Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་པདྨ་དགྱེས་པའི་མཆོད་སྤྲིན།
   
   


 
previousཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་པདྨ་དགྱེས་པའི་མཆོད་སྤྲིན།next

ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་པདྨ་དགྱེས་པའི་མཆོད་སྤྲིན།


JKT012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པདྨཔྲམོདསྱཔཱུཛམེ། །ནཱམཙིཏྟསཱདྷཱནསཾག །ནྡྷསརྦསམཱཛམྱཀརྨཔཏྟམས།།
ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་པདྨ་དགྱེས་པའི་མཆོད་སྤྲིན་ཅེས་བྱ་བ་བཞུགས་སོ། །


JKT012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། འོད་གསལ་དབྱིངས་སུ་རྒྱལ་ཀུན་རོ་གཅིག་པའི། །ཡེ་ཤེས་སྣང་བ་མཐའ་ཡས་མཚོ་སྐྱེས་ཞབས། །སྤྱི་བོར་མཆོད་ནས་ཐུགས་སྒྲུབ་ཟབ་མོའི་ཕུལ། །ཡང་སྙིང་ཀུན་འདུས་ཕྲིན་ལས་ཁྲིགས་སུ་བསྡེབ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བཀོད་པའི་ཁྱད་པར་དུ་མས་འཕགས་པའི་གུང་དུ་རྩ་གསུམ་གྱི་སྣང་བརྙན་ཡོད་ན་བཀྲམ། དེའི་མདུན་སར་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པའམ། །གཏོར་མ་ཁོ་ན་ཤེས་པ་བཞི་ལྡན་དུ་གསུངས་པས་བླ་མའི་གཏོར་མ་རིན་ཆེན་འབར་བ་རྒྱན་སྤྲོས་ཀྱིས་མཛེས་པའི་གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། །གཞན་ཡང་སྲུང་མའི་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད། སྔོན་འགྲོའི་གཏོར་


JKT012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མ། རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བ་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བསྒོམ། །བྱིན་འབེབས་མཆོད་རྫས་བྱིན་གྱིས་བརླབ། །ཅེས་པ་ལྟར་དྲུག་ལས། དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པར་གྱུར་པའི་སྤྱན་སྔར། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། ཛཿཧཱུྃ་བྃ་ཧོ༔ སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ།


JKT012_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར། གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀར་ཡ་ཛཿས་མགྲོན་དགུག ཨོཾ་སརྦ་བིགྷཱན་ན་མསྶ་རྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྟ་དི་སྭཱ་ཧཱ། །ལན་གསུམ་གྱིས་བསྔོ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིསཿ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་སོགས་བརྗོད་ཅིང་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ལ་བགེགས་གཏོར་ཕྱིར་བསྐྱལ། བཞི་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྟ་ཧཱུྃ་ཕཊ། ལྔ་པ་ནི། སྤོས་རོལ་དང་བཅས་དབྱངས་ཀྱི་འགྱུར་བ་སྙན་པོས། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔


JKT012_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ༔ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བྱིན་བསྡུས་ཏེ་བདག་གནས་ཡོ་བྱད་ལ་བསྟིམ། དྲུག་པ་ནི། རྃ་ཡྃ་ཁྃ༔ ཐུགས་ནས་རི་ཡྃ་ཁྃ་འཕྲོས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱི༔ མ་དག་ཉེས་སྐྱོན་ཀུན་སྦྱངས་ནས༔ མི་ཟད་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཙྪཧཱུྃ་བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཧཱུྃ༔ བཛྲ་ཨ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་བིདྱ་ཧཱུྃ༔ བཛྲ་ཤཔྟ་ཧཱུྃ༔ བཛྲ་སད་པཱུ་ཛ་མེ་གྷ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟས་མནྟ་མཎཱ་ལ་ཧཱུྃ་ཕཊ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མ་ཧཱ་པཉྩ་མཧཱ་བ་ལིཾ་ཏ་མ་ཧ་རཀྟ་ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་པས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ། བསྐྱེད་ཅིང་སྤྱན་དྲང་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཞེས་པ་ལྟར་དྲུག་ལས། དང་པོ་ནི། ཨོཾ། ཆོས་ཀུན་ཡེ་ནས་སྤྲོས་དང་བྲལ་བའི་ངང་། །དེ་དོན་མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས། །རང་གི་རིག་པ་ཧཱུྃ་ཡིག་མཐིང་


JKT012_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གའི་མདོག །དེ་ལས་འོད་འཕྲོས་རིན་ཆེན་གཞལ་ཡས་ཁང་། །གྲུབ་ཞི་སྒོ་བཞི་རྒྱན་དང་མཚན་ཉིད་རྫོགས། །ནང་དུ་པདྨ་འདབ་བརྒྱད་ལྟེ་བའི་དབུས། །ཉི་མ་ཟླ་བ་བརྩེགས་པའི་གདན་སྟེང་དུ། །རྒྱུ་ཡིག་ཡོངས་གྱུར་བླ་མ་རྡོ་རྗེ་འཆང་། །མཐིང་གསལ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་ཞིང་འཛུམ། །ཕྱག་གཡས་རྡོ་རྗེ་ཐུགས་ཀ་གཡོན་པ་ཡིས། །དྲིལ་འཛིན་ཡུམ་འཁྱུད་རལ་པའི་ཐོར་ཚུགས་ཅན། །པང་དུ་མཚོ་རྒྱལ་དཀར་མོ་མཛེས་སྡུག་ཅན། །ཕྱག་གཡས་ཡབ་འཁྱུད་གཡོན་པ་བདུད་རྩི་སྟོབ། །ཞབས་གཉིས་ཡབ་ཀྱི་སྐེད་འཁྲིལ་སྐྲ་གྲོལ་བ། །གཉིས་ཀའང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །འདབ་མ་བརྒྱད་ལ་མཚན་བརྒྱད་ལྷ་ཚོགས་བཞུགས། །ཁྱམས་ལ་མཁའ་འགྲོ་རིགས་ལྔ་གིང་ཆེན་ཚོགས། །གླུ་ལེན་གར་བྱེད་བདུད་དཔུང་ཕ་མཐར་སྐྱོད། །གཉིས་པ་ནི། གདུང་བའི་དབྱངས་དང་རོལ་མོ་བཅས་པས། ཧཱུྃ། ཟངས་མདོག་དཔལ་གྱི་རི་བོ་ནས། །པདྨ་ཐོད་ཕྲེང་མཚན་བརྒྱད་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ས་མཱ་ཛ༔ གསུམ་པ་ནི། ཧཱུྃ། ཡིད་འཕྲོག་རིན་ཆེན་ཕོ་བྲང་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །པདྨ་ཐོད་ཕྲེང་མཚན་བརྒྱད་རྣམས། །དགྱེས་ཤིང་བརྟན་པར་བཞུགས་


JKT012_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། བཞི་པ་ནི། ཧཱུྃ། ཕྲིན་ལས་ཀུན་རྫོགས་ཐོད་ཕྲེང་རྩལ། །གང་འདུལ་སྐུར་བསྟན་མཚན་བརྒྱད་དང་། །དཔའ་བོ་མཁའ་འགྲོ་སྲུང་མ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་ལ། མཆོད་པ་དངོས་ནི། ཧྲཱིཿཀུན་འདུས་བླ་མའི་དཀྱིལ་འཁོར་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྒྲ། །སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བསྟོད་པའི་མཆོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔


JKT012_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི་སེང་གེ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ དྲུག་པ་ནི། རང་བྱུང་རྣམ་དག་གཞལ་ཡས་འདིར༔ ཆོས་སྐུ་བླ་མ་རྡོ་རྗེ་འཆང་༔སྣ་ཚོགས་སྐུ་དང་ཆ་ལུགས་ལཿ ཐུགས་སྲོག་ཛཔྲ་ཀྱི་རང་སྒྲ་སྒྲོགས༔ མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས༔ ཚུར་འདུས་དངོས་གྲུབ་བཅུད་ཀུན་བསྡུས༔ རྟགས་མཐོང་བར་དུ་རྒྱུན་མི་གཅོད༔ ཅེས་དགོངས་པའི་སྲོག་ཏུ་བཟུང་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་གསང་མཚན་ཐུགས་ཀྱི་སྒྲུབ་པའི་སྤྱི་དྲིལ་གྱི་སྔགས་འདི་ཆུ་བོའི་རྒྱུན་བཞིན་ཏུ་བཟླས་མཐར་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱ། ཐུན་མཚམས་སུ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། །ཞེས་མཆོད་བསྟོད་བྱའོ། །བར་འདིར་ཆོས་སྲུང་གཏོར་བསྔོ་རྒྱས་བསྡུས་གང་རིགས་གཏོང་། གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་ཀྱིས་མཆོད་ཅིང་གཏོང་རག་


JKT012_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། །བརྟན་བཞུགས་ཉེར་བསྡུ་སྨོན་ལམ་གདབ། །ཤིས་པ་བརྗོད་པས་མཐའ་བརྒྱན་ཏོ། །ཞེས་པ་ལྟར་དྲུག་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལ་བསང་ཆུ་འཐོར་ཞིང་། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཧཱུྃ་ཕཊ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་པས་བསང་སྦྱང་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ རང་བཞིན་རྣམ་དག་གཞལ་ཡས་ནས། །པདྨ་ཐོད་ཕྲེང་མཚན་མཆོག་བརྒྱན། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་སརྦ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་ཛཿ སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དཔལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་ཕུང་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་གནོད་བྱེད་དགྲ་


JKT012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཤ་ཏྲཱཾ་མཱ་ར་ཡ་རྦད། ཅེས་བསྒྲལ། ཨོ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། །ཞེས་བསྟབ། བར་འདིར་སྤྲོ་ན་རྩ་གསུམ་སྤྱིའི་སྐོང་བ་གཏང་། དེ་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚོགས་ཀྱི་ཡོ་བྱད་ལ་ཚིམ་པར་རོལ་པའི་མཐར་ལྷག་མ་གཏོང་བ་ནི། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཕཻ་ཕཻ་ཞེས་པས་ལྷག་མགྲོན་སྤྱན་དྲངས་ལ། ཧྲཱི༔ བླ་མ་རྩ་གསུམ་བཀའ་འཁོར་ན༔ །དམ་པའི་ཆོས་ཀྱི་སྲུང་མ་རྣམསཿ །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ ཧ་རི་ཀ་དང་པཉྩི་ཀཿ འཕྲོག་མ་མ་བུར་བཅས་པ་དང་༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང་༔ ལྷ་དང་ལྷ་མིན་མིའམ་རཿ དྲི་ཟ་གནོད་སྦྱིན་འབྱུང་པོ་དང་༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ མཆོད་སྦྱིན་གཏོར་མ་འདི་བསྔོས་པས༔ ཅི་འདོད་ཕུན་སུམ་ཚོགས་པར་ཤོག༔ ཇི་ལྟར་ནུས་པའི་ཕྲིན་ལས་མཛོད༔ བ་ལིཾ་ཏ་པཱུ་ཛ་ཧོ༔ སྲུང་མའི་གཏོར་མ་འབུལ་ཞིང་། སྤྲོ་ན་ཆད་མདོ་རིས་མཐུན་སྤྱི་ལྟར་བསྒྲག །བརྟན་མ་བསྐྱང་བ་ནི། ཧཱུྃ༔ ཨ་སུ་ར་ཡི་བྲག་ཕུག་ཏུ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བསྟན་མ་བཅུ་གཉིས་དང་ཕྱི་གཏོར་དབང་བར་ཁས་བླངས་རྣམསཿ མཆོད་སྦྱིན་གཏོར་མ་འདི་ལོང་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་


JKT012_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཕྱུགས་སྤེལ༔ དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ༔ བཅོལ་པའི་དམ་ཚིག་དྲན་པར་མཛོད༔ ཅེས་ཕྲིན་ལས་གསོལ། གཉིས་པ་ནི། རྩ་གསུམ་ལྷ་ཚོགས་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མ་ལུས་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པས་ནོངས་པ་བཤགས། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པས་དངོས་གྲུབ་བླང་། གསུམ་པ་ནི། མདུན་གྱི་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། བཞི་པ་ནི། སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །བཛྲ་མུཿ ཞེས་འོད་གསལ་གྱི་དབྱིངས་སུ་བསྡུ་ཞིང་། སླར་ཡང་རང་དང་སྣང་བ་ཐམས་ཅད་བླ་མ་རྩ་བ་གསུམ་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྐུར་གྱུར་པར་བསམ། ལྔ་པ་ནི། དགེ་བ་འདི་ཡིས་སེམས་ཅན་མ་ལུས་པའི། །རྒྱུད་ལ་ཡོད་པའི་རང་རིག་ཐོད་ཕྲེང་རྩལ། །རང་ངོ་རང་གིས་འཕྲོད་དེ་ཚེ་གཅིག་ལ། །བླ་མ་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག །དྲུག་པ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་


JKT012_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །སྤྲོ་དང་སྡུད་མཛད་ཁྱབ་བདག་རྡོ་རྗེ་སེམས། །རིག་འཛིན་བླ་མའི་ལྷ་ཚོགས་བཀྲ་ཤིས་ཀྱིས། །ཡངས་པའི་ནོར་འཛིན་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཤིས་པ་བརྗོད་པའི་ཚིག་གི་ཕྲེང་བ་དང་བཅས་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་ཀྱི་འབྱོར་པ་རྒྱས་པར་བྱའོ།། །།ཡང་སྙིང་ཀུན་འདུས་བླ་མའི་ཐུགས་སྒྲུབ་ཀྱི། །ཕྲིན་ལས་པདྨ་དགྱེས་པའི་མཆོད་སྤྲིན་ཆེས། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོ་མྱུར་འགྲུབ་ནས། །སྲིད་ཞིའི་དགེ་ལེགས་རྟག་ཏུ་རྒྱས་གྱུར་ཅིག། །།ཅེས་དུས་གསུམ་མཁྱེན་པ་པདྨ་སཾ་བྷ་བའི་རྡོ་རྗེའི་ལུང་གིས་ལེན་ཅིག་མ་ཡིན་པར་ཆེས་ཆེར་བསྔགས་པ། འཇམ་པའི་དབྱངས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་གཟུགས་ཀུན་གཟིགས་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ལས་བྱུང་བའི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་དགོས་པ་ཁྱད་པར་ཅན་གྱི་སྒོ་མཐོང་བས་མཚམས་སྦྱར་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་ཀྱིས་ཀུན་མཁྱེན་བླ་མའི་དགོངས་པ་ཇི་ལྟ་བར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་པདྨ་དགྱེས་པའི་མཆོད་སྤྲིན།next