Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་།
  
  
  
  
  
  
  
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousདབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་།next

དབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་།


JKT010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཕགས་བཞི་སྐྱེད་དང་རོལ་པའི་ཡུམ། །རྡོ་རྗེ་ལྷ་མོ་དབྱངས་ཅན་མར། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང་། །རྗེས་གནང་མན་ངག་འདུས་གསལ་བྲི། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་སུ་གནང་བ། ལས་ཚོགས་ཀྱི་ངེས་པའོ། །དང་པོ་ནི། ཕ་རོལ་གྱི་རྒོལ་བ་ཚར་གཅད་པ་དང་། མཐའ་ཡས་པའི་སྤོབས་པ་བསྐྱེད་པ་དང་། ཕྲིན་ལས་སྣ་ཚོགས་པ་བསྒྲུབ་པར་འདོད་པས། ཉམས་དགའ་བའི་སྨན་ལྗོངས་དང་། ཡིད་དུ་འོང་བའི་བྲག་རི་ཟླ་བ་ལྟར་དཀར་བའི་ཕུག་ཏུ། ཁྲུས་དང་གཙང་སྦྲ་ལ་གནས་པས། སྒོ་གསུམ་རྣམ་པར་གཡེང་བའི་ཚོགས་སྤངས་ཤིང་རྩེ་གཅིག་པའི་ཡིད་ཀྱིས་འཇུག་པར་བྱ་སྟེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་དང་། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་


JKT010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རང་སྐད་ཅིག་གིས་རྡོ་རྗེ་དབྱངས་ཅན་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོ་ན་བཞུགས་པའི་འཕགས་མའི་ཐུགས་ཀའི་འཁོར་ལོ་རིན་པོ་ཆེའི་གཞལ་མེད་ཁང་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། ༀ་ཨེ་ཧྱེ་ཧི་བཛྲ་དེ་ཝཱི་མ་ཧཱ་ཙཀྲ་ས་མ་ཡཱཥྚཾ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་ཏྱཾ། ཨཉྩམ་ནཾ། །པུཥྤེ་ནས་ཤབྡའི་བར་དང་། ཨ་ལཾ་ཀཱ་ར། མཱ་ལ། ཝཱི་ཎི། ཨོཾ་ཨཿཧཱུྃ་གཱི་རྟི་ནཱི་རྟི་ཞེས་སྦྱར་བ་དང་། རྡོ་རྗེ་དབྱངས་ཅན་ལྷ་མོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་པའི་ཚོགས་ཀུན་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ཡན་ལག་བརྒྱད་དང་བཅས་པས་མཆོད། བཅོམ་ལྡན་འདས་མས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་མདུན་གྱི་གཞལ་མེད་ཁང་གནས། ལྷ་མོའི་


JKT010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རང་ལུས། ཐུགས་ཀའི་འཁོར་ལོ་སྙིང་གར་ཐིམ་པ་ལས། གནས་ཁང་ཤེལ་དང་བཻཌཱུརྱ་དང་། པདྨ་རཱ་ག་དང་། གསེར་བཟང་ལས་གྲུབ་པའི་གཞས་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་པའི་དབུས་སུ། རང་ཉིད་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མར་གྱུར་པ་ནི། སྐུ་མདོག་དང་ཞལ་གསུམ་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་། ཨུཏྤལ། འོག་མ་གཉིས་ཀྱིས་པི་ཝཾ་སྦྲེང་བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་པ། དར་དང་རིན་པོ་ཆེས་བརྒྱན་པ། སྙིང་པདྨ་འདབ་བརྒྱད་ཁ་ཟུམ་པའི་དབུས་སུ་ཧྲཱིཾཿཡིག་དཀར་པོ་རིན་པོ་ཆེའི་སྒྲོན་མེ་ལྟར་འབར་བའི་འོད་ཀྱིས་སྙིང་གི་པདྨ་ཁ་བྱེ་བའི་འདབ་མ་བརྒྱད་ལ་དབྱངས་ཡིག་གཉིས་གཉིས་གནས་པ་དང་བཅས་པ་ལས་འོད་ཟེར་འཕྲོས། རང་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། རྒྱལ་བ་སྲས་དང་བཅས་པའི་མཁྱེན་པའི་ཡེ་ཤེས་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས་པདྨ་ཡི་གེ་དང་བཅས་པ་གསལ་ཞིང་འབར་བའི་སྣང་བས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་མཆོག་ཏུ་རྒྱས་པར་བསམས་ལ། ཧྲཱིཾཿཞེས་པའི་ཡི་གེ་འབྲུ་གཅིག་པ་འབུམ་ཕྲག་བཅོ་ལྔ་བཟླས་པས་འོག་ནས་འབྱུང་


JKT010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྟས་རྣམས་མཐོང་བ་ནི་བསྙེན་པའི་ཚུལ་ལོ། །སྒྲུབ་པ་དང་རྗེས་སུ་མཐུན་པའི་བཟླས་པ་ནི། ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཾ། འདབ་མ་བརྒྱད་ལ་དབྱངས་བཅུ་དྲུག་གཡས་སྐོར། ཡིག་འབྲུ་རྣམས་རལ་གྲི་ཕྱེད་པའི་གདན་ལ་གནས་པ། དེ་ལས་འོད་ཟེར་འཕྲོས། རང་གི་སྒྲིབ་གཉིས་ཀྱི་མུན་པ་བསལ་ཞིང་བློ་གྲོས་ཀྱི་མཐུ་བརྟན་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་སྦྱངས་ཏེ། ཚུར་འདུས་པ་དང་ལྷན་ཅིག་ཏུ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་པས། ཨོཾ་བཛྲ་དེ་ཝཱི་པི་ཅུ་པི་ཙུ་པྲཛྙཱ་ཝརྡྷ་ཧྲཱིཾཿཧཱུྃ། འབུམ་ཕྲག་གསུམ་བཟླ་བར་གསུངས་ནའང་བཞི་འགྱུར་གྱི་རིགས་པས་བཅུ་གཉིས་བཟླས་ན་རྟགས་རྣམས་རྫོགས་པར་འགྱུར་རོ། །རྟགས་ནི། ནངས་པར་སྐྱ་རེངས་ཤར་བའི་དུས་སུ་ཟླ་བ་རྒྱས་པ་དང་། སྐར་མ་པ་ཝ་སངས་དང་། སྒྲོན་མེ་འབར་བ་རྣམས་དངོས་སམ་རྨི་ལམ་དུ་མཐོང་ན་རིམ་པ་བཞིན་དུ་གཟི་བརྗིད་རྒྱས་པ་དང་། དབྱངས་སྙན་པ་དང་། །ཡིད་གསལ་བར་འགྱུར་ཞིང་། ཐུན་མོང་དུ་ཞུགས་པ་ཡིན་ཀྱང་ངག་གི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་གསུངས་ལ། མཚོན་ཆའི་འཁོར་ལོ་མཐོང་ན་ནུས་པ་དང་ལྡན་པར་འགྱུར་རོ། །རྟགས་


JKT010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་བོ། །ཐུན་ལས་ལྡང་བ་ན། རང་ལྷ་མོར་གསལ་བ་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་ཧྲཱིཾ་ལ་ཐིམ་པར་གྱུར་པའི་མོས་པས་སེམས་བཟུང་ཞིང་མཐར་དམིགས་མེད་དུ་བཞག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་ནི། སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་མེ་ཏོག་གི་ཚོམ་བུ་དང་། མདུན་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ། ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་བཤམ། བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག་སོགས་མཆོད་པ་བྱིན་རླབས་སྤྱི་ལྟར་དང་། །པཱ་དྱཾ་གྱི་རྗེས་སུ། ཨཉྩམཾ་ནཾ་སྦྱར་བ་སྔོན་དུ་འགྲོ་བས་བདག་བསྐྱེད་གོང་ལྟར་བྱ། མདུན་བསྐྱེད་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོ་ནས་འཕགས་མ་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། ཨོཾ་ཨེ་ཧྱེ་ཧི་སོགས་ནས། ནཱི་རྟི་ཞེས་མཆོད་པའི་བར་གོང་ལྟར་དང་། ཛཿཧཱུྃ་བྃ་ཧོཿ མདུན་གྱི་རྟེན་དང་དབྱེར་མེད་དུ་ཐིམ། དེ་ཡོངས་སུ་གྱུར་བ་ལས་ཤེལ་དང་སོགས་


JKT010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྤྲས་པའི་དབུས་སུ། ལྷ་མོ་དབྱངས་ཅན་མ་སྐུ་མདོག་དང་ཞལ་གསུམ་དཀར་བ་སོགས་ནས། རིན་པོ་ཆེས་བརྒྱན་པ། ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པ་རབ་ཏུ་རྒྱས་པའི་དབུས་སུ་ཧྲཱིཾ། འདབ་མ་བརྒྱད་ལ་དབྱངས་ཡིག་གཉིས་གཉིས་གནས་པར་གྱུར། མཆོད་པ་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས། ཨོཾ་བཛྲ་དེ་ཝཱི་སྭ་ར་སྭ་སྟི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཨོཾ་ཨཱཿཧཱུྃ་གཱི་རྟི་ནཱི་རྟི་བར་སྦྱར་བས་མཆོད། འཇམ་དབྱངས་ལྷ་མོ་དབྱངས་སྙན་མ། །རབ་མཛེས་ཚངས་དབྱངས་བློ་བཟང་མ། །མཚུངས་མེད་སྙིང་དབུས་མགྲིན་སྐྱོང་མ། །འདོད་རྒུར་བསྒྱུར་ལ་ཕྱག་འཚལ་ལོ། །བདེ་ལྡན་ངག་གི་དབང་ཕྱུག་མ། །མི་འཚེ་མི་བསླུ་ཚེ་འཛིན་མ། །བག་ཡོད་ཡིད་འོང་བདེ་སྟེར་མ། །ཚངས་སྤྱོད་ཚངས་རིགས་མ་ཁྱོད་འདུད། །ཅེས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་བློ་གྲོས་ཀྱི་མཐུ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། མཐར་གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་དང་ཨ་ཀཱ་རོས་བརླབ། ཨོཾ་ཨཱཿབཛྲ་པྲཱི་ཏི་དེ་ཝཱི་ས་པ་རི་ཝཱ་ར་ཨ་མྲྀ་ཏ་བ་ལིཾ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་སིདྡྷི་ཧཱུྃ་ཕྲཊ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། གོང་ལྟར་མཆོད་ཅིང་བསྟོད་ལ་


JKT010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོན་གསོལ། དེ་ནས་རྗེས་གནང་དངོས་ནི། ཆོས་བཤད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། འཕགས་མ་དབྱངས་ཅན་མས་རྗེས་སུ་བཟུང་བའི་པཎྜི་ཏ་ཆེན་པོ་ཟླ་བ་གཞོན་ནུ་ནས་ཉེ་བར་བརྒྱུད་དེ། བལ་པོའི་པཎྜི་ཏ་བུདྡྷ་ཤྲཱི་ལས་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་གནུབས་བྱམས་པའི་དཔལ་གྱིས་གསན་པའི་རྡོ་རྗེ་ལྷ་མོ་དབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས་སོགས་འབྲེལ་བཀོད་ལ། མཎྜལ། གསོལ་འདེབས་ནས་བཟུང་དགེ་བསྔོ་བར་ཁོ་བོས་བྱས་པའི་ནི་རི་ཏེ་པའི་ལུགས་ཀྱི་བྱམས་པའི་རྗེས་གནང་ལ་ལྷ་སྔགས་ཀྱི་ཁྱད་པར་སོགས་མ་འཁྲུལ་པར་སྦྱར་བས་གྲུབ་ཅིང་། རྗེས་སུ་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། གཤེགས་གསོལ། བདག་བསྐྱེད་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་ལྟར་བྱའོ། །གསུམ་པ་ནི། གོང་དུ་བཤད་པའི་བསྙེན་སྒྲུབ་སྔོན་དུ་སོང་བས། ཚར་བཅད་པའི་ལས་ལྔ་དང་། རྗེས་སུ་བཟུང་བའི་ལས་ལྔ་སྟེ་བཅུ་ཕྲག་རྣམས་བསྒྲུབ་པ་སྟེ། རྒྱ་གཞུང་ས་བཅད་དང་བཅས་པ་ལས་བློ་གྲོས་ཀྱི་མིག་ཕྱེ་སྟེ་ཤེས་པར་བྱའོ། །འཇམ་པའི་དབྱངས་སོགས་འཕགས་རྣམས་ཀྱི། །མཁྱེན་བརྩེའི་དབང་པོ་བརྙེས་འདོད་ན། །ཟླ་བ་གཞོན་ནུའི་འཁྲི་ཤིང་


JKT010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། །རིག་པའི་ཆུ་གཏེར་རྒྱས་པར་མཛོད། ཅེས་པའང་རྒྱ་བོད་ཀྱི་ཡིག་རྙིང་གསལ་བྱེད་དང་བཅས་པ་ལས་ངག་འདོན་མདོར་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོ་ཡང་དག་པའི་རིག་པ་བཞིའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་།next