Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན།
   
   
   
   
   
   
   


 
previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན།next

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན།


JKT012_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་བཞུགས་སོ། །


JKT012_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ས་ཏཱ་ཡ། སྐྱབས་འགྲོ་ནི། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པརཿ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། ཧོ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་པརཿ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱིའོ༔ རྡོར་སེམས་སྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང་༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེརཿ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེསཿ རང་


JKT012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་ཅན༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ། མཐའ་སྐོར་བཛྲ་ས་ཏཱའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡི༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པསཿ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱངསཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཞེས་ཅི་ནུས་བཟླ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམསཿ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི སྐུ་གསུང་ཐུགས་རྩ་བ་དང་ཡན་


JKT012_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ། མཎྜལ་ནི། རིན་ཆེན་ས་གཞི་ལྷུན་པོ་འཁོར་ཡུག་བཅས༔ གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་མིའི་འབྱོར་ཚོགས་རྒྱ་མཚོའི་ཡོངས་གང་བ༔ རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི༔ ཡན་ལག་བདུན་པ་ནི༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལཿ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག ཅེས་ཅི་ནུས་བརྗོད། གསོལ་འདེབས་ནི། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སེངྒའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་


JKT012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་བི་མ་ལ། གསོལ་བ༴ དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བེ་རོ་རྗེ། གསོལ་བཟ །སྨིན་གྲོལ་འདོད་དགུའི་མཆོག་སྩོལ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །འཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་ལ། གསོལ་བ༴ ཐམས་ཅད་མཁྱེན་པ་ཨཽ་ཌཱི་ཡཱ་ན་དང་། །རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ཞབས། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་ལ། གསོལ་བ༴ བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། གསོལ་བ༴ འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །བྱང་ཆུབ་སེམས་འབྱོངས་གང་ཤར་ལྷ་སྐུར་ཤར། །ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་བརྒལ་གྱིས། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །དབང་བླང་བ་ནི། །སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཏེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་ཤིས་བདག་རྒྱུད་གཏམས་པར་མཛོད། །གུ་རུའི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་


JKT012_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་ངག་གི་དྲི་མ༴ ལམ་རྩ་རླུང་བསྒོམ་པ༴ འབྲས་བུ་ལོངས་སྐུ་ཐོབ་པའི༴ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི༴ ཡིད་ཀྱི་དྲི་མ་ལམ་ཐིག་ལེ་བསྒོམ༴ འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ལམ་གྱི་སྔོན་འགྲོའི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །


previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན།next