Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ།next

འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ།


JKT010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ་བཞུགས་སོ། །ན་མོ་གུ་རུ་མཉྫ་གྷོ་ཥཱ་ཡ། །གང་དུ་འཆར་བས་རྨོངས་པའི་མུན་བསལ་ནས། །བློ་མཆོག་པདྨོའི་རྫིང་བུ་དར་མཛད་པའི། །འཇམ་མགོན་སྨྲ་བའི་ཉི་མའི་ཡེ་ཤེས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱོང་གྱུར་ཅིག །དེ་ཡི་གསང་གསུམ་བསྙེན་ཅིང་སྒྲུབ་པ་དང་། །ཕྲིན་ལས་ཟླ་བ་ནོར་བུའི་སྙེམས་འཆང་བས། །སྐལ་བཟང་ཡིད་ལ་བདུད་རྩིའི་སྣང་སྟེར་བ། །ཕན་བདེའི་ཆུ་གཏེར་རྒྱས་པའི་དཔྱིད་དུ་སྦྱིན། །ཨེ་མ་འཆི་མེད་ཟིལ་དངར་དང་། །དཔག་བསམ་རྐང་པས་འཐུང་པ་ཡིས། །མཚོན་མིན་ལེགས་པར་བཤད་པའི་རྒྱུན། །འཇིག་རྟེན་གསུམ་གྱི་གདུང་སེལ་ཉིད། །དེ་ལ་འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་བ་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་བྱིན་རླབས་ཀྱི་བདུད་རྩིས་སྤོབས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཀྱི་ཨུཏྤལ་ཁ་ཡོངས་སུ་བྱེ་བ་མ་ཧཱ་པཎྜི་ཏ་མ་ཏིའམ། གྲུབ་པའི་འཁོར་ལོས་སྒྱུར་བ་བི་ལཱ་ས་བཛྲ་ནས་ཉེ་བར་བརྒྱུད་པའི་འཇམ་དཔལ་དཀར་པོའི་གདམས་པ་


JKT010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་འདི་འཆད་པ་ལ་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་སླད་དུ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་སོ། །དང་པོ་ལའང་བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང་། བླ་མ་བརྒྱུད་པའི་ལོ་རྒྱུས་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། རང་ཉིད་ཀྱིས་ཇི་ལྟར་གཟིགས་པའི་དོན་དེ་ཉིད་གཞན་ལ་འདོམས་པའི་སླད། གདུལ་བྱའི་སྐལ་བ་དང་འཚམས་པའི་ཐབས་ལ་མཁས་པས་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིར་བཞུགས་པ་ལས། །འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ལ་མ་བརྟེན་ཀྱང་འགྲུབ་པའི་གསང་སྔགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་གསུངས་པར་བཞེད་ཅིང་། གཙོ་བོར་ཡེ་ཤེས་པ་གཞུག་པ་མ་བསྟན་པའི་ཕྱིར་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་ཤིང་། ལྷའི་ངོ་བོ་ཙམ་གྱི་སྒོ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བར་བཞག་ཀྱང་མི་འགལ་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས་པཎྜི་ཏ་མ་ཏིས་ལེགས་


JKT010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀྲལ་བའི་སྒྲུབ་ཐབས་དང་། བསྟོད་པ་སོགས་ཀྱི་རྗེས་སུ་འབྲངས་ཏེ། གངས་ཅན་གྱི་ལྗོངས་འདིར་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་ཕྱག་ལེན་ཇི་ལྟ་བ་བཞིན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཟིན་བྲིས་སུ་བཏབ་པའི་རྗེས་གནང་གི་ཡི་གེ། ལོ་རྒྱུས་ཀྱི་ཡི་གེ་རྙིང་པ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་དང་། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱིས་གཙོ་བོར་མ་ཏིའི་རྗེས་སུ་འབྲངས་ཤིང་། མན་ངག་གཞན་རྒྱུད་འགྲེལ་པ་དང་བཅས་པ་ནས་ཀྱང་ཁ་བསྐངས་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་རྒྱས་པ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་རྗེས་གནང་། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་བསྙེན་སྒྲུབ། ལས་སྦྱོར། སྦྱིན་སྲེག་དང་བཅས་པ་སོགས་རང་གཞན་གྱི་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཇི་སྙེད་ཅིག་མཐོང་ཞིང་ཕལ་ཆེར་ཐོས་སོ། །གཉིས་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། ཟུར་བཀའ་པཎྜི་ཏ་མ་ཏི་ནས་བརྒྱུད་པའི་ཚུལ་ནི་ལོ་རྒྱུས་ཀྱི་ཡི་གེ་རྙིང་པ་ལས་ཤེས་ལ། གཞན་ཡང་སྤྱི་བཀའ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཡབ་སྲས་ནས་བླ་མ་བ་རི་


JKT010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་རིན་ཆེན་གྲགས་པ་ལས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་སྒྲུབ་ཐབས་བརྒྱ་རྩ་དང་། རྡོ་རྗེ་རྣལ་འབྱོར་མས་སྔགས་རིག་སྨྲ་བ་རྣམས་ཀྱི་མཆོག་ཏུ་དབང་བསྐུར་བས་གཞུང་བློ་ཀ་འབུམ་ཕྲག་བརྩམས་པར་གྲགས་པའི་གྲུབ་ཆེན་ཨ་བྷ་ཡཱ་ཀ་ར་གུཔྟ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོའི་གྲས་སུ་བཞུགས་པ་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཚརོལ་གར་གངས་ཅན་གྱི་མགོན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ནས་བརྒྱུད་པ་སོགས་ཀྱི་ལོ་རྒྱུས་ཀྱང་སོ་སོའི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ལ་གསུམ་སྟེ། །དང་པོ་ལྷ་ཉེ་བར་བསྙེན་པའི་ཆོ་ག །བར་དུ་དངོས་གྲུབ་སྒྲུབ་པའི་ཚུལ། མཐར་ལས་སྦྱོར་གྱིས་རང་གཞན་རྣམས་འདོད་པའི་དོན་ལ་འགོད་པའི་ཆོ་ག་དང་གསུམ་ལས། དང་པོ་ནི། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ལག་ཏུ་བླང་པའི་ཚུལ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་སྒྲུབ་ཐབས་དང་ཞུ་ཆེན་པཎྜི་ཏའི་བསྙེན་ཡིག་སོགས་ལས་རྟོགས་པར་བྱ་ཞིང་། འདིར་དེ་དག་ཏུ་མི་གསལ་བ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཅུང་ཟད་བཤད་ན། གང་གིས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག །དེས་ཇི་ལྟར་ཉམས་སུ་བླང་བའི་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་ལས། དང་པོ་ནི། །


JKT010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་འདོད་པའི་ངེས་འབྱུང་བཅོས་མིན་གྱིས་རྒྱུད་སྦྱངས་ཏེ། དགེ་བསྙེན་ཡན་ཆད་སོ་སོར་ཐར་པའི་སྡོམ་པ་གང་རུང་དང་ལྡན་པ། །སེམས་ཅན་ཐམས་ཅད་མ་དྲིན་ཅན་ཁོ་ནར་ཤེས་ཤིང་། དེ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་སླད་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་གཙོ་བོ་རྣམས་ལ་ཚུལ་བཞིན་དུ་སློབ་འདོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་ལ་མ་ཉམས་པ། དེ་ལྟ་བུའི་བྱང་ཆུབ་ཀྱང་དུས་མྱུར་དུ་ཐོབ་འདོད་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་ཅིང་། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཚུལ་བཞིན་དུ་སློབ་པ་གཞིར་བཞག་སྟེ། བྱེ་བྲག་ཏུ་འདི་ཉིད་ཀྱི་རྗེས་སུ་གནང་བ་དང་མན་ངག་གི་རྒྱུན་ཐོབ་པ། བླ་མ་ལ་ཞུས་ཤིང་སྒྲུབ་ལ་བརྩོན་པ། ཁྲུས་དང་གཙང་སྒྲ་ལ་གཙོ་བོར་གནས་པའི་གང་ཟག་གིས་ཉམས་སུ་བླངས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི། ཡར་ངོའི་གཟའ་སྐར་ཚེས་གྲངས་བཟང་བའི་དུས། དབེན་ཞིང་ཉམས་དགའ་ལ་རང་དབང་འདུས་པའི་གནས་སུ་སྦྱོར་བའི་ཆོས་རྣམས་བསྙེན་ཡིག་ལྟར་གྲུབ་ནས། དངོས་གཞིའི་ཐོག་མར་དལ་འབྱོར་གྱི་ལུས་རྟེན་འདི་


JKT010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་རྙེད་དཀའ་ཞིང་འཇིག་སླ་བ་དང་། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་རྒྱུ་འབྲས་ཁོ་ནའི་རྗེས་སུ་འབྲངས་ཏེ་འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་རང་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱ། དེའི་ཆེད་དུ་བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་སྙམ་པའི་འདུན་པས། རྩ་བརྒྱུད་ཀྱི་བླ་མའི་སྐུ་བསྟོད་ཅི་ཤེས་བྱས་རྗེས་སྐྱབས་ཡུལ་གསལ་གདབ་པ་ནི། རང་གནས་པའི་ས་ཕྱོགས་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པ། དྲན་པ་ཙམ་གྱིས་འདོད་དགུ་ཡིད་བཞིན་དུ་འཇོ་བ། ཡལ་ག་ལྔ་པའི་དབུས་སུ་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་རྗེ་བཙུན་འཇམ་དཔལ་དཀར་པོ་དབྱེར་མེད་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱང་འཇམ་དཔལ་གྱི་རྣམ་པས་གཡས་སྐོར་གྱིས་ཞལ་ནང་དུ་ཕྱོགས་པས་བཞུགས་པ། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སངས་རྒྱས་ལོངས་སྤྲུལ་རྣམས། རྒྱབ་ཏུ་ཐེག་པ་ཆེ་ཆུང་གི་ཆོས་པུསྟི་བྲག་རི་བརྩེགས་།


JKT010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ། གཡོན་དུ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་བཞུགས་པ། དེ་རྣམས་ཀྱི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་བསྒྱུར་གྱི་འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་བསམས་ལ། སྐྱབས་འགྲོ་ཅི་ནུས་སུ་བྱ། སྐྱབས་གསོལ་བྱས་པས་སྐྱབས་ཡུལ་རྣམས་རྩ་བའི་བླ་མ་ལ་ཐིམ། །དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་རྗེས། སྤྲོས་བྲལ་གྱི་གནས་ལུགས་དེ་ལྟ་བུ་མ་རྟོགས་པར་རང་དབང་མེད་པར་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་དགོས། དེའང་སེམས་ཅན་རྣམས་འཁོར་བར་འཁྱམས་པའི་རྩ་བ་ནི་གཏི་མུག་དང་མཚུངས་པར་ལྡན་པའི་གང་ཟག་གི་བདག་ཏུ་འཛིན་པ་ཁོ་ན་ལས་བྱུང་སྟེ། དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། ཉེས་པ་ཐམས་ཅད་འབྱུང་བར་འགྱུར། ཅེས་གསུངས་ཤིང་། དེའི་དངོས་ཀྱི་གཉེན་པོར་གྱུར་པ་ནི། སྔ་མ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །


JKT010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཤིན་ཏུ་ཚར་གཅོད་མིན། ཞེས་དང་། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། ཞེས་གསུངས་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ལ་རགས་ལས་ཤིང་། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། ད་ལན་རྒྱུ་རྐྱེན་གྱི་གཙོ་བོ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ལ། སེམས་ཅན་ཐམས་ཅད་སོགས་བརྗོད། ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང་སྭ་བྷ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། །ཚོགས་གཉིས་ཀྱི་རང་འབྲས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བཏབ་ཅིང་། ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བཀོད་པ་རྣམས་གཞུང་ནས་འབྱུང་བ་བཞིན་བྱ། བཟླས་པའི་སྔོན་དུ། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་བྱུང་བའི་ཕྲེང་སྔགས། ཨོཾ་རུ་ཙི་ར་མཆོག་ཏུ་མཛེས་པའི་ནོར་བུས་རབ་ཏུ་འཕེལ་བའི་གཞི་ཚུགས་མ་ཎི་པྲ་བནྡྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བཏབ་པའི་ལས་མཐུན་གྱི་ཕྲེང་བའམ། ལས་ཐམས་ཅད་ལ་བསྔགས་པ་བོ་དྷི་ཙིའི་ཕྲེང་བ་བཟུང་ལ། ཨོཾ་ཝཱ་ཀྱེ་དཾ་ན་མཿ


JKT010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡི་གེ་དྲུག་པའི་སྔགས་དག་ཅིང་གསལ་བ་གོང་བས་ཚོར་ཙམ་དུ་བཟླ། དེའི་ཚེ་སྤྱིར་སེམས་གཞན་དུ་མ་ཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུའི་ཆ་ཤས་སྤྱི་དང་བྱེ་བྲག་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ལ་སེམས་འཛིན། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། །མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བ་བྱ། འདིའི་སྒྲུབ་ཐབས་ཚིག་ཚོགས་ཉུང་བས་ངེས་པར་ཐུན་བཞིར་བྱ་ཞིང་། ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ཟདང་། ཐུན་མཚམས་སུ་གཏོར་མ་འབུལ་ཚུལ་རྣམས་བསྙེན་ཡིག་ལས་ཤེས། ཐུན་སྐབས་རྣམས་སུ་པཎྜི་ཏ་མ་ཏིས། །ཕ་རོལ་ཕྱིན་དང་བསྟོད་པ་མང་པོ་དང་། །མཚན་ནས་བརྗོད་དང་བསྟོད་པ་མང་པོས་བསྟོད། །མཎྜལ་འབུལ་ཞིང་གསོལ་བ་བཏབ་པར་བྱ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། བྲིས་སྐུའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཤམ༔ རང་གི་མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོ་སིལ་མས་བཀང་བ་བཞག་སྟེ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་གྱི། མ་ཚང་བ་མེད་པ་འདི་ཉིད། ཞེས་པའི་མཚམས་བླ་མ་རྗེ་བཙུན་


JKT010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བྱང་ཞིང་དག་པ་དང་། །བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་མེ་ཏོག་འཐོར། བྲིས་སྐུ་ལ་ལྷ་དངོས་ཀྱི་འདུ་ཤེས་བྱ། སྤྲོ་ན་མཎྜལ་སོ་བདུན་མ་གང་གི་མཆོད་རྫས་མ་དང་བཅས་པའང་བྱ། མཚན་ཡང་དག་པར་བརྗོད་པ་དང་། གཞན་ཡང་པཎྜི་ཏ་མ་ཏིས་མཛད་པའི་བསྟོད་པ་དང་། སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའི་བསྟོད་པ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ངེས་ཤེས་བསྐྱེད་དེ། སྡུད་པ་ཚིགས་སུ་བཅད་པ་སོགས་ཀློག །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། དེ་ལྟ་བུའི་རིམ་པས་གྲངས་དང་། རྟགས་དང་། དུས་ཀྱི་བསྙེན་པ་མཐར་ཕྱིན་པར་བྱ་སྟེ། དེ་ཡང་གྲངས་ནི་རྒྱུད་ལ། སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཞེས་དང་། པཎྜི་ཏ་མ་ཏིས། །ཟླ་བ་གཅིག་གིས་བློ་འཕེལ་རིག་


JKT010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན། ཞེས་གསུངས་པའི་དོན། ཟླ་བ་གཅིག་ཏུ་ཐུན་བཞིའི་རིམ་པས་ཐུན་རེར་བཟླས་པ་སྟོང་ཕྲག་ལྔ་རེ་བཟླས་པས། འབྲུ་འབུམ་སྟེ་འབུམ་ཕྲག་དྲུག་འགྲོ་ཞིང་དངོས་གྲུབ་ཀྱི་མཚན་མའང་ཐོབ་པར་འགྱུར་རོ། །རྟགས་ནི་འོག་ནས་འབྱུང་བ་ལྟར་དངོས་ཉམས་རྨི་ལམ་དུ་མཐོང་བའི་བར་དང་། དུས་ནི་སྙིགས་མའི་དབང་གིས་གྲངས་བསྙེན་ལན་གཅིག་ཙམ་གྱིས་རྟགས་མ་བྱུང་ན། །སྔོན་གྱི་བསྙེན་པ་ཟླ་བ་གཅིག་དང་བཅས་པའི་སྒྲུབ་པ་ལན་དྲུག་ཏུ་བསྐྱར་ཏེ། ཟླ་བ་དྲུག་ཏུ་བསྒོམ་བཟླས་བྱས་པས། བསྙེན་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་སོང་བ་ན་ངེས་པར་འགྲུབ་པར་འགྱུར་ཏེ། །རྒྱུད་ལས། ཟླ་བ་དྲུག་གི་མན་ངག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། ཞེས་གསུངས་པ་བཞིན་ནོ། །གསུམ་པ་འབྲས་བུ་ལ་གནས་སྐབས་དང་། མཐར་ཐུག་གཉིས་ལས། དང་པོ་ནི། དེ་ལྟར་གྲངས་དང་། དུས་ཀྱི་བསྙེན་པ་མཐར་ཕྱིན་པས། རབ་དངོས་སུ་བཅོམ་ལྡན་འདས་ཀྱི་ཞལ་མཇལ་བ་དང་། གསུང་ཐོས་པ་དང་། འབྲིང་ཉམས་ཀྱི་སྣང་བར་རྗེས་སུ་བཟུང་བ། ཐ་མའང་རྨི་ལམ་དུ་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་དང་། གཞོན་ནུ་གོས་དཀར་ཅན་གྱིས་པུསྟི། མཚོན་ཆ། ཤེལ་ཕྲེང་། འོ་ཐུག་སོགས་སྟེར་བ། ཉི་ཟླ་ཤར་བ། སྒྲོན་མེ་སྦར་བ། མེ་ཏོག་རྒྱས་པའི་དགའ་


JKT010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་དུ་ཕྱིན་པ་སོགས་དགེ་ཞིང་ཤིས་པའི་མཚན་མ་འབྱུང་བ་དང་། དངོས་སུ་འཆད་རྩོད་རྩོམ་གསུམ་དང་། གཞུང་འཛིན་པ་སོགས་ལ་སྔར་ལས་བློ་གྲོས་ཀྱི་འཇུག་པ་གསལ་བར་འགྱུར་རོ། །གཉིས་པ་ནི། དེ་ལྟར་མཚན་མ་རྙེད་ནས་ཀྱང་འོག་ཏུ་བཤད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་དང་། ཁྱད་པར་དུས་ཀུན་ཏུ་བླ་མ་དང་འཇམ་དཔལ་དབྱེར་མེད་པ་བསྙེན་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཡི་དམ་གྱི་ལྷས་ཡང་ཡང་བྱིན་གྱིས་བརླབས་པས་རིག་པ་འཛིན་པའི་ལུས་ཐོབ་ཅིང་། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པས་ས་བཅུ་དང་ལམ་ལྔ་སོགས་རིམ་གྱིས་རྫོགས་ནས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཏེ། སྐུ་དང་། ཡེ་ཤེས་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བ་ནི་ངེས་པའོ། །གཉིས་པ་བར་དུ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལའང་། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་བསྙེན་པ་སྔོན་དུ་སོང་ནས་ཐོག་མར་བྲིས་སྐུ་འབྲི་བར་བྱ་སྟེ། གནས་དབེན་ཞིང་ཡིད་དང་མཐུན་པ་གཙང་སྒྲ་དང་ལྡན་པར་མཚམས་བསྡམས་ཏེ། ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལས་ཀྱི་ཆོ་གའི་ལེའུ་


JKT010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རས་བྲིས་བདུན་བཤད་པའི་བདུན་པ་འདི་ཉིད་འབྲི་བར་བྱ་སྟེ། རྒྱལ་ཕུར་འཛོམ་པ་སོགས་གཟའ་སྐར་སྦྱོར་བྱེད་བཟང་པོ་ལ། རས་དཀར་པོ་སྐྲ་མེད་པ་ཁ་ཚར་མ་ཉམས་པ་ལ་སྦྱིན་སོགས་མི་གཙང་བ་མ་འདྲེས་པར། ཟར་ཁུ་ལ་སོགས་པས་རས་འདུལ་ལེགས་པར་བྱས་ལ། ཚོན་མ་འདྲེས་པར་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ་སོགས་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། འོག་ཏུ་བདུད་རྩི་འོ་མའི་རྒྱ་མཚོ་ལ་མེ་ཏོག་སྣ་ཚོགས་པ་དག་གིས་ཁྱབ་པར། ངང་ངུར་ལ་སོགས་པའི་ཆུ་བྱས་བརྒྱན་པའི་འགྲམ་དུ་ནེའུ་གསེང་ལ་གླང་པོ་ཆེ་ཐལ་ཀར་གྱི་ཚོགས་གནས་པ། མཚོའི་དབུས་ན་པདྨའི་སྡོང་པོ་ཡལ་ག་ལོ་མ་གསེར་ལས་བྱས་པའི་རྩེ་མོར་པདྨ་དཀར་པོ་ཆེས་ཡངས་པའི་ལྟེ་བ་ལྗང་སེར་མཐོ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་འཕགས་པ་འཇམ་དཔལ་སྟོན་ཟླ་ལྟར་དཀར་བ། གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་འཛིན་པའི་མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་དུ་པུསྟི་བཞག་པ་འཛིན་པ། རལ་པའི་ཐོར་ཚུགས་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་ལང་ཚོ་རྒྱས་པ། དར་དམར་པོའི་ཤམ་ཐབས་ཅན། བླ་གོས་ཕྲག་པར་གཟར་བ། སྐྱིལ་མོ་ཀྲུང་གིས་བཞུགས་པ། པད་སྡོང་གི་ཡལ་ག་ལས་ཐོན་


JKT010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཡས་གཡོན་དུ་པདྨ་དཀར་པོ་ཟླ་བ་དང་བཅས་པ་གཉིས་ཀྱི་སྟེང་དུ་གཡས་སུ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། གཡས་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་། གཡོན་རིན་པོ་ཆེ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་གསེར་གྱི་ཡུ་བ་ཅན་དང་། གཡོན་པདྨ་དཀར་པོ་བསྣམས་པ། །གཉིས་ཀ་ཞི་བ་འཇམ་དཔལ་ལ་བལྟ་བ། འཇམ་དཔལ་ལས་ཆུང་བ། ན་བཟའ་སྔོན་པོ་གསོལ་བ། རིན་པོ་ཆེའི་ཅོད་པན་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེའི་མཆོད་ཕྱིར་ཐོགས་པ། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྤུབས་ལས་བྱུང་བ། འོག་ཏུ་རྡོ་ལེབ་ལ་སྒྲུབ་པ་པོ་དབྱིབས་ཆ་ལུགས་ཇི་ལྟ་བ་སྤོས་ཕོར་ཐོགས་པ། གཙོ་བོའི་ཕྱག་མཆོག་སྦྱིན་གྱི་འོག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ལྟ་བར་བྲི། བྲིས་ཟིན་མ་ཐག །རས་བྲིས་ཤར་དུ་དགྲམ། མཆོད་པ་རྒྱ་ཆེན་པོ་བཤམ། ལྷར་བསྐྱེད་མཆོད་བསྟོད་སྤྱན་དབྱེ་བྱ། བརྟན་བཞུགས་ཀྱི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་དོ། ཉི་མ་གཅིག་ལ་སྐུ་འབྲི་བ་ནས་བཟུང་སྟེ་རབ་གནས་དང་བཅས་པའི་བར་གྲུབ་ན་ལེགས་སོ། །གཉིས་པ་སྒྲུབ་པ་དངོས་ནི། ཡོད་ན་སྐུ་གདུང་དང་བཅས་པའི་མཆོད་རྟེན་ཀྱང་བཤམ། སྔར་གྱི་བྲིས་སྐུ་དེ་ཤར་ཕྱོགས་སུ་བཀྲམ།


JKT010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མདུན་དུ་བ་བྱུང་གིས་བྱུགས་པའི་མཎྜ་ལར་རི་གླིང་སོགས་ཀྱི་ཚོམ་བུ་སོ་བདུན་མ་བཀོད། དེའི་མདུན་དུ་མཆོད་པ་ལྔ། དཀར་གསུམ་གྱི་གཏོར་མ་གཅིག་རྣམས་རྒྱ་ཆེ་བར་བཤམ། །བགེགས་བསྐྲད་གཞི་བདག་ལ་གཏོར་མ་བཏང་བར་བཤད་པས་ཆ་གསུམ་ཡིད་ཆེས་ངེས་ཤེས་པ་བཏང་བས་འཐུས། གནས་ཁང་རྟེན་མཆོད་རྣམས་གུ་གུལ་གྱིས་བདུག རང་གོས་གསར་པ་གོན་ཅིང་། བྱུང་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། དེ་མ་གྲུབ་ནའང་དཀར་གསུམ་ལ་སོགས་པ་བཟའ། རྟེན་ལ་ཁ་ཕྱོགས་པར་འདུག །རྣམ་པ་ཀུན་ཏུ་ཁྲུས་དང་གཙང་སྦྲ་གལ་ཆེ། གྲིབ་ལ་འཛེམ། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པ་དང་། མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་ཀྱི་བར་སྔར་གྱི་བསྙེན་པ་བཞིན་བྱ། སྐབས་འདིར་མཆོད་པ་བྱིན་རླབས་སྤྱི་ལྟར་དྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པའི་བར་བྱས་ལ། དེ་ནས་རྟེན་རས་བྲིས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། བྲིས་སྐུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ། ཞེས་སོགས་ནས། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྤུབས་ནས་བྱུང་བའོ། །ཞེས་པའི་བར་བྲིས་སྐུ་འབྲི་ཐབས་ཀྱི་སྐབས་ནས་འབྱུང་བ་ལྟར་ངག་


JKT010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྗོད་ཅིང་བསམ། དེ་ལྟར་རྟེན་དེ་ཉིད་རྗེ་བཙུན་འཁོར་བཅས་དངོས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་ཉིད་ལྷར་གསལ་བའི་ཐུགས་ཀར་ཕོག་པས་འཁོར་ལོ་གཡས་དང་། ཡིག་འབྲུ་གཡོན་དུ་འཁོར་ཏེ་མི་ཤེས་པའི་མུན་པ་སངས། ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམས་ལ་ཐུན་བཞིར་སྒོམ་བཟླས་ལ་བརྩོན་པར་བྱ། ཐུན་མཚམས་རྣམས་སུ་མཆོད་བསྟོད་མཎྜལ་འབུལ། །དེའང་མཎྜལ་གྱི་གསོལ་གདབ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་མི་ཤེས་པའི་མུན་པ་སངས་ཤིང་། ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། ཤེས་ཤིང་ནུས་ན་གང་གི་མཆོད་རྫས་མའང་སྦྱར། བསྟོད་པའི་སྐབས་སུ་པཎྜི་ཏ་མ་ཏིས་མཛད་པའི། དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་སོགས་ཁ་སྐོང་དང་བཅས་པ་བྱུང་ན་ཤིན་ཏུ་ལེགས། གཏོར་མ་ཆབ་ཀྱིས་བྲན། ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཝཱ་ཀྱེ་དཾ་ན་མཿ བ་ལིཾ་ཏ་ཁ་ཁ་ཁྭ་ཧི་ཁ་ཧི། ཞེས་ལན་གསུམ་གྱིས་ཕུལ། མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། སྣ་མའི་མེ་ཏོག་ལ་བསྔགས་ནས་འབུལ་བར་གསུངས་ཀྱང་བོད་འདིར་དངོས་སུ་མི་འབྱོར་པས། ཛཱ་ཏིའི་ཕྱེ་མ་དང་མེ་ཏོག་དཀར་པོ་


JKT010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྦགས་པ་སྔགས་རེ་དང་བསྟུན་ནས་སྟོང་ཕྲག་གཅིག་འཇམ་དཔལ་གྱི་ཞལ་ལ་གཏོར། །ཡིད་ཀྱིས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། མཇུག་ཏུ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །གསུམ་པ་རྗེས་གྲུབ་པའི་རྟགས་ནི། དེ་ལྟར་བྱས་པས་བྲིས་སྐུ་ལས་ཧཱུྃ་གི་སྒྲའམ། རས་བྲིས་འགུལ་བ་འབྱུང་སྟེ། ཧཱུྃ་གི་སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་ལ། རས་བྲིས་འགུལ་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང་། རིག་བྱེད་ཀྱི་གཞུང་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་ཐམས་ཅད་ཤེས་པར་འགྱུར་རོ། །མཚན་མ་དེ་གཉིས་མ་བྱུང་ཀྱང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །དེ་ཡང་རྒྱུད་ལས། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་དངོས་དང་རྨི་ལམ་གྱི་རྟགས་རྣམས་ཡང་ཡང་འབྱུང་ཞིང་བརྟན་པར་འགྱུར་རོ། །གལ་ཏེ་མ་བྱུང་ན་བསྐྱར་ཐང་གཅིག་གམ། གཉིས་སམ། ཇི་ལྟར་སྒྲིབ་པ་ཆེ་ཞིང་བུལ་ནའང་ལན་བདུན་ཚུན་ལ་རྟགས་གཉིས་མི་འབྱུང་མི་སྲིད་དེ། སྤོགས་ཆོག་དང་བཅས་པའོ། །རྟགས་བཟང་ངན་གང་བྱུང་ཀྱང་མི་ལ་མི་བཤད་པར་གསང་བ་དང་། ཆེད་འཛིན་མེད་པར་མི་དམིགས་པའི་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་


JKT010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་དང་། སྒྲུབ་པའི་སྔགས་ཀྱི་ཁ་སྐོང་བའི་ཕྱིར་དང་། དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར། རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་གསུངས་པ་ལྟར་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། དེའི་ཚུལ་ནི་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཤེས་པར་བྱའོ། །གསུམ་པ་ཐ་མ་ལས་སྦྱོར་གྱིས་རང་གཞན་ལ་ཕན་གདགས་པའི་ཚུལ་ནི། པཎྜི་ཏ་མ་ཏིས། །སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་ཟློབསྐོར་། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །ཞེས་སོགས་ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། །རལ་གྲིའི་རིག་འཛིན་སྒྲུབ་པ། །སྲན་མ་མཱ་ཤཱ་ལ་བརྟེན་པའི་ལས་སྦྱོར་རྣམས་གསུངས་ཤིང་། དེ་ལ་བརྟེན་ནས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཡི་གེ་ལས་ལས་ཁ་ཚར་བ་བཞི་དང་། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱི་ཡིག་ཆར་རྒྱུད་འགྲེལ་པ་དང་བཅས་པ་ནས་ཁ་བསྐངས་ཏེ་གནས་སྐབས་ཀྱི་ལས་སྦྱོར་བཅོ་ལྔ་བཤད་པ་ནི་ཡིག་ཆ་དེ་དག་དང་། དེ་གཉིས་ཀའི་དོན་གྱི་བཅུད་ཕྱུང་བ་


JKT010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ལས་ཚོགས་རྣམས་གསལ་བར་བཤད་པ་འདོད་དོན་ལྷུན་གྲུབ་སོགས་ལས་རྟོགས་པར་བྱ་ཞིང་། གཞན་ཡང་། གཞུང་ལུགས་འཆད་པ་ན་མགྲིན་པ་དུང་དཀར་པོ་གཡས་སུ་འཁྱིལ་བར་གྱུར་པའི་ནང་ཐམས་ཅད་ཨཱ་ལི་ཀཱ་ལིས་གང་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་ཡེ་ཤེས་རྣམས་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ཏེ། མགྲིན་པའི་ཨཱ་ལི་ཀཱ་ལི་ལ་ཐིམ་པས། དེ་ལས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་པ་ལྷང་ལྷང་འབྱུང་བར་བསམས་ལ་འཆད་པ་ལ་འཇུག་པས། གཞུང་གང་འཆད་ཀྱང་ཐོགས་པ་མེད་པ་དང་། གདུལ་བྱ་ལ་ཕན་ཐོགས་པར་འགྱུར་རོ། །གཞན་དང་རྩོད་པ་བྱེད་ན། རང་གི་ལྕེ་ཤེས་རབ་ཀྱི་རལ་གྲི་སྔོན་པོ་མེ་འབར་བར་གྱུར་པའི་རྩ་བར་ཤེས་རབ་ཀྱི་ངོ་བོ་ཨ་ཡིག་དཀར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། ཕས་རྒོལ་གྱི་བློ་གྲོས་དང་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་རང་གི་སྙིང་གར་ཐིམ་པས་སྔགས་ཀྱི་འཁོར་ལོ་གཟི་བརྗིད་དང་ལྡན་པར་གྱུར། སླར་ཡང་ལྕེའི་རལ་གྲི་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་ཏེ་ཕས་རྒོལ་གྱི་ལྕེ་ཉལ་ཉལ་དུ་གཏུབ་ཅིང་ལྷག་མ་ཡེ་ཤེས་


JKT010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེས་བསྲེགས་པར་བསམས་ལ་རྩོད་པས་རང་མི་རྒྱལ་མི་སྲིད་དོ། །བསྟན་བཅོས་རྩོམ་པ་ན། བདག་ཉིད་འཇམ་དཔལ་དུ་གསལ་བའི་ཐུགས་དཔལ་གྱི་བེའུ་གསེར་ཞུན་མའི་མདོག་ཅན་དུ་གྱུར་པའི་དབུས་ཀྱི་ཁོང་སེང་དུ་ཨ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། སོ་སོ་སྐྱེ་བོ་ཤེས་རབ་དང་བསོད་ནམས་ཅན་ཐམས་ཅད་ཀྱི་ཤེས་རབ་དང་། ཡོན་ཏན། ནོར་བུ་དང་། སྨན་དང་། སྔགས་ལ་སོགས་པ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་བསམས་ལ། རིག་སྔགས་ཀྱི་རྒྱལ་པོ་བཟླ་བཞིན་དུ་རྩོམ་ན་ཚིག་དོན་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཡིད་འཕྲོག་པར་འགྱུར་རོ། །མཁས་དང་གྲུབ་པའི་ཞལ་གྱི་ལུང་། །ཟླ་ཤེལ་བདུད་རྩིའི་སྣང་བ་ཅན། །གང་དུ་འཆར་བས་བློ་གྲོས་ཀྱི། །ཆུ་གཏེར་མཆོག་ཏུ་རྒྱས་པར་བྱེད། །དེ་སླད་ས་ཧཱ་ཀ་རའི་ནགས་ཀླུང་དུ། །གཞན་གསོས་ལང་ཚོ་རྒྱས་པའི་དབྱངས་སྙན་པོས། །མཚོན་མིན་ལེགས་པར་བཤད་པའི་ཏམྦུ་ར། །སྐལ་བཟང་ཡིད་ཀྱི་ཉེར་འཚོ་གཅིག་པུ་ཉིད། །གང་ལས་བྱུང་བའི་བསོད་ནམས་དཔག་བསམ་གྱིས། །ས་གསུམ་


JKT010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པའི་གདུང་བ་ཀུན་བསལ་ནས། །རིག་དང་བརྩེ་བའི་དགེ་མཚན་ཡོངས་རྫོགས་པ། །འཇམ་དཔལ་གཞོན་ནུའི་རྣམ་ཐར་འཛིན་གྱུར་ཅིག །དེ་ལྟར་འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་ཟླ་ཤེལ་བདུད་རྩིའི་སྣང་བ་ཞེས་བྱ་བ་འདིའང་། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་བསྙེན་སྒྲུབ་ཀྱི་ཡིག་ཆའི་ལུང་རྒྱུན་མི་བཞུགས་པར་བརྟེན། ཡིག་ཆ་དེ་ཉིད་ཀྱི་དགོངས་དོན་གཙོ་བོར་བཟུང་སྟེ་རང་གཞན་རྣམས་ཀྱིས་ཉམས་སུ་བླང་བདེ་བར། མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སོགས་ཡོངས་འཛིན་དམ་པ་རྣམ་པ་ལྔ་ལས་ཚུལ་འདིའི་རྗེས་གནང་དང་། མན་ངག་མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།


previousའཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྣང་བ།next