Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་དམར་སེར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་བློ་གྲོས་སྣང་སྟེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཇམ་དཔལ་དམར་སེར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་བློ་གྲོས་སྣང་སྟེར།next

འཇམ་དཔལ་དམར་སེར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་བློ་གྲོས་སྣང་སྟེར།


JKT010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དམར་སེར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་བློ་གྲོས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདིར་འཇམ་དཔལ་དམར་སེར་དཔའ་བོ་གཅིག་པའི་སྒོམ་བཟླས་མདོར་བསྡུས་ཏེ་ཉམས་སུ་བླང་བར་འདོད་པས། ཁྲུས་དང་གཙང་སྦྲ་དང་བཅས་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་བཞུགས་པར་མོས་ཏེ། བདག་སོགས་མཁའ་མཉམ་འགྲོ་ཀུན་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར། །འཇམ་དཔལ་དཔའ་བོ་ཏིང་འཛིན་སྒྲུབ་པར་བགྱི། །ཞེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། མཐའ་ཡས་འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་ཤོག །ཅེས་ཚད་མེད་བཞི་ལ་བློ་སྦྱངས། དངོས་གཞི་ལྷ་བསྒོམ་པ་ནི། །ཆོས་ཀུན་གཟོད་ནས་སྤྲོས་མཚན་ལས་འདས་ཀྱང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །རང་གི་སྙིང་ཉིད་འོད་ཀྱི་གུར་ཁང་དབུས། །པྃ་ལས་པདྨ་ཨ་ལས་ཟླ་སྟེང་དྷཱིཿ །དམར་སེར་འབར་བའི་འོད་ཀྱིས་ལུས་ཀུན་གང་། །སྒྲིབ་གཉིས་མུན་བསལ་དག་པའི་ཤེལ་ལྟར་གྱུར། །དེ་ནས་རང་ཉིད་སྐད་ཅིག་དྲན་རྫོགས་སུ། །འཇམ་དཔལ་གཞོན་ནུ་བརྒྱད་གཉིས་ལང་ཚོ་ཅན། །གསེར་མདོག་ཡིད་འོང་སྒེག་ཅིང་འགྱིང་བའི་སྐུ། །ཞི་འཛུམ་མཚན་དཔེའི་ཉམས་འགྱུར་


JKT010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས། །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་རྒྱས། །རིན་ཆེན་ཅོད་པན་མི་བསྐྱོད་མགོན་པོས་མཛེས། །ཟླ་བའི་འོད་ཀྱི་རྒྱལ་ཡོལ་ལ་བརྟེན་ཅིང་། །ལྷ་རྫས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཡས་ཤེས་རབ་མེ་འབར་རལ་གྲི་འཕྱར། །གཡོན་པས་ཨུཏྤལ་སྡོང་བུ་ཐུགས་ཀར་བཟུང་། །མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བ། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་པུསྟིས་མཚན། །པད་ཟླའི་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་འོད་ཀྱིས་མཁའ་ཁམས་ཀུན་འགེངས་པའི། །སྣང་སྟོང་ཟུང་འཇུག་གཟུགས་སྐུར་ལམ་མེར་གསལ། །ཅེས་བརྗོད་ཅིང་བསམས་ལ་ལྷ་སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་བཟུང་། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་དབུས་སུ་དྷཱི །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། །ལྕེ་ལ་ཡང་ནི་དྷི་ཡིག་འབར་བས་མཚན། །བཟླས་པའི་རྐྱེན་གྱིས་སྔགས་ལས་འོད་ཟེར་འཕྲོས། །འགྲོ་ཀུན་སྒྲིབ་སྦྱང་འཇམ་དཔལ་གོ་འཕང་བཀོད། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་བསྐུལ། །མཁྱེན་པའི་ཡེ་ཤེས་འོད་ཀྱི་རྣམ་པར་བསྡུས། །བདག་ལ་ཐིམ་པས་སྒྲིབ་གཉིས་ཀུན་སྦྱངས་ཏེ། །བློ་གྲོས་སྣང་བ་མཆོག་ཏུ་རྒྱས་པར་གྱུར། ཅེས་བཟླས་དམིགས་དང་བཅས། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་


JKT010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤྲོ་ན། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་བྷཱ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་ཅི་རིགས་པར་བཟླ། ཐུན་འཇོག་པ་ན། ལྕེའི་རྩ་བ་དྷིལ་དམིགས་ཏེ་དབུགས་ཐོག་གཅིག་ལ་དྷི༔བརྒྱ་རྩའམ། དེ་ལྟར་མ་གྲུབ་ན་གཏམ་གཞན་གྱིས་བར་མ་ཆོད་པར་བཟླས་མཐར་མཆིལ་མ་ཅུང་ཟད་མིད་པའི་རྐྱེན་གྱིས་ལྕེའི་དྷིཁོངས་པར་སོང་བས་རང་གི་ལུས་དྷཱི༔དམར་སེར་འོད་འབར་བར་གྱུར་པར་བསམས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཀྱང་བཟླས་པར་བྱའོ། །རྗེས་ཐུན་ལས་ལྡང་བའི་ཚེ་སླར་ཡང་རང་སྐད་ཅིག་གིས་འཇམ་དཔལ་གཞོན་ནུའི་སྐུར་གྱུར་པ་ལ་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བསམས་ལ། དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད། ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་པཱ་དྱཱ་པུཥྤེ་དྷཱུ་པྤེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱཱ་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། གཞོན་ནུ་སྐུ་ལུས་འཆང་བ་པོ། ཡེ་ཤེས་སྒྲོན་མེ་


JKT010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྒྱས་ཤིང་། །འཇིག་རྟེན་ཀུན་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ཞིང་ནུས་ན་མཚན་ཡང་དག་པར་བརྗོད་པ་སོགས་བསྟོད་པའི་ཚོགས་ཚིག་དོན་ཕུན་སུམ་ཚོགས་པ་རྣམས་ཀྱིས་བསྟོད་པའི་མཐར། བདག་སོགས་བྱང་ཆུབ་སྙིང་པོའི་བར། །འཇམ་དཔལ་དཔའ་བོས་རྗེས་བཟུང་ནས། །ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ཅེས་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་གཞོན་ནུ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ། ཅེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་སྟེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །ཞེས་པའང་དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས་པའི་སྐུ་གཟུགས་ཀྱི་སྣང་བརྙན་བཞེངས་པ་ལ་བི་ཤྭ་ཀརྨའི་ཁེངས་པ་འཕྲོག་པའི་བློ་གྲོས་ཀྱི་མཐུ་ཐོབ་ཅིང་། དད་འབྱོར་གྱིས་མངོན་པར་ཕྱུགས་པའི་དབུ་མཛད་ཆེན་མོ་པདྨོ་ཤཱ་རས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་བསྐུལ་བའི་ངོར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་། འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་རབ་ཀྱི་དགོངས་དོན་དང་མཐུན་


JKT010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པར་མདོར་བསྡུས་ཚིགས་བཅད་ཀྱི་ཕྲེང་བར་བསྡེབས་པའི་དགེ་བས་འགྲོ་ཀུན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousའཇམ་དཔལ་དམར་སེར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་བློ་གྲོས་སྣང་སྟེར།next