Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲ་པ་མངོན་ཤེས་ཀྱི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   


 
previousགྲ་པ་མངོན་ཤེས་ཀྱི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་ཐབས།next

གྲ་པ་མངོན་ཤེས་ཀྱི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་ཐབས།


JKT012_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་པ་མངོན་ཤེས་ཀྱི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་ཐབས་བཞུགས་སོ།། །།


JKT012_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། གཏུམ་པོ་དམར་པོའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོཉཧཾ། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །རང་སེམས་ཧཱུྃ་ཡིག་དམར་པོ་ཡོངས་གྱུར་ལས། །རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དམར། །ཕྱག་གཡས་རྡོ་རྗེ་ནག་པོ་རྩེ་ལྔ་འཕྱར། །གཡོན་པས་ཐུགས་ཀར་རྡོ་རྗེའི་ཞགས་པ་འཛིན། །སྟག་ལྤགས་དང་ནི་དར་གྱི་ཤམ་ཐབས་གསོལ། །རིན་ཆེན་སྤྲུལ་རྒྱན་མི་བསྐྱོད་ཅོད་པན་ཅན། །ཁྲོ་བོའི་ཆས་རྫོགས་མེ་ཕུང་ཀློང་ན་འགྱིང་། །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ནི། །སྐུ་མདོག་ནག་པོ་དེ་ཡི་ཐུགས་ཀ་རུ། །ཏིང་འཛིན་སེམས་


JKT012_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྡོ་རྗེའི་ལྟེ་བར་ཧཱུྃ། །དེ་ལས་འོད་འཕྲོས་གསང་བདག་མཐིང་གའི་ཚོགས། །ནམ་མཁའ་གང་བར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔གཉིས་སུ་མེད་པར་ཐིམ། །རང་ཉིད་སྐུ་མདོག་དམར་མཐིང་འབར་བ་ཡི། །ཕྲག་གོང་གཡས་སུ་བྱ་ཁྱུང་ནག་པོ་དང་། །གཡོན་དུ་གཤོག་པ་གཡུ་ཡི་མདོག་ཅན་གཉིས། །གདུག་པའི་སྦྲུལ་བཟུང་ཞལ་དུ་གསོལ་བ་ལ། །རང་འདྲའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར། །གནམ་ས་ཐམས་ཅད་གྲགས་སྟོང་སྔགས་སྒྲས་ཁེངས། །གདུག་པ་ཚར་བཅད་དངོས་གྲུབ་མཆོག་ཐོབ་གྱུར། །ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ། །ཅེས་བཟླ། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བདག་གཏུམ་པོ་འགྲུབ་གྱུར་ནས་


JKT012_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་བསྔོ་སྨོན་བྱ། ཐུན་མཚམས་སུ་གཏོར་མ་འབུལ་ན། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལར་འབྲུ་གསུམ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་གསང་བའི་བདག་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲང་། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ལན་གསུམ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །གསང་བདག་གཏུམ་པོ་འཁོར་བཅས་རྣམས། །ཏོར་མ་འདི་བཞེས་ལ་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་ན། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། མེད་ན། བཛྲ་མུས་གཤེགས། བསྔོ་སྨོན་བཀྲ་ཤིས་བྱ། བསྙེན་ཚད་འབུམ་ཕྲག་གཅིག་ཏུ་གསུངས། འདི་ནི་བཟླས་ལུང་དང་འབྲེལ་བར་བདག་བསྐྱེད་རྐྱང་བ་ལ་བརྟེན་ནས་རྩ་བའི་བཟླས་པ་བྱ་བའི་ཚུལ་ཡིན་ལ། དབང་དང་འབྲེལ་བར་བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་ཕྱག་མཚན་གཉིས་ལ་བརྟེན་པ་དང་། དྲག་སྔགས་ཀྱི་ཤམ་


JKT012_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་སོགས་ནི་གཞུང་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྒྲུབ་དཀྱིལ་སོགས་ལ་གསལ་བར་བཞུགས་ཀྱང་། དེང་སང་རྒྱུན་མེད་པས་འདིར་མ་བཀོད་དོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པ་ཚིགས་བཅད་དུ་བསྡེབས་ཏེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།


previousགྲ་པ་མངོན་ཤེས་ཀྱི་གཏེར་བྱོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་ཐབས།next