Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
བརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས།next

བརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས།


JKT012_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༈ བརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་དམར་ནག་ཁྲག་མཚོ་ཁོལ་བ། དེའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སེང་གདོང་ཁྲོས་མ་ནག་མོ་ཕྱིར་ཟློག་པ་ཆེན་མོ་སྐུ་མདོག་མཐིང་ནག །སེང་


JKT012_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དཀར་པོ་སྤྱན་གསུམ་པའི་ཞལ་གནམ་དུ་གདངས་ཤིང་གནམ་ལྕགས་ཀྱི་རལ་པ་སྦྲུལ་ནག་གིས་སྤྱི་བོར་བཅིངས་པའི་ལྷག་མ་ཐུར་དུ་སྤྲུགས་པ་ལས་ཕུར་བུ་དང་ཐོགས་སེར་གྱི་ཆར་འབེབས་པ། ཕྱག་གཡས་གནམ་ལྕགས་ཀྱི་གྲི་གུག་ནམ་མཁར་ཕྱར་ཞིང་། གཡོན་བདུད་ཀྱི་ཁྲམ་ཤིང་ཁྲ་བོ་སྒོ་བརྒྱད་དང་ལྡན་པ་ཐུར་དུ་བསྡིགས་པ་ལས་སྡེ་བརྒྱད་ཀྱི་དམག་ཚོགས་འགྱེད་པ། སྐུ་སྟོད་ལ་དར་ནག་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་ཞིང་གི་གཡང་གཞི་དཀྲིས་པ། ཞབས་གཉིས་འཆམ་སྟབས་ཀྱིས་དུ་བ་མེ་རླུང་འཚུབས་མར་འཁྱིལ་བའི་དབུས་ན་བཞུགས་པའི་སྐུའི་གནས་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཕྱིར་ཟློག་སྔགས་ཀྱི་མཚོན་ཆ་མེ་སྟག་འཕྲོ་བས་གང་བ། དེའི་དཔྲལ་བར་ཨོ་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། གོང་ལྟར་མཆོད། རྡོ་རྗེ་སྔགས་ཀྱི་མཚོན་འཆང་བས། །མ་རུངས་གདུག་པའི་ཚོགས་རྣམས་ཀུན། །ཕྱིར་ཟློག་གཟིར་ཞིང་རླག་མཛད་པའི། །ལས་བྱེད་མཁའ་འགྲོ་ལ་ཕྱག་འཚལ་བསྟོད། །སྐུའི་ཆ་ལས་སྔགས་ཀྱི་འོད་ཟེར་རབ་ཏུ་འབར་བས་གདུག་པ་ཅན་ཐམས་ཅད་ཕྱིར་ཟློག་ཅིང་ཚར་བཅད་པར་བསམས་ལ། ཕཿཊཿཡཿརཿམཿསཿརཿདཿཙཿརཿཐཿམཿསཿཀཿཨཿ ཨོཾ་པྲ་ཏྱཱཾ་གི་རགྷྲྀ་གྷྲྀ་དུ་ཛཱ་ར་གྷྲྀ་དུ་ཧཱུྃ་ཕཊཿ ཡཀྵ་ཕྲེཾ་བྷྱོ་ཟློག །ལོཀྵ་ཕྲེཾ་བྷྱོ་ཟློག །ཌཱ་ཀི་མ་ཏྲ་ཀ་ཝཾ་ཕྲེཾ་བྷྱོ་ཟློག །ཅེས་བཟླ།


previousབརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས།next