Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousརྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།next

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།


JKT010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། བློ་ལྡན་གང་ཞིག་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་མཐའ་དག་གི་རྩ་བར་གྱུར་པ་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པར་བྱ་བའི་སླད་དུ། གྲུབ་པའི་སློབ་དཔོན་རྡོ་རྗེ་མཚོན་ཆས་


JKT010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། སྔོན་དུ་བརྒྱུད་ལྡན་གྱི་བླ་མ་ལས་འདིའི་རིག་གཏད་ལེགས་པར་ནོས་ཏེ། ངེས་འབྱུང་དང་སྙིང་རྗེ་ཆེན་པོའི་བློ་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱའོ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་བླ་མ་མཆོག་གསུམ་སྐྱབས་སུ་བསྙེན། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་འཇམ་དཔལ་བསྟོད་སྒྲུབ་ཉམས་བླངས་མཐུས། །ཡིད་ཅན་བདེ་བ་རྒྱུར་བཅས་དང་ལྡན་སྡུག་བསྔལ་རྒྱུར་བཅས་ཀུན་དང་བྲལ། །སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་བཏང་སྙོམས་ངང་ལ་གནས་གྱུར་ཅིག །ལན་གསུམ། དངོས་གཞི་སྒོམ་བཟླས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོཉཧཾ། །འདི་ལྟར་དངོས་ཀུན་བདག་དང་ཕུང་པོ་རྣམ་རིག་སྤྲོས་པ་ལས་འདས་ཀྱང་། །རྟེན་ཅིང་འབྲེལ་འབྱུང་སྣང་ཆ་འགག་མེད་སྒྱུ་མའི་ཚུལ་ལ་སྙོམས་འཇུག་བཞིན། །རང་གི་གནས་གསུམ་ཨོཾ་ཨཱཧཱུྃ་དང་སྙིང་དབུས་ཟླ་སྟེང་དྷིཡིག་ལས། །འཕྲོས་པའི་འོད་ཀྱིས་འཇམ་དཔལ་གཞོན་ནུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་དགྱེས་པའི་ཚུལ་གྱིས་


JKT010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ནི། །གུར་གུམ་མདངས་ཅན་བརྒྱད་གཉིས་ལང་ཚོར་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར། །གནག་སྣུམ་དབུ་སྐྲ་ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་ཆུན་པོས་མཛེས། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར་ཞིང་གཡོན་པས་ཤེར་ཕྱིན་གླེགས་བམ་བསྣམས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་སྤྲས་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་དབུས་ཟླ་སྟེང་དྷཱི་ཡིག་དམར་སེར་འབར་བས་མཚན། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ཡེ་ཤེས་བདུད་རྩིའི་དབང་བསྐུར་བས། །སྐུ་གང་སྒྲིབ་དག་མི་བསྐྱོད་དབུར་བརྒྱན་གུས་པས་བསྟོད་ཅིང་གསོལ་བཏབ་མཐུས། །ཐུགས་སྲོག་ཉིད་ལས་བསྟོད་པའི་ཚིག་དང་སྔགས་ཀྱི་ཕྲེང་བ་བར་མེད་འཕྲོས། །ཉིན་མོར་བྱེད་པའི་འོད་ལྟར་གསལ་བ་བདག་གི་སྙིང་དབུས་ཐིམ་པའི་མོད། །མི་ཤེས་མུན་པ་མཐའ་དག་བསལ་ནས་མཁྱེན་བརྩེ་ནུས་པའི་སྣང་བ་ཡིས། །རིག་དང་བརྩེ་བའི་པདྨོ་རབ་རྒྱས་འཇམ་མགོན་གོ་འཕང་ཐོབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་


JKT010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། ལན་གསུམ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཔེ་ལ་ལར་ཧཱུྃ་སྭཱ་ཧཱ་ཞེས་སྣང་ནའང་དཔེ་རྙིང་ཕལ་ཆེར་དུ་དཀྱུས་སུ་གཀོད་པ་བཞིན་ནོ། ཉེར་གཅིག །སླར་ཡང་དེ་འདྲ་ཚར་གཉིས་ཏེ་བསྟོད་པ་དགུ་ཕྲུགས་སུ་བྱ་བའམ། བསྟོད་པ་བདུན་ནམ་ཉེར་གཅིག་སོགས་ཀྱི་མཐར་བཟླས་པ་ཅི་ནུས་སུ་བྱ་སྟེ། རྒྱུན་དུ་འདི་ཙམ་གྱིས་དོན་འགྲུབ་ལ་བསྟོད་སྒྲུབ་དམིགས་བསལ་བྱེད་ན་ཇི་སྐད་བཤད་པའི་རིམ་པས་བསྟོད་པ་ཁྲི་ཕྲག་བདུན་བཟླ་བར་ཕན་ཡོན་གྱི་མཆན་རྙིང་ལས་བཤད་ལ། སྔགས་འབུམ་ཕྲག་ལྔའམ་བདུན་བཟླའོ། །གསུམ་པ་རྗེས་ནི། བསྟོད་པ་ལན་གསུམ་གྱི་མཐར། །བརྩེ་ལྡན་སྨྲ་བའི་ཉི་མ་ཁྱོད་ཀྱི་མཁྱེན་རབ་ཐུགས་རྗེའི་འོད་ཟེར་གྱིས། །བདག་བློའི་ཉོན་མོངས་ཤེས་བྱ་སྙོམས་འཇུག་གཏི་མུག་མུན་པ་རབ་བསལ་ནས། །ལེགས་གསུང་བཀའ་


JKT010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགོངས་འགྲེལ་བསྟན་བཅོས་གཞུང་ལུགས་ཇི་བཞིན་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་ནས་ཀུན་མཁྱེན་ཐོབ་བར་མཛད་དུ་གསོལ། །ཞེས་འདོད་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། མདུན་གྱི་ལྷ་རང་ལ་བསྟིམ་པའམ་མི་དམིགས་པར་བསམས་ནས་བདག་མེད་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་གི་ངང་དུ་ཇི་ཙམ་གནས་གྱི་བར་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན། །དགེ་བ་འདི་ཡིས་ཚོགས་གཉིས་སྦྱོར་བས་བདག་མེད་དོན་ལ་གསལ་སྣང་ཐོབ། །དེ་མཐུས་སྤྲོས་བྲལ་འཇམ་དཔལ་ཡེ་ཤེས་འཕགས་བློས་མངོན་སུམ་ཉིད་དུ་མཐོང་། །ཀུན་བརྟག་ལྷན་སྐྱེས་ཉོན་མོངས་རྣམ་སངས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་ཆ་བཅས་མཐར་བྱས་བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱ་སྟེ། དེ་ལྟར་འབད་པས་རིང་པོར་མི་ཐོགས་པར་སྲིད་ཞིའི་མཐའ་ལས་འདས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་པ་ནི་ངེས་པའོ། །ཞེས་པའང་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གཞན་རྣམས་ལ་


JKT010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་བསམ་པས་ཡིག་རྙིང་མཐའ་དག་གི་དོན་གྱི་བཅུད་ཕྱུང་སྟེ་སྦྱར་བའི་ཡི་གེ་པ་ནི་ཆོས་རྗེ་བླ་མ་ཨཱ་ནནྡ་མཉྫགྷོ་ཥས་མཛད་པ་སྟེ། འདིས་ཀྱང་འགྲོ་ཀུན་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །།


previousརྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།next