Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ།
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ།next

སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ།


JKT012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻཥ་ཛྱེ་རཱ་ཛཱ་ཡ། འདིར་སྨན་བླའི་སྒོམ་བཟླས་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭབྷཱ་བ་ཤུདྡྷཿསརྦ་དྷ་རྨཿསྭབྷཱ་བ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །རང་སེམས་ཧཱུྃ་ཡིག་འོད་ཀྱིས་དོན་གཉིས་བསྒྲུབས། །ཚུར་འདུས་བདག་ཉིད་བཅོམ་ལྡན་སྨན་གྱི་བླ། །སྐུ་མདོག་མཐིང་ག་ཞལ་གཅིག་


JKT012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨ་རུ་ར། །གཡོན་པས་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ཞབས་ གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་སུ་རྒྱལ་སྲས་ཉི་ལྟར་སྣང་བྱེད་དམར། །ཕྱག་གཡོན་ཉི་མས་མཚན་པའི་པདྨ་བསྣམས། །གཡོན་དུ་ཟླ་ལྟར་སྣང་བྱེད་སྐུ་མདོག་དཀར། །ཕྱག་གཡོན་ཟླ་བས་མཚན་པའི་པདྨ་འཛིན། །གཉིས་ཀ་གཡས་པས་མཆོག་སྦྱིན་ཕྱག་རྒྱ་མཛད། །དར་དང་རིན་ཆེན་རྒྱན་རྫོགས་གཙོ་བོ་ལ། །འདུད་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞེངས། །གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཀུན། །བཅོམ་ལྡན་སྨན་གྱི་བླ་མའི་རྣམ་པ་རུ། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿརང་ལ་ གཉིས་མེད་ཐིམ། །ཐུགས་ཀར་ཟླ་སྟེང་ཧཱུྃཿམཐར་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྲས་བཅས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཀུན། །ཚུར་འདུས་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་ཅི་ནུས་དང་། སྤྲོ་ན་གཟུངས་རིང་ཀྱང་བཟླ། མཐར་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་


JKT012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བྱོན་པ་ལ། ཨོཾ་བྷཻ་ཥ་ཛྱེ་རཱ་ཛ་ས་པ་རི་ཝཱ་ཨརྒྷཾ་སོགས་ཀྱིས་མཆོད། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྨན་གྱི་བླས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་ལ། ཨོཾ་བཛྲ་མུས་གཤེགས་སུ་གསོལ། འཁོར་དང་གདན་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། སོགས་བསྔོ་སྨོན་བྱ། བསྙེན་པ་བྱེད་ན་ཁྲུས་དང་གཙང་སྦྲ་ལ་གནས་པས་གཟུངས་ཐུང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། ཐུན་མཚམས་སུ་ཕྱག་མཆོད་རྒྱས་བསྡུས་གང་རིགས་སམ། སྨན་མདོ་ཆེ་ཆུང་ཇི་ལྟར་ནུས་པ་བཀླག་པར་བྱའོ། །ཞེས་པའང་ཉེར་མཁོའི་སླད་དུ་མང་དུ་ཐོས་པའི་བྱ་བྲལ་བ་མཉྫགྷོ་ཥས་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་ཕན་བདེའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousསྨན་བླའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་ཕན་བདེའི་མྱུར་ལམ།next