Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ།next

འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ།


JKT010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདིར་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་ཨ་ར་པ་ཙ་ན་ལྷ་ལྔའི་སྒོམ་བཟླས་


JKT010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླང་བར་འདོད་པས་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་རྣམ་པར་དག་པ་གཞིར་བཞག་ནས་གནས་དབེན་པར་ཁྲུས་དང་གཙང་སྦྲ་དང་བཅས་བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁོད་དེ་སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་སོགས་ཅི་ནུས་མཐར། ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། དེ་ནས། སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། །དེའི་ཆེད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་རྗེ་བཙུན་འཇམ་དབྱངས་སུ་གསལ་བའི་སྙིང་གར་པདྨ་དང་


JKT010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་སྟེང་དུ་ཧྲཱིཿལས་འོད་འཕྲོས། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །ཕྱིར་འཕྲོས་པས་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། རང་གི་ལུས་དཔག་ཏུ་མེད་པར་བསམ་ལ་སྒོ་གསུམ་གུས་པས། ན་མོ་གུ་རུ་བྷྱཿ ན་མཿཨརྻ་མཉྫུ་ཤྲཱི་མཎྜལ་ས་པཱ་རི་ཝཱ་ར་བྷྱཿ ཞེས་པས་ཕྱག་བྱ། མཆོད་པ་འབུལ་བ་ནི། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པཱ་རི་ཝཱ་ར་ཞེས་ཀུན་ལ་སྦྱར་བའི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པདྱཱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྟེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་བར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །


JKT010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་པོའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སྣ་ཚོགས་རྡོ་རྗེ་ཕྱོགས་མདོག་ཅན་གྱི་དབུས་དཀར་བའི་ལྟེ་བར་ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་སྣ་ཚོགས་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང་། དེའི་སྟེང་དུ་རྩིག་པ་


JKT010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོའི་སྟེང་དུ་ཕ་གུ་ལ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་དང་བཅས་པའི་སྟེང་དུ་རྡོ་རྗེའི་གདུང་བཞི་མིག་མང་རིས་སུ་བྲིས་པའི་དབུས་སུ་གཙང་ཁང་གྲུ་བཞི་པའི་རྣམ་པ་ཅན་ཕ་གུ་དྲྭ་བ་དང་དྲྭ་ཕྱེད་མདའ་ཡབ་པུ་ཤུས་བརྒྱན་ཅིང་། དེའི་སྟེང་དུ་རྒྱ་ཕིབ་ཀྱི་རྣམ་པ་མཛེས་པར་ཕུབ་པ། དབུས་ཕྱུར་ཕུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབ་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་དང་གཞན་ཡང་གོས་དང་འཕན་དང་ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་ནང་གི་ལྷ་སྣམ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་སྣ་ཚོགས་པད་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར། ཤར་དང་ནུབ་ཀྱི་པད་འདབ་ལ་ཉི་མའི་དཀྱིལ་འཁོར། ལྷོ་བྱང་གི་པད་འདབ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་ཤེས་པ་དྷཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་མ་རིག་པའི་མུན་པ་བསལ། །ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དཀར་པོ་གངས་རི་


JKT010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉི་མ་ཤར་བའི་མདངས་ཅན་ཞལ་གཅིག །ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡས་པས་ཨུཏྤལ་རྒྱས་པའི་སྟེང་དུ་མི་ཤེས་པ་གཅོད་པར་བྱེད་པའི་རལ་གྲི། གཡོན་པས་ཨུཏྤ་ལའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བསྣམས་པ། གཞོན་ནུ་ལང་ཚོ་དར་ལ་བབས་པ་རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་ཕྱག་གདུབ་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་མཛེས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སྐུ་ལས་འོད་ཟེར་དུ་མ་འཕྲོ་བ། ཟླ་བ་རབ་ཏུ་རྒྱས་པའི་རྒྱབ་ཡོལ་ཅན། པདྨའི་འདབ་མ་བརྒྱད་ལ་ཤར་དུ་ར་ལས་གཞོན་དུ་དྲྭ་བ་ཅན་གྱི་འོད་དང་། ནུབ་ཏུ་པ་ལས་ཟླ་འོད་གཞོན་ནུ་གཉིས་གཡས་རལ་གྲི་འཕྱར་བའི་ཚུལ་དུ་འཛིན་ཅིང་གཡོན་པུསྟི་ཐུགས་ཀར་འཛིན་པ། ལྷོར་ཙ་ལས་སྐྲ་ཅན་མ་དང་། བྱང་དུ་ན་ལས་ཉེ་བའི་སྐུ་ཅན་མ་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལའི་སྟེང་དུ་པུསྟི་འཛིན་པ་ནུ་འབུར་ཟུང་དང་ལྡན་པ་སྒེག་ཅིང་མཛེས་ལ་འཛུམ་པའི་མདངས་དང་ལྡན་པ་བཞི་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྐུ་མདོག་དཀར་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།


JKT010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་སུ་རིན་པོ་ཆེའི་བུམ་པ་འབྲུ་དང་སྨན་བཅུད་སྣ་ཚོགས་ཀྱིས་གང་ཞིང་གོས་ཀྱིས་ཀླུབས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་སུ་དྷིཡིག་རྩིབས་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་ཨོཾ་ཨ་ར་པ་ཙ་ན་སྭཱ་ཧཱ། རྩིབས་མཆན་བརྒྱད་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྟེ་ཡི་གེ་གཉིས་གཉིས། མུ་ཁྱུད་ཀྱི་ཕྱི་རོལ་ལ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཅུང་ཟད་མ་རེག་པའི་ཚུལ་དུ་བསྐོར་བ་སྒོམ། སླར་ཡང་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ཙམ་གྱིས་ཆོག་པར་སྣང་ལ། སྤྲོ་ན། ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལྷ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲངས། ཨོཾ་ཨཱརྱ་མཉྫུ་ཤྲཱི་མཎྜལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿ ཞེས་པས་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་


JKT010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཞེས་པའི་སྔགས་རྒྱས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ནས། ཤྲཱི་ཡེ་ཧཱུྃ་ཞེས་གསུངས་ཤིང་དབང་བསྐུར་བས་གཙོ་བོ་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་ཞེས་བརྗོད། འདིར་རིགས་བདག་ནི་རང་ཆས་སུ་བསྒོམ་སྟེ། འགྲེལ་པ་ལས་ཐམས་ཅད་ལ་ཡང་ཡེ་ཤེས་པ་བཞུགས་པ་དབུ་རྒྱན་རང་ཆས་སུ་བསྒོམ་པར་བྱའོ། །ཞེས་གསུངས་པས་ཆུ་ལྷག་མ་ཡར་ལུད་པས་བྱུང་བ་ནི་མ་ཡིན་ནོ། །ཨོཾ་ཨཱརྱ་མཉྫཤྲཱི་ས་པཱ་རི་ཝཱ་ར་སོགས་ཀྱིས་མཆོད། གཞོན་ནུ་ཡིད་འོང་མཛེས་པའི་ཆ་ལུགས་ཅན། །ཉོན་མོངས་རྣམ་དག་པུཎྜ་རཱི་ཀའི་མདོག །ཟླ་བ་བྱེ་བའི་མདོག་ཅན་མཚུངས་མེད་སྐུ། །འཇམ་དབྱངས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་མམ་ལྷ་ལྔའི་བསྟོད་པ་རྒྱས་པས་བསྟོད་ལ། ལྷའི་རྣམས་པ་གསལ་བ་ལ་སེམས་བཟུང་། ཐུགས་ཀར་དྷཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས། བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པར་བསམ་ཞིང་། ཨོཾ་ཨ་ར་པ་ཙ་ན་དྷཱིཿསྭཱ་ཧཱ། ཞེས་གཙོ་བོའི་སྔགས། ཨོཾ་ར་ཛཱ་ལི་དྲ་བ་ཅན་ནི་ཕྲ་


JKT010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འོད་བྷཱ་ཀུ་མཱ་ར་གཞོན་ནུ་སྭཱ་ཧཱ། ཨོཾ་པ་ཙནྡྲ་ཟླ་བ་པྲ་བྷཱ་འོད་ཀུ་མཱ་ར་གཞོན་ནུ་སྭཱ་ཧཱ། ཨོཾ་ཙ་ཀེ་ཤི་ནཱི་སྭཱ་ཧཱ། སྐྲ་ཅན་མ། ཨོཾ་ན་ཨུ་པ་ཀེ་ཤི་ནཱི་སྭཱ་ཧཱ། ཉེ་བའི་སྐྲ་ཅན་མ། ཞེས་ཅི་ནུས་བཟླས་པར་བྱའོ། ཤྲརྡྷའི་སྒྲུབ་ཐབས་སུ་འཁོར་ལོའི་ཡིག་འབྲུ་རྣམས་ལ་ལྷ་གསལ་བཏབ་ནས་ལྷ་མི་འཁོར་ཞིང་འཁོར་ལོ་འཁོར་བར་མཛད། བཟླས་པ་ཚར་ནས། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ཞིང་བདག་མེད་རྟོག་པའི་ཤེས་རབ་སྩལ་དུ་གསོལ། ཞེས་དང་གོང་ལྟར་མཆོད་བསྟོད་བྱའོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སྲུང་བའི་འཁོར་ལོ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་གདན་དང་བཅས་པ་འཁོར་གྱི་ལྷ་རྣམས་ལ་ཐིམ། འཁོར་རྣམས་རང་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བ་ལ་ཐིམ། ཞེས་བརྗོད། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །བསྙེན་པ་བྱེད་ན་ཐུན་བཞི་ལ་སོགས་པའི་རིམ་པས་གཙོ་བོའི་སྔགས་འབུམ་ཕྲག་བརྒྱད་དང་། འཁོར་རྣམས་ཀྱི་སྔགས་དེའི་


JKT010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཆ་ཙམ་བཟླ། སྔ་ཐུན་གྱི་མཇུག་ཏུ་དཀྱིལ་འཁོར་བསྡུ་བ་ཟིན་ནས། གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྗེ་བཙུན་འཇམ་པའི་དབྱངས་ལྷ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། གཙོ་འཁོར་རྣམས་ཀྱི་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་ལྔས་གཏོར་མ་འབུལ་ཞིང་མཆོད་བསྟོད་གསོལ་གདབ་རྣམས་གོང་ལྟར་བྱ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་བཛྲ་མུས་གཤེགས་སུ་གསོལ། གནས་གསུམ་སྲུང་བ་དང་དགེ་བ་བསྔོ་བ་རྣམས་བྱ། འཇིག་རྟེན་པའི་གཏོར་མ་བཏང་བར་སྤྲོ་ན་འདས་གཏོར་གྱི་རྗེས་སུ་ཆ་གསུམ་གཏོར་མ་སྤྱི་ལྟར་བྱའོ། །ཞེས་པའང་ངག་འདོན་ཁོ་ན་མདོར་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་ཡི་གེ་པ་ནི་ཤྲཱི་དྷརྨ་ཀི་རྟིས་བགྱིས་པའི་དགེ་བས་འགྲོ་ཀུན་སོ་སོར་ཡང་དག་པ་རིག་པ་བཞིའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །།


previousའཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ།next