Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས།next

དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས།


JKT012_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས་བཞུགས་སོ། །


JKT012_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བྷྱ༔ འདིར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས་པ་ནི། གནས་དབེན་པར་སྟེགས་ཀྱི་ཁར་བུམ་པ་བཅུད་ལྡན་དང་། ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་བཅས་པ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་རྡོར་དྲིལ། གུ་གུལ། ཡུངས་ཀར། མེ་ཏོག་གི་སྣོད་སོགས་ཉེར་མཁོའི་བྱེ་བྲག་རྣམས་ཚང་བར་བྱས་ནས་ཐོག་མར་བདག་གི་རྣལ་འབྱོར་ནི། ན་མོ༔ བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་


JKT012_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས༔ རང་ཉིད་ཁྲོ་ཆེན་སྦེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ ཐུགས་ཀར་པད་ཉིར་ས་བོན་མཐར༔ བཟླས་སྔགས་འགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚ་ཚྭ་འཁྲུགས་ཤིང་འཕྲོ༔ གནོད་བྱེད་ཉམས་ཆགས་ཀུན་བསྲེགས་བསམ༔ ཨོཾ་ཨི་ས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར༴ ཨ་ཀྲ་ཀྲོ་ཏ་ཡ༴ ཨ་བྷུ་ཀྲོ་ཏ་ཡ༴


JKT012_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཊ་ཤ་ཏ་ཡ༴ ཨེ་ལིང་ཨེ་ཊ་ཡ༴ ལ་མོན་ཊ་ཡ༴ ཨས་ནི་པིས་ནི་ཊ་ཡ༴ ཨོཾ་བྷུར་ཀུར་མ་ཧཱ་པྲ་ན་ཡེ་བྷུ་ར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་བཟླས་པ་ཅི་ནུས་བྱ། །དེ་ནས་བུམ་པ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃཿཡིག་ནི། །ཡོངས་གྱུར་རིན་ཆེན་བུམ་པ་ཆེ། །ཚད་དང་མཚན་ཉིད་རྫོགས་པའི་ནང་། །སྣ་ཚོགས་པད་ ཉིའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་རྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ ཨོཾ་ཨུ་ཙུཥྛ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསམ། མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོྃ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨུརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་ལྟའི་འབྱུང་པོ་བསྒྲལ་བའི་ཚེ། །བསྣམས་ནས་ཁྲོ་བོའི་རྒྱལ་པོ་ཕྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད། །ཅེས་པས་བསྟོད། འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང་༔ ཡི་དམ་ཌཱཀྐི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་


JKT012_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཐམས་ཅད་བསྡུས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་། བདུད་རྩིས་མེར་གྱིས་ཁེངས་པར་གྱུར༔ ཅེས་གསལ་བཏབ་ལ། བཟླས་པ་ཅི་ནུས་མཐར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ། དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། བུམ་པ་ཐོགས་ཏེ། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་བྱས་པ་ལ་བརྟེན་ནས། ཁྱེད་རང་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་གྲིབ་དང་མི་གཙང་བའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། བསྙེན་སྔགས་དང་། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟི༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ གྲིབ་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་། སྤྲོ་ན། །


JKT012_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྦྱིན་པའི་རང་བཞིན་ཆུ། ཞེས་སོགས་ཕར་ཕྱིན་དྲུག་གི་ཚིགས་བཅད་སྔགས་དང་བཅས་པས་བཀྲུ། གོང་ལྟར་ཡང་མཐར། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འགྲོགས་སུ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཅེས་ལན་བདུན་གྱི་མཚམས་རྣམས་སུ་སྔགས་སྤེལ་ཚིག་དང་བཅས་པ་བྱ། དེ་ནས་བྱབས་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་གྲིབ་དང་མི་གཙང་བའི་ཚོགས་ཐམས་ཅད་ཕྱག་དར་མཁས་པའི་བྱེད་ལས་བཞིན་དུ་བྱབས་ཏེ་མདུན་གྱི་ཁྲུས་བུམ་ལ་ཐིམ་པའི་མོས་པ་མཛོད། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ སོགས་སྔགས་དང་བཅས་པའི་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། སོགས་སྤེལ་བ་བདུན་ནམ་གསུམ་གྱིས་བྱབས་སྐབས་འདིར་གཏོར་གླུད་བཏང་བར་མོས་ན། ཆང་བུ་དང་། རིལ་བུ་རེ་རེ་བཞིན་སྣོད་དུ་བླུགས། ཨོཾ་ཨཱཿཧཱུྃ། ལན་


JKT012_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་བརླབས། སཾ་བྷ་ར་དང་། དེ་བཞིན་གཤེགས་པར་བཞིའི་མཚན་བརྗོད་པས་བསྔོས། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་བཟུང་དང་བསམ་དང་རེག༔ ཀློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་བཞིན་དུ་བསྒྲུབ་བྱ་ལ་བསྐོར་ནས་གླུད་ནང་དུ་དོར། གྲངས་རྫོགས་པ་དང་། བདེན་སྟོབས་དང་དྲག་སྔགས་ཀྱིས་བསྐྲད་ལ། གཏོར་གླུད་ཕྱི་རོལ་དུ་དོར། དེ་ནས་བསྲུང་བ་བྱ་བའི་སླད་དུ་སློབ་དཔོན་གྱི་ཕྱག་ན་ལས་ཀྱི་རྡོ་རྗེ་རྒྱ་གྲམ་བསྣམས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྡོ་རྗེ་དེ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ་ལུས་ལ་རྡོ་རྗེའི་གོ་ཁྲབ་ཁུ་ལུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བྱས་པའི་མོས་པ་མཛོད། སྔགས་སྤེལ་ཚིག་དང་བཅས་པའི་མཐར། རཀྵ་རཀྵ་བཏགས་པ་དང་། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་སྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་པས་བསྲུང་བར་བྱའོ། །སླར་ཡང་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཁྲོ་རྒྱལ་སྨེ་བ་


JKT012_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མན་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ནས་བསྒྲུབ་བྱ་རྣམས་རང་གནས་སུ་བཏང་། གལ་ཏེ་གློ་བུར་དུ་བྱ་བའི་ཚེ་བདག་མདུན་སོགས་བསྒྲུབ་པའི་ལོང་སྐབས་མ་བྱུང་ན། བསྙེན་སྔགས་ཚར་གཅིག་བརྗོད་པས། སློབ་དཔོན་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་གསལ་བའི་སོགས་མཚམས་སྦྱར་བཀྲུ་བྱབས་སྲུང་གསུམ་ཤིས་བརྗོད་དང་བཅས་པ་སྔ་མ་ལྟར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ཤིན་ཏུ་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་དཱ་མངྒ་ལཾ།། །།


previousདམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་མདོར་བསྡུས།next