Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཡན་ལག་བདུན་པའི་ཚིགས་སུ་བཅད་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཕན་བདེའི་སྤྲིན་གྱི་རོལ་མོ།
 
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཡན་ལག་བདུན་པའི་ཚིགས་སུ་བཅད་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཕན་བདེའི་སྤྲིན་གྱི་རོལ་མོ།next

ཡན་ལག་བདུན་པའི་ཚིགས་སུ་བཅད་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཕན་བདེའི་སྤྲིན་གྱི་རོལ་མོ།


JKT010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཧི ཏ སུ ཁ ཡོ རྨེ གྷ ནཱཾ ཤ པྟ ནཱ མ ས པྟཱ དྒཱ ནཱཾ གཱ ཐ པ ན ཀྲ མ སྱ ས པྲ ཎི དྷཱ སྟི།།
ཡན་ལག་བདུན་པའི་ཚིགས་སུ་བཅད་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཕན་བདེའི་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


JKT010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཐམས་ཅད་དང་། །མི་ཕྱེད་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །མོས་པའི་ཡིད་མཁར་མངོན་སུམ་གཤེགས་ནས་ཀྱང་། །མགོན་མེད་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་གཞན་མཁའ་མཉམ་འགྲོ་བ་མ་ལུས་ཀུན། ཞིང་གི་རྡུལ་སྙེད་ལུས་རབ་སྤྲུལ་ནས་སུ། །སྒོ་གསུམ་དད་དང་གུས་པས་ཕྱག་འཚལ་ཞིང་། །བྱང་ཆུབ་བར་དུ་སྐྱབས་ཀྱི་སྙིང་པོར་བཟུང་། །གང་གི་དྲིན་


JKT010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་སྐབས་མཐར་ཐུག་གི །དགེ་ལེགས་མཐའ་དག་གཅིག་ཅར་སྦྱིན་མཛད་པ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རྩ་བརྒྱུད་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གྱིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་མཐར་ཕྱིན་སྐུ་གསུམ་མངོན་དུ་གྱུར། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་བསམ་མི་ཁྱབ། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ། །རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །བསླབ་པ་གསུམ་


JKT010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །ལམ་དང་འགོག་པའི་བདེན་པས་བསྡུས་པ་ཡི། །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །རིག་དང་གྲོལ་བའི་ཡོན་ཏན་རྨད་བྱུང་ལ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །བདེན་བཞིའི་ལམ་གྱིས་སྲིད་ལས་རྣམ་གྲོལ་བའི། །ཉན་རང་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ཡེ་ཤེས་འབར་བའི་སྣང་བ་ཆེ། །བདུད་དང་ལོག་པར་འདྲེན་པ་ཀུན་བསྲེགས་ནས། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་མཛད་པ། །མཁའ་འགྲོ་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །གང་གི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་བའི་ནོར་བུའི་གྲུ་ཆར་གྱིས། །དོན་གཉིས་འདོད་དགུ་ཡིད་བཞིན་སྩོལ་མཛད་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མདོར་ན་གདུལ་བྱའི་ཁམས་དང་བསམ་པ་བཞིན། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་བཅས། །དཔག་ཡས་ནམ་མཁར་ཁྱབ་པའི་སྤྲིན་གྱིས་མཆོད། །བསོད་ནམས་ཆེན་པོའི་དགེ་མཚན་རྨད་བྱུང་བ། །བཀྲ་


JKT010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་མཆོད། །ཡིད་འཕྲོག་སྣ་ཚོགས་ནོར་བུའི་རི་བོ་དང་། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ལྗོན་པ་མཆོག །འདོད་འཇོའི་བ་དང་མ་རྨོས་དགའ་ཚལ་སོགས། །གླིང་བཞིའི་འབྱོར་པའི་ཁྱད་པར་རྣམས་ཀྱིས་མཆོད། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། །སྲིད་ན་སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་ཟུང་། །སྤྲིན་བྲལ་འོད་ཟེར་རབ་ཏུ་འབར་བས་མཆོད། །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོའི་ཚལ། །དབེན་ཞིང་ཉམས་དགའི་ཕུག་དང་བྲག་རིའི་སྐྱིབས། །ཙནན་ལྗོན་ཤིང་འཁྲིགས་པའི་སྨན་ལྗོངས་སོགས། །མེ་ཏོག་འབྲས་བུ་བརྒྱན་པ་རྣམས་ཀྱིས་མཆོད། །ཡན་ལག་བརྒྱད་ལྡན་རྫིང་བུའི་འབབས་སྟེགས་ནི། །པུཎྜ་རི་ཀའི་དོ་ཤལ་འཛིན་པ་ན། །ངང་པ་ཤིན་ཏུ་ཞི་བས་རོལ་བའི་འཛུམ། །བུང་བ་མྱོས་པའི་སྒྲ་དབྱངས་སྒྲོག་པས་མཆོད། །ཨུཏྤལ་མནྡ་ར་དང་ཀུ་མུད་སོགས། །མཚར་སྡུག་རྫོགས་པའི་པདྨོའི་ནགས་ཚལ་དང་། །ལྷན་ཅིག་སྐྱེས་དང་སྦྱར་བ་ལས་བྱུང་བའི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱིས་མཆོད་པར་བགྱི། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་བ་ཡིས། །མུན་པ་སྟུག་པོའི་འཐིབ་བུ་འཇིལ་བ་དང་། །ག་བུར་ཙནྡན་དྲི་ཡི་ཆུ་རྒྱུན་གྱིས།


JKT010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བ་མཐའ་དག་འཕྲོག་པའི་བསྙེན་བཀུར་སྟོབ། །བཟའ་བཅའ་བཏུང་བའི་ཁྱད་པར་ཇི་སྙེད་ཀུན། །བདུད་རྩིའི་བཅུད་ལྡན་རོ་བརྒྱའི་ཞལ་ཟས་དང་། །ཁེཌུར་རྒྱུད་མངས་བསྒྲེང་བའི་སྙན་འགྱུར་སོགས།། །དབྱངས་བདུན་རྫོགས་པའི་རོལ་མོའི་ཚོགས་ཀྱིས་མཆོད། །དབང་པོའི་ཚོན་གྱིས་འགྱུར་བའི་རེག་བྱ་མཆོག །སྲབ་འཇམ་ཡང་བའི་ལྷ་ཡི་ན་བཟའ་དང་། །གདུ་བུ་དཔུང་རྒྱན་ཅོད་པན་ཕྲེང་བ་སོགས། །རྣམ་མང་རྒྱན་གྱི་ཁྱད་པར་དུ་མས་མཆོད། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བ་ཡི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་ནི། །སྲོག་གི་ཕྱིར་ཡང་མི་བཏང་བཟུང་བར་བགྱི། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། ལས་དང་ཉོན་མངས་སྒྲིབ་པའི་དབང་གྱུར་ནས། །སྒོ་གསུམ་མི་དགེ་བགྱིས་དང་བགྱིད་སྩལ་དང་། །རྗེས་སུ་ཡི་རང་བགྱིས་ཀུན་མཐོལ་ཞིང་བཤགས། །ཁྱད་པར་སྡོམ་པ་ཚུལ་བཞིན་མ་ཐོབ་དང་། །ཐོབ་ཀྱང་སྲུང་མཚམས་ཕྲ་རགས་ལས་འགལ་ཞིང་། །ཉམས་ན་ཕྱིར་བཅོས་ཐབས་དང་མི་ལྡན་སོགས། །བཅོས་པའི་ལྟུང་བས་གོས་པ་མཐོལ་ཞིང་བཤགས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་གཞི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྨད་བྱུང་བ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་སོགས། །སོ་ཐར་སྡོམ་པ་ཉམས་པ་མཐོལ་ལོ༴


JKT010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་རྫོགས་སངས་རྒྱས་ཀུན་འབྱུང་བའི་གཞི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཅིང་། །བྱང་སེམས་བསླབ་པ་ཉམས་པ་མཐོལ༴ མ་རྨོངས་ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་རྡོ་རྗེའི་ཐེག །བྱ་སྤྱོད་རྣལ་འབྱོར་བླ་མེད་ལམ་གྱི་སྲོག །གསང་སྔགས་དམ་ཚིག་ཉམས་པ་མཐོལ༴ དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །བརྙས་དང་ཐུགས་དཀྲུགས་ལ་སོགས་རྩ་བ་དང་། །དབང་གིས་མ་སྨིན་རིག་མ་བསྟེན་པ་སོགས། །ཡན་ལག་དམ་ཚིག་ཉམས༴ བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་རྣམས། །སྒོམ་བཟླས་ཏིང་འཛིན་དམ་བཅའ་གཡེལ་བ་དང་། །བསྙེན་སྒྲུབ་སྐོང་བཤགས་ཚོགས་གཏོར་ཆགས་པ་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདོད་མ་ནས། །ལྷ་སྔགས་ཡེ་ཤེས་ངོ་བོར་རྣམ་དག་ཀྱང་། །ཐ་མལ་རྣམ་པར་རྟོག་པས་རབ་བཅིངས་ནས། །བུམ་དབང་དམ་ཚིག་ཉམས་པ་མཐོལ༴ འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་ཀུན། །གྲག་སྟོང་རྡོ་རྗེའི་བཟླས་པར་མ་ཤེས་ཤིང་། །རླུང་དང་གཏུམ་མོའི་རྣལ་འབྱོར་མི་ལྡན་པས། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལྷན་སྐྱེས་ཡེ་ཤེས་འབྱུང་བའི་དཔྱིད་གཅིག་པུ། །དངོས་དང་ཡིད་ཀྱི་ཕྱག་རྒྱ་སྤངས་པ་དང་། །


JKT010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དགའ་བཞིའི་ཉམས་མྱོང་དང་བྲལ་བས། །ཤེས་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གཟུང་འཛིན་འཁྲུལ་པ་ལས་འདས་འོད་གསལ་དབྱིངས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་ཀྱང་། །བློ་བུར་སྤྲོས་པ་དུ་མའི་གཞན་དབང་གིས། །ཚིག་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དབང་བཞིའི་ལམ་གྱིས་རྗེས་ཐོབ་རྣལ་འབྱོར་དང་། །བཟའ་དང་བསྲུང་བ་མི་འབྲལ་དམ་ཚིག་སོགས། །བླ་མེད་གསང་བ་མཆོག་གི་འདུལ་བ་དང་། །འགལ་བའི་ནོངས་པ་ཐམས་ཅད་མཐོལ་ཞིང་བཤགས། །མདོར་ན་སངས་རྒྱས་ཀུན་དངོས་བླ་མ་ལས། །ཇི་ལྟར་ཐོབ་པའི་དམ་ཚིག་སྡོམ་པ་རྣམས། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་སོགས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྤྱན་སྔ་རུ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །དག་ཅིང་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་སོ་སོར་སྐྱེ་བོ་ཡི། །ལེགས་བྱས་དགེ་ཚོགས་ཇི་སྙེད་མཆིས་པ་ལ། །དགའ་ཞིང་སྤྲོ་བས་རྗེས་སུ་མི་རང་ངོ་། །ཕྱོགས་བཅུ་རབ་འབྱམས་ཞིང་ན་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །རིགས་ཅན་གསུམ་གྱི་འགྲོ་རྣམས་སྒྲོལ་


JKT010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གདུལ་བྱ་རྒྱ་མཚོའི་ཚོགས་རྣམས་སྣང་བའི་ཡུལ། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། མཁའ་ཁྱབ་སྲིད་པ་ཇ་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འཁོར་གསུམ་སྤྲོས་པའི་མཚན་མ་མ་དམིགས་བཞིན། །རྨད་བྱུང་ཐབས་དང་སྙིང་རྗེའི་གཞན་དབང་གིས། བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །དེ་མཐུས་བདག་དང་མཐའ་ཡས་སེམས་ཅན་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །ཐེག་མཆོག་བཤེས་གཉེན་ཚུལ་བཞིན་བསྟེན་པ་དང་། །ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས་པར་ཤོག །སྲིད་ལས་ངེས་འབྱུང་ཐར་པ་དོན་གཉེར་ཞིང་། །དད་དང་ཤེས་རབ་བརྩོན་འགྲུས་ཕུན་སུམ་ཚོགས། །གཞན་ཕྱིར་བརྩེ་བའི་སྙིང་སྟོབས་མི་ཕྱེད་པའི། དཀར་པོའི་རིགས་ཀྱི་ནུས་པ་རྫོགས་གྱུར་ཅིག །དེ་ཚེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །དུས་དང་གཏན་དུ་བླང་བའི་སོ་ཐར་གྱི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །བཅོས་མིན་བྱང་ཆུབ་སེམས་མཆོག་འབྱོང་པར་ཤོག །བྱེ་བྲག་སྨྲ་དང་མདོ་སྡེའི་གྲུབ་མཐའ་དང་། །རྣལ་འབྱོར་སྤྱོད་པའི་དེ་ཉིད་ལེགས་མཐོང་ནས། །མཐའ་བྲལ་དབུ་མར་ལྟ་བའི་སྣང་བ་ཡིས། །གཉིས་


JKT010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མུན་པ་མཐའ་དག་འཇིལ་གྱུར་ཅིག །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ངེས་གསང་དོན། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །གྲུབ་གཉིས་པདྨོ་མཆོག་ཏུ་རྒྱས་པར་ཤོག །ཁྱད་པར་བླ་ན་མེད་པའི་རྡོ་རྗེའི་ཐེག །ཐབས་ཤེས་ཟུང་འཇུག་རྒྱུད་སྡེ་རྒྱ་མཚོ་ཡི། །རྣམ་དག་དབང་བཞིས་སྒོ་གསུམ་སྨིན་པ་དང་། །དམ་ཚིག་སྡོམ་པ་སྲོག་བཞིན་བསྲུང་གྱུར་ཅིག །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་སྙིང་ལ་ཤར། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོ་རྫོགས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ཤོག །བཟླས་དང་གཏོར་མ་སྦྱིན་སྲེག་རབ་གནས་དང་། །དམན་འབྲིང་མཆོག་གི་ལས་ཚོགས་རབ་འབྱམས་ཀྱི། །ཕྲིན་ལས་བཞི་དང་གྲུབ་ཆེན་རྣམ་བརྒྱད་སོགས། །ཕན་བདེའི་འདོད་རྒུ་ཡིད་བཞིན་འགྲུབ་གྱུར་ཅིག ། ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་ལ། །བརྟེན་ནས་གནས་སྐབས་སློབ་པའི་ཟུང་འཇུག་དང་། །མཐར་ཐུག་རྡོ་རྗེ་འཛིན་པའི་ས་ཐོབ་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་དབང་འབྱོར་ཤོག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་ཕྱོགས་ཀུན་ཉེ་བར་ཞི་བ་དང་། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་དཔལ། །ཆོས་མཐུན་བསམ་སྦྱོར་འབད་མེད་འགྲུབ་གྱུར་ཅིག །ནམ་ཞིག་


JKT010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྣང་ནུབ་པར་གྱུར་པ་ན། །གནད་གཅོད་སྡུག་བསྔལ་མཐའ་དག་མི་འབྱུང་ཞིང་། །བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མཁའ་སྤྱོད་དག་པའི་ཞིང་དུ་འཁྲིད་པར་ཤོག །མདོར་ན་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་དང་། །དབྱེར་མེད་འཁོར་ལོའི་མགོན་པོའི་བྱིན་བརླབས་ཀྱིས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །།བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་འཕེལ་བ་ལས། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་འབྱོར་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་བློ་མ་དམ་པ་ག་ག་ན་ཤྲཱི་མཱི་དང་། །དགེ་སློང་བསམ་གཏན་པ་གུ་ཎ་ལཱཀྵྨིའི་བཞེད་སྐོང་དུ། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སིདྡྷི་རསྟུ། །ཤུ་བྷཾ།། །།


previousཡན་ལག་བདུན་པའི་ཚིགས་སུ་བཅད་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཕན་བདེའི་སྤྲིན་གྱི་རོལ་མོ།next