Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་།next

འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་།


JKT010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཡེ་ཤེས་སྣང་བ་དམ་པས་བློ་གྲོས་ཀྱི། །པདྨོ་རྒྱས་མཛད་འཇམ་དབྱངས་ལྷག་པའི་ལྷར། །བཏུད་ནས་དེ་ཡི་སྒྲུབ་ཐབས་ཀུན་གྱི་ཕུལ། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ལུང་སྤེལ། །གང་ཞིག་མཐའ་ཀླས་པའི་ཡིད་ཅན་ལ་རྗེས་སུ་བརྩེ་བའི་རིགས་སད་ཅིང་བརྩོན་འགྲུས་དང་སྐལ་བར་ལྡན་པ་དག་གིས་འདི་ལྟར་ངེས་པར་བྱ་སྟེ། རང་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་


JKT010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་ཤིང་འཁྱམས་པར་འགྱུར་བའི་རྒྱུའི་གཙོ་བོ་ནི་ཉེས་པ་མཐའ་དག་གི་འབྱུང་གནས་བདག་ཏུ་ལྟ་བ་ཆ་དང་བཅས་པ་ཉིད་ཡིན་ལ། དེ་སྤོང་པར་བྱེད་པ་ལ་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཡན་ལག་དང་བཅས་པ་བསྐྱེད་པར་བྱ་བའི་སླད་དུ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཟབ་མོ་བསྒྲུབ་པར་བགྱིའོ་སྙམ་པའི་བློས། འདི་ཉིད་ཀྱི་རྗེས་སུ་གནང་བ་ལེགས་པར་མནོས་ཤིང་དམ་ཚིག་ལ་གནས་པས། དབེན་ཞིང་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་བུར་འཇམ་པའི་སྟན་ལ་ཉེ་བར་འདུག་སྟེ། །སྦྱོར་དངོས་རྗེས་གསུམ་གྱི་རིམ་པས་ཉམས་སུ་བླང་བར་བྱའོ། །དེ་ལ་དང་པོ་སྦྱོར་བ་ལ། ངེས་འབྱུང་དང་། སྙིང་རྗེ་དང་། བྱང་ཆུབ་སེམས་ཀྱི་དམིགས་པ་རྣམས་སྒོ་དུ་མ་ནས་ཡིད་ལ་བྱས་པའི་མཐར། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དྲན་པས་སྲིད་ཞིའི་འཇིགས་པ་སེལ་མཛད་པའི། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །མི་ཕྱེད་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །ཅི་ནུས་ཀྱི་མཐར་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སེམས་བསྐྱེད་པ་ནི། །མཁའ་ཁྱབ་


JKT010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཅན་འཁོར་བར་འཆིང་བའི་རྒྱུ། །རྨོངས་དང་མ་རིག་འཐིབས་བུ་བསལ་བ་ལ། །ཀུན་གཟིགས་ཡེ་ཤེས་སྣང་བ་མཆོག་ཐོབ་ཕྱིར། །སྨྲ་བའི་ཉི་མའི་ཏིང་འཛིན་བསྒྲུབ་པར་བགྱི། །ལན་གསུམ། །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་པའི། །ཚད་མེད་རྣམ་བཞིའི་བདུད་རྩིས་ཉེར་འཚོ་བས། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག ། ཅེས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ། ཐོག་མར་མཚན་བཅས་ལྷའི་ཏིང་ངེ་འཛིན་བསྒོམ་པ་ནི། ཆོས་ཀུན་གཟོད་ནས་སྤྲོས་པའི་མཚན་མ་ལས་འདས་བཞིན། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུའི་རྣམ་རོལ་ལས། །རང་གི་སྙིང་ཉིད་སྟོང་གསལ་འོད་ཀྱི་གུར་ཁང་དབུས། །པྃ་ལས་པདྨ་ཨ་ལས་ཟླ་སྟེང་ཡི་གེ་དྷི། །གུར་གུམ་མདོག་འདྲ་ཡིད་ཀྱི་སྒྲིབ་པ་རྣམ་སེལ་བའི། །འོད་ཀྱིས་ལུས་ཀུན་རབ་གང་དག་པའི་ཤེལ་ལྟར་གྱུར། །དེ་མ་ཐག་ཏུ་རང་ཉིད་མགོན་པོ་འཇམ་པའི་དབྱངས། །ལང་ཚོ་རྒྱས་ཤིང་བརྒྱད་གཉིས་ལོན་པའི་ཚུལ་འཆང་བ། །གསེར་བསྲེགས་མདོག་འདྲ་ཀུན་ནས་འོད་རབ་གསལ་བའི་སྐུ། །སྒེག་ཅིང་མཛེས་པའི་སྐུ་ནི་བརྗིད་ཅིང་འགྱིང་བག་ཅན། །སྤྱན་ཡངས་ཟུར་གྱིས་གཟིགས་ཤིང་ཅུང་ཟད་བཞད་ཅིང་འཛུམ། །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་


JKT010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཔྱངས་ཅན། །རིན་ཆེན་ཅོད་པན་འོད་གསལ་བདེ་བར་གཤེགས་རིགས་བདག་མི་བསྐྱོད་པ། པས་མཛེས། །དཔའ་བོ་ཐུགས་རྗེ་ལྡན་པའི་རྒྱབ་ཏུ་བསིལ་ཟེར་ཅན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་ཀུན་འོད་འབར་བ། །ཕྱག་གཡས་དབང་སྔོན་མདོག་མཚུངས་ཤེས་རབ་རལ་གྲི་འཕྱར། །གཡོན་པས་ཨུཏྤལ་ཟེའུ་འབྲུས་བརྟེན་པའི་གླེགས་བམ་བསྣམས། །ཆུ་སྐྱེས་ཟླ་དབུས་སྐྱིལ་མོ་ཀྲུང་གིས་ལེགས་བཞུགས་ཤིང་། །སྣ་ཚོགས་འོད་ཀྱིས་མཁའ་ཀུན་འགེངས་པའི་ཡེ་ཤེས་སྐུ། སྣང་སྟོང་ཟུང་འཇུག་དབང་པོའི་གཞུ་བཞིན་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ་ལྷ་སྐུའི་གསལ་པ། སྣང་ལ་རྩེ་གཅིག་ཏུ་སེམས་འཛིན། དེས་སྐྱོ་ན་གཟུངས་ཀྱི་སྒོ་བསྒྲུབ་པའི་སླད་དུ་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་དབུས་སུ་དྷིཡིག་མཐར། །སྔོན་དུ་ཨོཾ་སྔགས་ཨ་ར་པ་ཙ་ན་དྷཱིཿདང་། །ལྕེ་ལ་ཡང་ནི་མཛེས་པའི་དྷ྄ཱིཿལྕེའི་རྩ་བར་གྲེ་ཕུགས་སུ་མགོ་བསྟན་པ་ཡིག་གིས་མཚན་ཏེ། དེ་ལྟར་ཡི་གེའི་ཚོགས་ཀུན་རིན་ཆེན་སྒྲོན་མེ་ལྟར། །རབ་ཏུ་གསལ་ཞིང་འབར་བ་ལས་བྱུང་འོད་ཟེར་གྱིས། །མཁའ་ཁྱབ་འགྲོ་བའི་ཡིད་ཀྱི་མུན་པ་ཀུན་བསལ་ཞིང་། །ཚོགས་གཉིས་རབ་རྫོགས་འཇམ་དཔལ་གཞོན་ནུའི་གོ་འཕང་བཀོད། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་རྗེས་བསྐུལ་ནས། །མཁྱེན་


JKT010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་འོད་ཟེར་རྣམ་པས་རང་ལ་ཐིམ། །ཐོག་མེད་སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་བྱས་ཏེ། །ཇི་ལྟ་ཇི་སྙེད་ཤེས་བྱའི་ཡུལ་ལ་རབ་འཇུག་པའི། །གཟུངས་དང་བློ་གྲོས་སྤོབས་པའི་ཟླགཏེར་ཆེན་གྲོལ་བར་གྱུར། །ཅེས་བཟླས་དམིགས་དང་བཅས་ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་གཡེང་བ་དང་བྲལ་བའི་ཡིད་ཀྱིས་ཅི་ཙམ་ནུས་པ་བཟླ། སྤྲོ་ན། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོདྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལི། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདི་ཉིད་ཀྱང་ཅི་རིགས་པར་བཟླའོ། །ཐུན་འཇོག་པའི་དུས་སུ། ལྕེའི་རྩ་བའི་དྷིལ་དམིགས་ཏེ་དབུགས་ཐོག་གཅིག་ལ་དྷིབརྒྱ་རྩ་བརྒྱད་དམ། དེ་ལྟར་མ་གྲུབ་ནའང་གཏམ་གཞན་གྱིས་བར་མ་ཆོད་པར་བཟླས་པའི་མཐར་མཆིལ་མ་ཅུང་ཟད་མིད་པའི་རྐྱེན་གྱིས་དྷིཡིག་ཁོང་པར་སོང་བས་རང་གི་ལུས་དྷིདམར་སེར་འོད་འབར་བར་གྱུར་པ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཀྱང་བཟླ་བར་བྱའོ། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བའི་ཚེ། སླར་ཡང་རང་སྐད་ཅིག་གིས་འཇམ་དཔལ་གཞོན་ནུའི་སྐུར་གྱུར་པར་བསམས་ལ་མཆོད་


JKT010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སོ་སོའི་ཕྱག་རྒྱ་བཅས། ལེགས་བྲིས་བདག་པོའི་བཏུང་བ་ལ་སྦྱར་བའི། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཆོད་ཡོན་གྱིས། །འཕགས་མཆོག་ཞལ་གྱི་པདྨོར་བསྙེན་བཀུར་ན། །སྙིང་རྗེའི་ལང་ཚོ་རྫོགས་པའི་བཀའ་དྲིན་སྩོལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྙོག་པའི་དྲི་མ་གཞར་ཡང་མི་མཛའ་བའི། དག་བྱེད་གངྒའི་རྒྱུན་གྱི་རེག་བྱ་ཡིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱ་བསིལ་བ་ལས། །སྟོང་ཉིད་ཟབ་མོའི་ངལ་འཚོ་ཐོབ་པར་མཛོད། །པཱདྱཾ། འཆི་མེད་བུ་མོའི་ཁེངས་པ་འཕྲོག་བྱེད་པའི། །སྣ་ཚོགས་མེ་ཏོག་གཞོན་ནུའི་གྲུ་ཆར་གྱིས། །ནོར་བུའི་ཟུར་ཕུད་མཛེས་པའི་སྐབས་སྟེར་བས། །མཐའ་ཡས་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བའི་ཕུན་ཚོགས་ལས། །བྱུང་བའི་བསུང་ཞིམ་དངར་པོའི་སྤྲིན་ཕུང་གིས། །འཇམ་མགོན་དྲི་འཛིན་དགྱེས་པའི་ལེགས་བྱས་མཐུས། །འཕགས་རྣམས་རབ་དགའི་ཚུལ་ཁྲིམས་དག་པར་ཤོག །དྷུ་པེ། མུན་པའི་འཐིབས་བུ་བསྙིལ་འོད་རྣོ་ལྡན་པ། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་གསལ་གྱིས། །ཡེ་ཤེས་གཟིགས་པའི་མདུན་སར་མཛེས་སྟེར་བས། །མི་འཁྲུགས་བཟོད་པའི་གོ་ཆ་བརྟན་པར་ཤོག །ཨཱ་ལོ་ཀེ། གདུང་སེལ་ཟླ་བ་གཞོན་ནུའི་བསིལ་འོད་ཅན། །ག་བུར་ཙནྡན་གུར་གུམ་དྲི་ཡི་


JKT010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས། །བསོད་ནམས་བྱེ་བའི་ཕུང་པོར་བྱུགས་པའི་མཐུས། །ཚོགས་ཟུང་རྒྱ་མཚོའི་བརྩོན་འགྲུས་མཐར་ཕྱིན་ཤོག །གནྡྷེ། །སྐབས་གསུམ་དབང་པོའི་བཏུང་བ་ལས་ལྷག་པའི། །བཟའ་བཅའ་བཏུང་བའི་ཁྱད་པར་རྣམ་མང་པོ། །ལྗགས་ཀྱི་པདྨར་སིམ་པའི་དགེ་མཚན་ལས། །འགྲོ་ཀུན་བསམ་གཏན་ཟས་ཀྱིས་འཚོ་བར་ཤོག །ནཻ་ཝི་ཏྱ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒེག་འཆང་བ། །སྙན་འགྱུར་རོལ་མོའི་མཆོད་སྤྲིན་སྦྱར་བ་ལས། །ས་གསུམ་མ་རིག་གཉིད་ལས་སློང་བགྱིད་པའི། །ཤེས་རབ་མཆོག་གི་སྒྲ་དབྱངས་ལེན་པར་ཤོག །ཤརྡ། །ཞེས་པའམ་བསྡུ་ན་སྔགས་ཙམ་གྱིས་མཆོད། རྒྱས་པར་ན་མཚན་ཡང་དག་པར་བརྗོད་པ་དང་། སློབ་དཔོན་རྡོ་རྗེ་མཚོན་ཆ་དང་། རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་རྣམས་དང་། གཞན་ཡང་། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པར། །འཇམ་དཔལ་དབྱངས་ཞེས་མཚན་གསོལ་བར། །དད་པས་ཅུང་ཟད་བསྔགས་པར་བགྱི། ༡ །གང་ཁྱོད་རིག་དང་བརྩེ་བ་ཡི། །ལེགས་སྤྱད་མཐའ་དག་རྫོགས་པའི་མཐུས། །སྲིད་ཞིའི་སྤྲོས་པ་བརྟུལ་མཛད་ནས། །བྱང་ཆུབ་སྙིང་པོའི་ཐིག་ལེར་མཛེས། ༢ །གཞན་དུ་འགྲོ་བ་དྲང་བའི་སླད། །ཇི་སྙེད་རྒྱལ་


JKT010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མདུན་ས་རུ། །བྱང་སེམས་སྐུ་མཆོག་ཆེན་པོའི་ཚུལ། །སྨྲ་བའི་ཉི་མའང་དེ་སྙེད་སྣང་། ༣ །ཁྱོད་སྐུ་མཆོག་ཏུ་དྭངས་པའི་ཤེལ། །གུར་གུམ་སར་པས་མདངས་མཚུངས་ཀྱང་། །མཚན་དཔེའི་ངོ་མཚར་མཐའ་ཡས་ཀྱིས། །སྲིད་ན་དཔེ་ཟླས་དབེན་པར་བྱས། ༤ །གསུང་གི་ནོར་བུའི་རྒྱུད་མངས་པོ། །ཡན་ལག་དྲུག་ཅུའི་ཉམས་འགྱུར་ཅན། །ཤེས་བྱ་ཀུན་དང་སྦྱར་བ་ན། །ས་གསུམ་སྙན་པའི་ཁེངས་པ་འཕྲོག ༥ །གཞར་ཡང་སྤྲོས་པ་ལས་འདས་པའི། །ཇི་ལྟའི་ཡེ་ཤེས་ཐུགས་ཆུད་བཞིན། །ཇི་སྙེད་མཁྱེན་པའི་སྒེག་འཆང་བས། །འཕགས་བཞིའི་འབྱུང་གནས་གཅིག་ཏུ་གྱུར། ༦ །མདོར་ན་བྲལ་དང་སྨིན་པ་ཡི། །ཕུལ་བྱུང་ཡོན་ཏན་རྒྱ་མཚོའི་ཚུལ། །བློ་ལྡན་བྱེ་བས་བསྐལ་པ་བརྒྱར། །བསྔགས་ཀྱང་ཆ་ཙམ་མཚོན་ནུས་མིན། ༧ །ཡིད་ཅན་ཀུན་ལ་མངོན་མཐོ་དང་། །ངེས་ལེགས་རྣམ་མཁྱེན་ལམ་སྟོན་པའི། །ཕྲིན་ལས་མཁའ་དང་སྙོམས་འཇུག་པ། །འཁོར་བ་སྲིད་དུ་མཐའ་མི་མངོན། ༨ །ཕྱོགས་བཅུའི་རྒྱལ་ཡང་ཉིན་བཞིན་དུ། །ཁྱེད་ལ་བསྟོད་པ་ལྷུར་བྱེད་ན། །ཨེ་མ་གང་གི་རྣམ་ཐར་ལ། །སུ་ཞིག་གུས་པ་སྐྱེ་མི་འགྱུར། ༩ །དེ་སླད་འདིར་ཡང་རྩེ་གཅིག་པའི། །དད་པས་མཆོད་ཅིང་གསོལ་འདེབས་ན། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །


JKT010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་འབབ་སྟེགས་ཉིད་དུ་མཛོད། ༡༠ །ཚུལ་གནས་ཁྲིམས་ཀྱི་དགའ་ཚལ་དུ། །མང་དུ་ཐོས་པའི་པདྨོའི་རྫིང་། །བསམ་བྱུང་མཚར་སྡུག་དར་བབས་ཤིང་། །སྒོམ་པའི་འབྲས་བུ་དུད་གྱུར་ཅིག ༡༡ །ཕྱི་ནང་རིག་གཞུང་ཆུ་གཏེར་ཆེ། །འཕེལ་བྱེད་འཆད་རྩོད་རྩོམ་པ་ཡི། །བདུད་རྩིའི་ཟེར་བརྒྱས་ཡོངས་གང་བ། །སྨྲ་བའི་ཟླ་བ་ཉིད་གྱུར་ཅིག ༡༢ །ལྷག་པར་ཟབ་མོའི་རིག་སྔགས་མ། གྲུབ་པས་འཇམ་མགོན་དགྱེས་པའི་ཞལ་མཐོང་ཞིང་། །གསུང་གི་ཟིལ་དངར་ཡང་ཡང་སྩལ་བས་བློ་གྲོས་ལང་ཚོ་རྫོགས་པའི་མཐུས། །བདག་དང་ཕུང་པོ་རྣམ་རིག་ལས་འདས་སྟོང་དང་རྟེན་འབྱུང་མི་ཕྱེད་པའི། །ཀུན་མཁྱེན་ཡེ་ཤེས་སྣང་བ་གསར་བས་ས་གསུམ་དགེ་ལེགས་སྦྱིན་གྱུར་ཅིག ༡༣ །ཅེས་བསྟོད་ཅིང་གསོལ་བ་གདབ་པའམ། བསྡུ་ན། གཞོན་ནུའི་སྐུ་ལུས་འཆང་བ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། དགེ་བ་འདི་ཡི་མྱུར་དུ་བདག །འཇམ་དཔལ་གཞོན་ནུ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བས་ཚོགས་གཉིས་ཟུང་དུ་འབྲེལ་བ་ལ་བསླབ་པར་བྱའོ། །བསྙེན་པ་བྱེད་ན། ཁྲུས་དང་གཙང་


JKT010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲ་ལ་གནས་པས་ཐུན་བཞིའི་སྦྱོར་བས་རབ་མཚན་མའི་བསྙེན་པ་ཉམས་དང་རྨི་ལམ་དུ་རལ་གྲི་དང་ཨུཏྤལ་འཛིན་པ། མེ་འབར་བ། ཉི་ཟླ་ཤར་བ་སོགས་རྟགས་མ་བྱུང་གི་བར་དུ་འབད། །འབྲིང་དུས་བསྙེན་ཟླ་བ་དྲུག །ཐ་མ་གྲངས་བསྙེན་འབུམ་ཕྲག་བརྒྱད་ཁ་སྐོང་དང་བཅས་པ་བཟླའོ། །དེ་དག་གི་སྐབས་སུ་རྨི་ལམ་དུ་ཐོག་སེར་འབབ་པ་དང་། རླུང་ནག་འཁྲུགས་པ་དང་། གཅན་གཟན་གྱིས་ཟོས་པ་སོགས་བྱུང་ན་ཅུང་ཟད་བར་ཆད་ཀྱི་རྟགས་ཡིན་པས། ཐུན་མཚམས་རྣམས་སུ་ཁྲོ་རྒྱལ་མི་གཡོ་བའི་སྒོམ་བཟླས་ཉམས་སུ་བླང་བར་བྱ་སྟེ། སྟོང་པའི་ངང་ལས་པད་ཉིའི་གདན་ལ་སྐད་ཅིག་གིས། །རང་ཉིད་ཁྲོ་རྒྱལ་མི་གཡོ་སྔོན་པོ་སྤྱན་གསུམ་འབར། །ཕྱག་གཡས་རལ་གྲི་གཡོན་པས་རྡོ་རྗེའི་ཞགས་པ་བསྣམས། །ཡེ་ཤེས་མེ་དབུས་པུས་གཡོན་བཙུགས་པའི་སྟབས་ཀྱིས་རོལ། །ཁྲོ་བོའི་ཆས་རྫོགས་ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ། །མཐའ་སྐོར་སྔགས་ཕྲེང་དབང་སྔོན་མདོག་མཚུངས་བསྐོར་བ་ལས། །རབ་འབར་མེ་འོད་ཚ་ཞིང་རྩུབ་པར་འཕྲོས་པ་ཡིས། །བར་ཆད་མི་མཐུན་ཕྱོགས་ཀུན་བསྲེགས་ཤིང་སྦྱངས་བར་གྱུར། །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་སྟོང་སོགས་བཟླ། སྤྲོ་ན་ཆུ་སྲུང་གི་གདམ་པའང་ཉམས་སུ་བླངས་པས་འཕྲལ་དུ་ཞི་བར་འགྱུར་།


JKT010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གེགས་སེལ་འདི་ལྷག་པའི་ལྷ་གང་ལའང་སྦྱར་དུ་རུང་ངོ་། །དེ་ལྟར་རྩེ་གཅིག་ཏུ་འབད་པས་ཐོག་མར་འཛིན་བློ་སྐྱེ་ཞིང་། དེ་ནས་སྙན་ངག་དང་། རྡོ་རྗེའི་ངག་དང་། ཕྱིན་ཅི་མ་ལོག་པའི་དོན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས་གཟུངས་དང་སྤོབས་པའི་མཐུ་ཟླ་བས་རེག་པའི་ཆུ་གཏེར་བཞིན་དུ་འཕེལ་བར་འགྱུར་པ་ནི་ངེས་པའོ། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཕུལ། །ས་སྐྱའི་འཇམ་མགོན་དགྱེས་པའི་ཞལ་ལུང་རྣམས། །ཤིན་ཏུ་གསལ་བར་བཀོད་འདིས་ཡིད་ཅན་ཀུན། །བློ་གྲོས་སྣང་བ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའང་མངོན་རྟོགས་ཀྱི་དངོས་གཞི་རྗེ་བཙུན་གོང་མའི་གསུང་རབ་སོར་བཞགས། །ཚིག་གི་མཐའ་བསྐྱེད་ཚུལ་དང་། སྦྱོར་རྗེས་ཀྱི་སྤྲོས་བ་ཅུང་ཟད་དང་བཅས་ཏེ་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་ཆོས་རབ་རྣམ་འབྱེད་ཀྱི་བློ་མཆོག་ཟབ་མོས་བྱང་ཆུབ་སྙིང་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་སིདྡྷི་རསྟུ།། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousའཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་འཇམ་མགོན་དགྱེས་པའི་ཞལ་ལུང་།next