Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུ་སྒྲུབ་རྒྱུན་ཁྱེར་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུ་སྒྲུབ་རྒྱུན་ཁྱེར་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ།next

ཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུ་སྒྲུབ་རྒྱུན་ཁྱེར་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ།


JKT012_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུ་སྒྲུབ་རྒྱུན་ཁྱེར་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།


JKT012_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུན་བཟླས་ནར་མར་བྱ་བའི་ཚུལ་ལ་གཉིས། ཕྱག་རྒྱ་རྐྱང་སྒྲུབ་ཆིག་སྒྲིལ་དུ་སྒྲུབ་པ་དང་། ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བདེ་གཤེགས་འདུས་པའི་སྒྲུབ་པ་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག །དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་པར་གྱུར་པར་བསམས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་


JKT012_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་བསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་


JKT012_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་ནས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཞེས་པའི་སྔགས་ཀྱིས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ལུས་འཇའ་ཚོན་ལྟ་བུའི་དབུས་སུ་རང་རིག་ཧཱུཾ་ཡིག་སྔོན་པོར་འབར་བ། དེ་ལས་ཙ་ཡིག་སེར་པོ་ཆད་པ་ཡོངས་སུ་གྱུར་པ་ལས། འཁོར་ལོ་སེར་པོ་རྩིབས་བརྒྱད་ཕྱོགས་དང་རྩ་རྩེ་སྟེང་འོག་དུ་ཕྱོགས་པ་ཁོག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལུས་འོད་ཀྱི་ཕུང་པོ་ཧཱུྃ་ལ་འདུས་ཏེ་ཉི་གདན་གྱི་སྟེང་དུ་བབས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོ་གནོད་མཛེས་མཐིང་ནག་ཞལ་བཞི་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་དང་། འོག་མ་གཉིས་ཞགས་པ་དང་ལྕགས་ཀྱུ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བཅུ་ཆད། སྟེང་འོག་ཕྱོགས་མཚམས་ཀྱི་རྩིབས་སྟེང་དུ་འཕྲོས་པ་ལས་ཁྲོ་བོ་བཅུ་པོ་ཐམས་ཅད་མཐིང་ནག་ཞགས་པ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། བདག་གི་རྩ་ཞལ་ནས། ཨོཾ་སུམྦྷ་སོགས་ཧཱུྃ་


JKT012_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བརྗོད་པས། ཁྲོ་བོ་བཅུ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད། གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་མགྲིན་སྙིང་གར། གཤིན་རྗེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་ལ་སྨད་ཟུར་གསུམ་མེ་འབར་བའི་ཕུར་བུ་གསུམ་སྡེར་མོའི་སྔགས་བརྗོད་ཅིང་བཏབ་པས་བགེགས་རྣམས་རྟོག་པ་དང་བྲལ་ཏེ་བདེ་བ་ཆེན་པོའི་ངོ་བོར་མྱོས་པར་གྱུར།ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་སརྦ་པཱ་པྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལཱ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་ལ་ཡ་ཏི་སརྦ་བིགྷཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུྃ་ཕཊ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ལྷག་མ་རོ་དང་བཅས་པ་བསྲེགས་ཤིང་སྦྱངས། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོའི་ཕྱི་རོལ་དུ་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་དང་བླ་རེ། དེ་དག་ལས་ཀྱང་མདའི་དྲྭ་བ་མདེའུ་ཕྱིར་བསྟན་པ། མེ་རབ་ཏུ་འབར་བའི་སྲུང་འཁོར་གྱིས་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་གྱུར། འཁོར་ལོའི་ནང་དུ་བདག་གི་ཐུགས་ཀ་ནས་ཧཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་ཟླ་བའི་ལྟེ་བར་ཚངས་པ་དང་བརྒྱ་བྱིན་གྱི་གདན་ལ་རང་ཉིད་འཁོད་པར་


JKT012_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྙིང་གའི་འོད་ཀྱིས་སྲུང་འཁོར་གྱི་ཁྲོ་བཅུ་རང་ལ་བསྡུས་ཏེ་ཤར་དང་ཤར་ལྷོ་གཉིས་ཤར་སྒོ་ནས་རྩ་ཞལ་ལ་ཐིམ། ལྷོ་དང་ལྷོ་ནུབ་གཉིས་ལྷོ་སྒོ་ནས་གཡས་ཞལ་ལ་ཐིམ། ནུབ་དང་ནུབ་བྱང་གཉིས་ནུབ་སྒོ་ནས་རྒྱབ་ཞལ་ལ་ཐིམ། བྱང་དང་བྱང་ཤར་གཉིས་བྱང་སྒོ་ནས་གཡོན་ཞལ་ལ་ཐིམ། སྟེང་འོག་གཉིས་སྤྱི་བོ་དང་གསང་གནས་ནས་ཐིམ་པའི་རྐྱེན་གྱིས་བདག་ཉིད་འོད་དུ་ཞུ་བ་གདན་གྱི་སྟེང་དུ་འོད་ཀྱི་གོང་བུ་ཆ་གཉིས་སུ་ཆད་དེ་ཟླ་དཀྱིལ་ཨ་དམར་པོས་མཚན་པ་དང་། དེའི་སྟེང་དུ་ཉི་དཀྱིལ་ཧཱུྃ་མཐིང་གས་མཚན་པ་ཁ་སྦྱོར་གྱི་རྣམ་པ་ཅན། ཨ་དང་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཟླ་ཉི་ས་བོན་དང་བཅས་པ་ལ་ཐིམ་པས་གསུམ་ག་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུྃ་སྔོན་པོ་དང་དྲིལ་བུ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་ཆེན་པོ་བདེ་གཤེགས་འདུས་པའི་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་རྩེ་ལྔ་པ་དང་དུང་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོ་ནག་དྲིལ་བུ་དང་ཐོད་ཁྲག་སྟོབ་པ་ལ་འཁྱུད་པ། ཁྲོ་གཏུམ་བཟོད་པར་དཀའ་བ་འབར་བ་ཆེན་པོའི་འོད་ཟེར་ཅན། དུར་


JKT012_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། །སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོའི་གནས་ལྔར་འཁྱིལ་པ་ལས་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔས་དབུ་བརྒྱན། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཨནྡྷཾ་ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་དང་། པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ ཧི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མཆོད་ནས། བསྟོད་པ་ནི། ཧཱུྃ། བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་དང་༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་ལ་མཁས་པས་དྲག་པོའི་


JKT012_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སྟོན་པཿ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསོད༔ དེ་ནས་ལྷའི་གསལ་སྣང་ང་རྒྱལ་ལ་མཉམ་པར་གཞག །དེས་སྐྱོ་ན། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་འབར་བ་ལ་བཟླ་བྱའི་སྔགས་ཕྲེང་དམར་པོས་གཡས་སུ་འཁོར་བ་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨར་སོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས་པ་ཐུགས་ཀར་ཐིམ། དེའི་ཚེ་སྔགས་ཀྱི་འོད་ཟེར་མེ་འོད་ལྟར་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པའམ། ཡང་ན་འོད་ཟེར་དཀར་པོ་འོ་མའི་རྒྱུན་ལྟ་བུས་སྦྱངས་ཤིང་བཀྲུས་པས་ལུས་ནང་ཤེལ་ལྟར་དྲི་མ་མེད་པར་བསམས་ལ། ཞི་བ་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་སྤྱི་བསྡུས་ཀྱི་སྙིང་པོ་དང་། ཁྲོ་བོར་བྱེ་བྲག་དཔལ་དགུའི་སྙིང་པོ་སོ་སོར་བཟླ་ན། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཆེ་མཆོག་གོ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཡང་དག་གོ། །ཨོཾ་ཨ་ཀྲ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། གཤིན་རྗེའོ། །ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ། རྟ་མགྲིན་་ནོ། །


JKT012_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷཱན་བྃ་ཧཱུྃ་ཕཊ། །ཕུར་པའོ། །ༀ་གུ་ཡ་ཛྷཱ་ན་ཤྲཱི་ཧེ་རུ་ཀ་གུ་ཡ་ཛྷཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ། མ་མོའོ། །ༀ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། རིག་འཛིན་ནོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲེགས་པའོ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲག་སྔགས་སོ། །ཨོཾ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ། བཀའ་སྡོད་དོ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཕཊ། ཅེས་སྤྱི་དྲིལ་དྲག་སྔགས་སོ། །དེ་རྣམས་ཅུང་ཟད་རེ་དང་། གཙོ་བོར། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཅེས་ཁྲོ་བོ་སྤྱི་སྔགས་རྒྱས་པ་འབྲུ་བཅུ་དགུ་པའམ། ཡང་ན་སྤྱི་སྔགས་བསྡུས་པ་ཨོཾ་ཨཱཿཧཱུྃ་གིས་ཡིད་བཟླས་དང་ངག་བཟླས་སྤེལ་མ་དང་། ཤིན་དུ་བསྡུས་པ་ཧཱུྃ་རིང་ཧུ་ཐུང་བཟླ་བ་སྟེ། ཕྱི་མ་གཉིས་ལ་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་འཁོར་བར་མི་སྒོམ་པས། ཧཱུྃ་ཡིག་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཞལ་ནས་ཐོན་པའི་ཁྱད་པར་མ་གཏོགས་གཞན་འདྲའོ། །ཐུན་མཐར་གཏོར་མ་འབུལ་ན། རྃ་ཡྃ་ཁ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲང་། ཨོཾ་ཤྲི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་རེ་བྷྱཿབཛྲ་ཨརྒྷཾ་ནས། ཏཱིཙྪ་སྭཱ་ཧཱ་ས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་


JKT012_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། མ་ཧཱ་རཀྟ་ཁ་རྃ་ཁཱ་ཧི་ཞེས་སྨན་རག་བསྟབ། ལྷ་རྣམས་ཀྱི་ཞལ་ནས་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཞི་ཁྲོའི་སྤྱི་སྔགས་སྦྲེལ་བའི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲིཉྩནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། གཏོར་མ་མི་འབུལ་ན་མཆོད་བསྟོད་ཙམ་བྱ། གང་ལྟར་ཡང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། ཧཱུྃ་ཧཱུྃ་ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་ཁྲག་འཐུང་ཆེན་པོར་ཤར། །འགག་པ་ཉིད་ན་འགག་མེད་མི་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་པས་སྣོད་བཅུད་ལྷ་དང་བཅས་པ་དབྱིངས་སུ་བསྡུས་ཏེ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡང་བ་ན། ཕཊ་ཕཊ་ཕཊ། སླར་ཡང་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམས་ལ། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། ཞེས་པས་རྡོ་རྗེའི་གོ་བགོ ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་


JKT012_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་པར་ཤོག །བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའམ། ཡང་ན་ཐུན་དང་པོ་རྣམས་ལ་གཤེགས་བསྡུ་གཉིས་ཀ་མི་བྱེད་པར་ལྷའི་ཐུགས་ཀ་ནས་རང་ཉིད་སྲས་ཀྱི་ཚུལ་དུ་སྤྱོད་ལམ་ལ་འཇུག་ཅིང་། བྱ་བ་ཟིན་ནས་རང་ལ་བསྟིམ། ཐུན་ཐ་མ་ལ་གཤེགས་གསོལ་དང་ཉེར་བསྡུ་བྱ་བ་ཡིན་ནོ།། །།


previousཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུ་སྒྲུབ་རྒྱུན་ཁྱེར་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ།next