Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ།next

ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ།


JKT012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སི་ཧ་མུ་ཁ་དེ་བ་ག་ཎེ་བྷཝརྣམ་ཀུན་མཆོག་ལྡན་ཤེས་རབ་དབྱིངས་ཀྱི་ཡུམ། །སྙིང་རྗེ་ཁྲོས་པའི་གར་མཛད་སེང་གེའི་གདོང་། །གཙོ་འཁོར་སྤྲུལ་པའི་ཚོགས་ལ་གུས་བཏུད་ནས། །མངོན་པར་རྟོགས་པ་ཕྲིན་ལས་སྙིང་པོ་དབྱེ། །དེ་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་སངས་རྒྱས་མགོན་པོ་ནས་རིམ་པར་བརྒྱུད་པའི་ཟབ་གསང་སེང་གདོང་སྙན་བརྒྱུད་ཅེས་གྲགས་པ་ལ། སྒྲུབ་ཐབས་ལས་ཚོགས་མན་ངག་དང་བཅས་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། འདིར་ད་ལྟའི་བར་རྗེས་གནང་བཀའ་མ་ཆད་པར་བྱོན་པའི་སྒྲུབ་ཐབས་ཀྱི་མངོན་རྟོགས་སྙིང་པོར་དྲིལ་བ་ལ། དང་པོ་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་སེང་གདོང་མ་གཙོ་རྐྱང་གི་མངོན་རྟོགས་ནི། སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། སྤྲོ་ན་ཀུན་བཟང་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་པའི་ཡབ་ཡུམ་གཉིས་ཀྱི་ཐུགས་


JKT012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུྃ་ཡིག་དཀར་པོ་རེ་རེ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་སྐུ་ལུས་ཐམས་ཅད་ལྟེམས་ཀྱིས་ཁེངས། བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་གྱིས་བདག་གི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་གྱི་སྒོར་མཚམས་ནས་བདུད་རྩི་དང་ཧཱུྃ་ཡིག་དཀར་པོའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་ཚངས་བུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སངས་ཀྱིས་དག་པར་གྱུར། ཅེས་བརྗོད་ཅིང་ངག་ཏུ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར་སླར་ཡང་གསོལ་བ་གདབ་པས། ཧེ་རུ་ཀ་ཡབ་ཡུམ་འོད་དུ་ཞུ་རང་གི་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྷོ་ཉཧཾ། ཞེས་བརྗོད་ཅིང་ཉམས་ལེན་སྟོང་ཉིད་ལ་བློ་བཞག །སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། སྤྲོ་ན་གཞལ་ཡས་ཁང་བསྒོམ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཉིས་བརྩེགས་ཀྱི་ལྟེ་བར་པད་ཉི་རུ་དྲ་ཕོ་མོའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པའི་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་


JKT012_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་སྐུ་མདོག་མཐིང་ནག་སེང་ཞལ་དཀར་པོ་རྔམ་པའི་ཞལ་ཅན་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་ལས་མེ་སྟག་འཕྲོ་ཞིང་ལྕགས་ཀྱི་རལ་པ་ནག་པོ་སྤྲུགས་པའི་གསེབ་ནས་རང་འདྲའི་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། རལ་པ་ཕྱེད་གྱེན་དུ་བརྗེས་ཤིང་དུག་སྦྲུལ་ནག་པོས་བཅིངས་པའི་སྟེང་དུ་རུས་པའི་འཁོར་ལོ་དང་རྡོ་རྗེ་ནག་པོ་ཕྱེད་པས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞིང་ཆེན་གྱི་པགས་པ་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐལ་ཆེན་གྱི་ཚོམ་བུ་དང་། ཁྲག་གི་ཐིག་ལེ་དང་། ཞག་གི་སོར་རིས་རྣམས་ཀྱིས་མཚན་ཅིང་། སྦྲུལ་རིགས་ལྔ་དང་། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་ཞིང་། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་ཞིང་། ཞབས་གཡས་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ


JKT012_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿ ཡེ་ཤེས་པ་རང་ལ་གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་ཌཱ་ཀི་ནི་སཾ་ཧ་མུ་ཁ་ཨནྡྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་འདས་ཀྱང་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །རྗེ་བཙུན་སེང་གདོང་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རང་གི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་ཁ་དོག་སྣ་ཚོགས་པ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། གང་འདོད་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམས་ལ། ཨཿཀཿསཿམཿཐཿརཿཙཿཤཿཟཿདཿརཿསཿཝཿམཿརཿཝཿཡཿཐཿཕཊཿ ཅེས་རྩ་སྔགས། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་ལས་སྦྱོར་གྱི་སྔགས་རྣམས་ཅི་ནུས་བཟླས་མཐར། མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ལྷར་སྣང་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །སླར་ཡང་


JKT012_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པར་བསམས་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །


previousཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ།next