྲུབ་ཐབས་བཅས། །གསལ་བྱེད་སྐལ་བཟང་ཉེར་མཁོ་བའི། །ཚུལ་འདིས་གཞན་ལ་སྨན་གྱུར་ཅིག །ཅེས་གཞུང་སྔ་མ་དག་ལས་ཉེར་མཁོའི་ཚུལ་མདོ་ཙམ་བཏུས་པ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་མངྒ་ལཾ་བྷ་བ་ཏུ།། ༈ །།


previousཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་སྐལ་བཟང་ཉེར་མཁོ།next