Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།
   
   
   
   
   
   
   
   
   
   
   
   


 
previousཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།next

ཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།


JKT012_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།། །།


JKT012_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། མངའ་བདག་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བླ་མ་གསང་བ་འདུས་པའི་ཐེམ་མེད་གུ་རུ་སེང་གེ་སྒྲ་སྒྲོགས་ཀྱི་སྒོས་སྒྲུབ་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་མེ་ལྕེ་ཕྲེང་བའི་རྒྱུན་གྱི་རྣལ་འབྱོར་ལ། སྐྱབས་སེམས་ནི། ན་མོ་བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྡོ་རྗེ་གཏུམ་པོ་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། དངོས་གཞི་བསྐྱེད་རིམ་ནི། སྐད་ཅིག་མ་ཡི་ཏིང་འཛིན་གྱིས༔ བདག་ཉིད་རྡོ་རྗེ་གཏུམ་པོའི་སྐུ༔ སྔོན་པོ་ཞལ་གཅིག་ཕྱག་


JKT012_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་བརྟེན༔ པདྨ་ཉི་ཟླ་མི་རོའི་སྟེང་༔ གཡས་བསྐུམས་གཡོན་བརྐྱངས་ཚུལ་གྱིས་འགྱིང་༔ སྟག་གི་པགས་པས་ཤམ་ཐབས་བྱས༔ ཞལ་གདངས་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྤྱན་རྩ་ཤིན་ཏུ་དམརཿ སྙན་ཆ་དང་ནི་དོ་ཤལ་དང་༔ ཕྱག་དང་ཞབས་ཀྱི་གདུ་བུ་རྣམས༔ ཞེ་སྡང་སྦྲུལ་གྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་ཕུང་དབུས་ན་བཞུགས༔ ཞེས་གསལ་བཏབ་ལ་བཟླས་པ་བྱ་བ་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་སྔགས་སྒྲ་མེ་འོད་འཕྲོ༔ ཕར་འཕྲོས་གནོད་བྱེད་དགྲ་བགེགས་བསྲེགསཿ ཚུར་འདུས་ཉོན་མོངས་


JKT012_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔ་བཅོམ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླས་མཐར། ཕྱག་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་ཁྱུང་ཆེན་རིགས་ལྔའི་ཚོགས་ཁྲ་ཐབས་སུ་སྤྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད་ཚུར་འདུས་རང་ལ་ཐིམ་པས་ནུས་པ་བསྐྱེད་པར་བསམས་ལ། རྩ་སྔགས་ཀྱི་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བཏགས་པའང་ཅུང་ཟད་བཟླ་ཞེས་བླ་མའི་ཞལ་ནས་གསུངས་སོ། །སྔོན་དུ་བསྙེན་པ་སོང་བ་ཡིན་ན་སྒྲུབ་པའི་སྔགས་རིང་། ཨོ་ཉི་མ་པཱ་ལ་ནན༔ ཀླད་པ་ནན༔ གུ་ན་ཞིང་༔ ཙིཏྟ་གུ་ལིང་ནན༔ ཡག་ཙིཏྟ་མུ་ཏྲ་གནོད་བྱེད་གཟའ་ཀླུ་ས་བདག་ཆོད་གཏོང་ཟློག་བྱེརཿ ནཱ་ག་ཤིག༔ ནཱ་ག་ཟློག ནཱ་ག་བྱེརཿ ནཱ་གའི་སྙིང་ལ་ནན༔ ནཱ་གའི་མགོ་ལ་ནན༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་བྷ་རི་ཤ་ཡ་ཕཊ༔ ཅེས་པའང་ལན་བདུན་སོགས་ཇི་ལྟར་རིགས་པ་བཟླ། ཉེར་བསྡུའི་རྫོགས་རིམ་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །རང་ཡང་ཐུགས་སྲོག་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་སྤྲོས་བྲལ་ངང་། །ཁྲོ་རྒྱལ་གསལ་སྟོང་ཆེན་པོར་ཤར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །འདིའི་བསྙེན་པ་བྱེད་ན། རྩ་སྔགས་འབྲུ་འབུམ་དང་། ཁྱུང་གི་སྔགས་ཤམ་འདོགས་ཅན་རྟགས་ཐོན། ལས་སྒྲུབ་པའི་སྔགས་རིང་ཉི་མ་སཱ་ལ་ཞག་གསུམ་སོགས་གང་འཐུབ་


JKT012_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་ཞིང་། དེ་ཡང་བྱད་ཕུར་དྲོད་གཏོང་ཟློག་པ་གཙོ་བོར་བྱེད་ན། སྔགས་རིང་གི་ཉེ་ནི་དང་། གུ་གུ་དང་། ནཱ་གའི་གནས་སུ་རྩོད་གཏོང་ཞེས་བཅུག་ལ་བཟླ། སྤྱིར་རྒྱུན་ཁྱེར་དང་དབང་སྒྲུབ་སོགས་ཀྱི་སྐབས་ཁྱུང་ཁྲ་ཐབས་ཀྱི་འཕྲོ་འདུ་དང་། སྔགས་ཁྱུང་གི་འདོགས་ཅན་ངེས་པར་དགོས་ཞེས་སྤང་སྟོན་བརྒྱུད་པའི་ཞལ་ལུང་མ་ཉམས་པ་ཁོ་བོའི་བླ་མའི་གསུང་ལས་ཐོས་སོ། །ཞེས་པའང་སྒྲོལ་སྟོན་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་ལས་ཚུལ་བཞིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་འཇམས་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་པ་བླ་མའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བའི་དགེ་བས་འགྲོ་ཀུན་དཔལ་གསང་བའི་བདག་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།།


previousཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།next