Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།next

ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།


JKT012_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡང་སྙིང་ཡི་གེ་གཅིག་མ་ཉམས་སུ་ལེན་པར་འདོད་པས། ཁྲུས་བྱས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བྱང་ཆུབ་སེམས་ཀྱི་དྲན་པ་མངོན་དུ་བཞག་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མའི་མདངས་ཅན། ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་ཀྱི་དང་པོས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་། །གཡོན་དང་པོས་མཉམ་གཞག་མཛད་པ། གཡས་ཀྱི་གཉིས་པས་བགྲང་ཕྲེང་དང་། གཡོན་གྱི་གཉིས་པས་པུསྟི་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུར་གྱུར། ཅེས་བརྗོད་ཅིང་བསམས་ལ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་


JKT012_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག །འདི་ལྟ་སྟེ། ཞེས་གླེང་གཞི་དང་། མཉན་པར་གདམས་པའི་དོན་ཡིད་ལ་དྲན་བཞིན་དུ་བཏོན་པའི་མཐར། རང་ཉིད་ལྷ་སྐུའི་གསལ་སྣང་སྟོང་པར་སྦྱངས་ཏེ། ལྕེ་རྩེར་ཨ་ཡིག་ཙམ་ལ་སེམས་གཟུང་། དེ་ཡང་མི་དམིགས་པར་བསམས་ལ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་བློ་བཞག་སྟེ་ཨ་ཉི་ཤུ་རྩ་གཅིག་གདོན། དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་ངང་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་ཤིང་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་ཡི་རང་རྫོགས་པར་བཏོན། ཚར་གྲངས་མང་དུ་གདོན་ནའང་ཕྱག་འཚལ་ནས་བརྩམས་ཏེ་བསྐྱར། མཐར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་


JKT012_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླངས་པས་ཡུམ་རྒྱས་པར་ཚར་རེ་བཏོན་པའི་བསོད་ནམས་དང་མཉམ་པས་མཚོན་ཕན་ཡོན་དཔག་ཏུ་མེད་པ་དང་། བདུད་དང་བདུད་ཀྱི་རིས་ཀྱི་བར་དུ་གཅོད་པ་ཐམས་ཅད་སྲུང་བ་དང་། མྱུར་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་པའང་ཡིག་རྙིང་གསལ་བྱེད་དང་བཅས་པའི་དགོངས་དོན་སྙིང་པོར་དྲིལ་པའི་དགེ་བས་འགྲོ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་སིདྡྷི་རསྟུ། སརྦ་མངྒ་ལཾ་བྷ་བཏུ། །


previousཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།next