Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ།
   
   
   
   
   
   
   
   


 
previousབླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ།next

བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ།


JKT012_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ་བཞུགས་སོ།། །།


JKT012_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀ་རཱ་ཡ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་ཡི། །གསང་གསུམ་ཀུན་འདུས་ཐོད་ཕྲེང་རྩལ། །སྙིང་དབུས་པདྨོའི་ཟེའུ་འབྲུའི་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལ་འདིར་བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བར་སྤྲོ་ན། ལས་གཞུང་གི་དངོས་གྲུབ་བླང་བའི་བར་དཀྱུས་ལྟར་སོང་ནས། དཀྱིལ་འཁོར་དུ་ཚོགས་པའི་འདུས་པ་རྣམས་ལས་གཞན་པ་གསར་དུ་འཇུག་ན། ཁྲུས་བྱ། བགེགས་བྲལ། སྲུང་འཁོར་བསྒོམ་པ་རྣམས་མདོར་བསྡུས་ཙམ་སྔོན་དུ་གཏོང་། ཇི་ལྟར་ཡང་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་གྱི་


JKT012_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཇི་སྐད་དུ་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོར་གྱུར་པ་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཞལ་ནས། ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་སྐོང་བཤགས་ཚོགས་མཆོད་འབད་པར་བྱ། །ཞེས་གསུངས་པ་ལྟར་ཡར་ངོ་དང་མར་ངོའི་ཚེས་བཅུའི་དུས་སུ་ཕྱི་


JKT012_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པའི་ཕྱིར་རང་བཞིན་གྱིས་འདུ་ཞིང་། ནང་དུ་རྣལ་འབྱོར་བའི་རྩ་རླུང་ཐིག་ལེ་རྣམས་ཐིམ་དང་ལོངས་སྤྱོད་བདག་པོའི་འགྲོས་ཀྱིས་དབུ་མར་འདུ་བས་ཉེ་བའི་འདུ་བ་ཞེས་དུས་ཁྱད་པར་དུ་འཕགས་པའི་སྐབས་འདིབོ་་སྣང་གྲགས་རིག་གསུམ་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལས་མི་འདའ་བའི་སྒོ་ནས་ཕྱི་ནང་གི་ཡིན། དཀྱིལ་འཁོར་ཚོགས་ཀྱི་ལོངས་སྤྱོད་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས་ཡུལ་དང་དབང་པོ་གཉིས་སུ་མེད་པའི་བདེ་ཆེན་རྡོ་རྗེའི་དམ་ཚིག་གིས་མཉེས་པར་བྱ་བ་ནི་བསོད་ནམས་དང་དངོས་གྲུབ་རྒྱ་མཚོའི་ཉེར་ལེན་མཆོག་ཏུ་གྲུབ་པར་མ་ཟད། རང་ཅག་གངས་ཅན་པའི་འགྲོ་བ་རྣམས་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེས་རྨད་དུ་བྱུང་བའི་སྐྱབས་དང་། མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ། །སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རགས་རིམ་རྣམས་བསྟན་པ་དང་། རྗེས་འཇུག་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་ཁྱད་པར་ཅན་མངོན་སུམ་དུ་འཇུག་པས་བྱིན་གྱིས་རློབ་པར་ཞལ་གྱིས་བཞེས་པའི་དུས་ཀྱང་ཡར་ངོའི་ཚེས་


JKT012_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་དུས་ཆེན་འདི་རྣམས་ཡིན་པའི་ཚུལ་བླ་མ་གསང་བ་འདུས་པའི་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་དང་། རིག་འཛིན་རྒོད་ལྡེམ་གྱི་གཏེར་བྱོན་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་ཡིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོསཿ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱིས༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་དང་། ཡང་སྙིང་འདུས་པའི་སྐུལ་བྱང་ལས། །ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུའི་དུས ང་ཉིད་འབྱོན་པའི་དབུ་བསྙུངས་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཅིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྟུང་ན་ངས་ཤེས་ཀྱིསཿ བློ་སྙིང་བྲང་གསུམ་


JKT012_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་གཏོད༔ ཅེས་དང་། ཞལ་གདམས་གསེར་ཕྲེང་ལས༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་ཆེན་བཅུ་ཡི་ཉིན༔ ཨོ་རྒྱན་ང་དངོས་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་ནོ་ང་ཡི་ཐ་ཚིག་ཡིན༔ བྱུང་ངོ་ཅོག་གི་ཟླ་བའི་ཚེས་བཅུ་ལ༔ སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རེའི༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤྱོད་ལྡན་གཏོར་མ་རིན་ཆེན་འབར་བ་བཤམས༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྱོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་དུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་སྤྱི་དང་བྱེ་བྲག་གི་ཕན་ཡོན་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་བླང་བའི་ཆོ་ག་དང་རྗེས་སུ་འབྲེལ་བར། འཇམ་དཔལ་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་གཏོར་དབང་གནད་ཀྱི་ཤོག་གཅིག་མ་དང་། རིག་འཛིན་པདྨ་གླིང་པའི་


JKT012_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ནོར་བུ་རྒྱ་མཚོའི་རབ་འབྱམས་བཀའི་དབང་བསྐུར་ལས་འབྱུང་བའི་གཏོར་དབང་སྟེ། བརྒྱུད་པའི་ཁྱད་པར་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སྤྲོ་ན། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། །ཅེས་བརྡ་སྦྱར་ལ་ལས་གཞུང་གི་སྐྱབས་སེམས་ལན་གསུམ། བྱིན་རླབས་ཀྱི་གཞི་བརྟན་པར་བྱེད་པ་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་གཞི་ལུས་ཀྱི་བཀོད་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་


JKT012_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་གྱི་སྤྱི་བོར་རྟ་གདོང་དང་ཕག་ཞལ་བཞད་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱངས་བསྐུམས་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། སྤྱན་འདྲེན་རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བ་ཧོ༔ཞེས་པས་བྱིན་དབབ། ཨོཾ་ཏིཥྛ་བཛྲ་ས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས་བྱིན་རླབས་གཏོར་མའི་དབང་བསྐུར་བ་དངོས་ལའང་། གཏོར་མཆོད་དུས་སུ་གཏོར་མར་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། དངོས་གྲུབ་བླང་བའི་དུས་སུ་དམ་


JKT012_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སུ་ཤེས་པ་སྟེ་གསུམ་ལས། འདིར་དབང་དུས་སུ་ལྷར་ཤེས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འབྱུང་བ་རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པད་ཉི་ཟླ་བའི་གདན་ལ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། རྒྱན་ཆ་ལུགས་ཐམས་ཅད་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཧྲིདམར་སེར་རྣམས་ཀྱིས་མཚན་པར་གྱུར་པ་ལ་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པས་མཆོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། །སློབ་དཔོན་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤཔྟའི་བར་གྱིས་མཆོད། དེ་ནས་སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་དངོས་གཞིའི་དབང་བསྐུར་བ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་པར་ལྡན༔ རང་གཞན་དོན་ཀུན་བསྒྲུབ་


JKT012_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ དེ་ནས་གཏོར་མ་བཏེགས་ལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ་ཏེ་སྐུ་དགེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོགས། ཐུགས་མཁྱེན་བརྩེ་ནུས་པའི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བཞིན་པས་སོ་སོ་རང་རང་གི་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་ནས། སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་


JKT012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ལྟེ་བའི་ཧཱི༔ལས་འོད་ཟེར་དམར་སེར་དྷཱིཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པས་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོག་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ སརྦ་ཨབྷི་ཥིཉྩ་ཧྲཱིཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ ཞེས་ཛབ་དབྱངས་དང་བཅས་ཏེ་གཏོར་མ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རེག་ཅིར། སླར་ཡང་


JKT012_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་བླ་མ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འབྲལ་མེད་དུ་བཞུགས་པའི་མོས་པ་མཛོད། ཅེས་དང་རྩ་སྔགས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག །མཐར་གཏོར་མ་དངོས་གྲུབ་ཏུ་ཤེས་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བླ་མ་དང་རྩ་ཁམས་དཔའ་བོ་དང་རྣལ་འབྱོར་མར་དག་པས། གཏོར་མ་དངོས་གྲུབ་ཀྱི་བདུད་རྩིར་འཁྱིལ་པ་དེ་རོལ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པའི་མོས་པ་མཛོད། ཅེས་བརྗོད་གཏོར་མའི་མཐའ་རས་དངོས་གྲུབ་ཀྱི་རྫས་སུ་སྦྱིན་ཅིང་ཚེ་རིལ་གཡས་དང་ཚེ་ཆང་གཡོན་སྐོར་དུ་འགྱེད། དེས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས་མཐའ་བརྟན་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བྱེ་བྲག་ཏུ་ཡང་བདེར་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ལ་དཔའ་བོ་དང་རྣལ་འབྱོར་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མན་རའི་ཆར་ཆེན་པོ་ཕབ་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་ཤིས་བརྗོད་ཇི་ལྟར་རིགས་པ་དང་བཅས་ཏེ་མེ་ཏོག་གི་ཆར་ཕབ། སྤྲོ་ན་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱའོ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །བྱིན་རླབས་དབང་བསྐུར་རིམ་པ་འདིས། །འགྲོ་ཀུན་རྔ་ཡབ་དཔལ་གྱི་རིར། །འཇུག་པའི་ལམ་


JKT012_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཉིད་གྱུར་ཅིག །བླ་མ་བསང་བ་འདུས་པའི་ཚེས་བཅུའི་མཆོད་པ་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་ཇི་ལྟར་བསྐུར་བའི་ཚུལ་བཀླགས་ཆོག་ཏུ་བཀོད་པ་འདིའང་། ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བའི་དགེ་བས་མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་པདྨ་དྲྭ་བ་ཅན་གྱི་དགའ་ཚལ་དུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousབླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ།next