Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས།
   


 
previousཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས།next

ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས།


JKT012_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།


JKT012_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། རྩ་རླུང་ཐིག་ལེ་ཡེ་ཤེས་གཉུག་མའི་ཁམས། །རྡོ་རྗེ་རྣམ་བཞིར་སྨིན་མཛད་མཚོ་སྐྱེས་རྗེར། །བཏུད་ནས་བླ་མ་ཡང་སྙིང་ཀུན་འདུས་ཀྱི། །དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་སྟེགས་བུའི་ཁར་རས་བྲིས་སམ། མཎྜ་ལར་ལྷ་གྲངས་དང་མཐུན་པའི་ཚོམ་བུ་དགོད། དེའི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་དང་། ཐོད་པ་བདུད་རྩིས་གང་བ་མེ་ལོང་ལ་སིནྡྷརའི་ཐིག་ལེ་དང་རྩ་སྔགས་ཀྱིས་མཚན་པས་ཁ་དགབ། གཡས་སུ་གུ་རུའི་སྐུ་འབག །མེ་ལོང་གི་སྟེང་ངམ་གཡོན་ཏུ་གཏོར་མ་རིན་ཆེན་འབར་བ། མདུན་རྒྱབ་


JKT012_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གང་བདེར་ལྷ་ཙག །གཞན་ཡང་སྨན་རཀ །ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། ལས་བུམ། སྔོན་གཏོར་སོགས་འོག་ཏུ་དགོས་པ་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་བྱ་བའོ། །དང་པོ་ནི། བདག་མདུན་དབྱེར་མེད་ཀྱི་དགོངས་པས་ལས་གཞུང་བསྲངས་ཏེ་བཟླས་པ་ཇི་ལྟར་རིགས་པ་དང་། བྱེ་བྲག་བུམ་པ་དང་བྷཉྫ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྣོད་ཡོངས་སུ་གང་བར་མོས་ཏེ་བཟླས་པ་དང་། སིནྡྷ་རའི་མེ་ལོང་གི་ཡིག་འབྲུ་དང་། གུ་རུའི་སྐུ་འབག །གཏོར་མ་རིན་ཆེན་འབར་བ་རྣམས་


JKT012_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་རང་གཟུགས་སྐུ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་བསམས་ལ་བཟླས་པས་བྱིན་གྱིས་བརླབ། ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་བྱ། དབྱངས་གསལ་རྟེན་སྙིང་བཟླ་ཞིང་མཆོད་བསྟོད་དང་། རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་། སློབ་མ་གཞུག་པར་གསོལ་བ་གདབ་བོ། །གཉིས་པ་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་གཏོང་། སྲུང་འཁོར་བསྒོམ། མཚམས་སྦྱོར་ཅི་རིགས་པ་དང་། དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་འཁྲུལ་མེད་རྡོ་རྗེའི་ལུང་གིས་ལན་ཅིག་མ་ཡིན་པར་བསྔགས་ཤིང་། འཇམ་པའི་དབྱངས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དུ་གདོད་ནས་གྲུབ་པ། གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་གི་དབང་ཕྱུག་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་སྣང་ངོར་ཤར་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། །རྡོ་རྗེའི་རྒྱ་ཅན་ལས་བྱུང་བའི་ཟབ་མོ་བླ་མའི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་


JKT012_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ཅག་བླ་མ་རིག་འཛིན་གྱི། །དཀྱིལ་འཁོར་ཆེན་པོར་འཇུག་ལགས་ན། །ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ་བསྐྱར་ནས་ཞུགས་པའི་མཚོན་བྱེད་དུ་མིག་དར་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵ་བྷནྡྲ་ཝཱ་ར་མ་ནཱ་ཡ་སྭཱ་ཧཱ། ཕྱག་རྟེན་གྱི་སླད་དུ་མཆོག་གི་མེ་ཏོག་ཁ་དོག་ལྔ་པ་རེའང་བྱིན་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཐ་མི་དད་པ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་གཟུང་བ་རྣམས་ཚུལ་བཞིན་ཏུ་བགྱི་སྙམ་པས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ན་མོ། བླ་མ་བདེ་གཤེགས་འདུས་པའི་སོགས་ལས་གཞུང་གི་སྐྱབས་སེམས་དང་། ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་རྣམས། །རང་བྱུང་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། །རིགས་འདུས་བླ་མ་རྩ་གསུམ་ལྷ་ཚོགས་རྣམས། །བདག་ལ་བརྩེ་བས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་


JKT012_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བྱང་ཆུབ་བར། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་སེམས་མཆོག་མི་ཉམས་གཟུང་བར་བགྱི། །རྡོ་རྗེ་སྙིང་པོའི་རྩ་བ་རིགས་ལྔ་པོའི། །དམ་ཚིག་མ་ལུས་བདག་གིས་གཟུང་བར་བགྱི། །ལྷུན་གྲུབ་དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །སྐྱབས་གསུམ་ཁྲིམས་གསུམ་མ་ལུས་གཟུང་བར་བགྱི། །མི་འགྱུར་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ། །ཕྱག་རྒྱ་རྣམ་གསུམ་མི་འབྲལ་གཟུང་བར་བགྱི། །འདོད་འབྱུང་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིའི་ལས་ལ་བརྩོན་པར་བྱ། །སྐྱོན་བྲལ་པདྨའི་རིགས་ཀྱི་དམ་ཚིག་ཏུ། །དམ་ཆོས་མ་ལུས་ཡོངས་སུ་གཟུང་བར་བྱ། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །སྔོམ་ལྡན་མཆོད་པའི་ལས་ལ་བརྩོན་པར་བྱ། །ཁྱད་པར་ལྷ་སྔགས་བདེ་ཆེན་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་མཉམ་སྦྱོར་སྒྲུབ་པ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །བདག་གིས་མ་ལུས་ཡོངས་སུ་གཟུང་བར་བྱ། །དེ་ཡིས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བླ་མེད་རྡོ་རྗེ་འཆང་གི་ས་ཐོབ་ཤོག །དེ་ནི་ཕྱི་ལྟར་འཇུག་པའོ། །ནང་འཇུག་གི་སླད་དུ། སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོ༔ ཞེས་བརྗོད་


JKT012_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ནང་དུ་ཁྲིད། ཤར་སྒོར་འཁོད་ནས་སྐུ་གསུང་ཐུགས་ཀྱི་ཕྱག་བགྱིད་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ཧོ༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་པའི། །མཚན་བརྒྱད་བླ་མའི་དཀྱིལ་འཁོར་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཞེས་པས་ཕྱག་བྱས་ནས། དམ་ལ་བཞག་པ་ནི་དམ་ཚིག་བདུད་རྩིའི་ཆུ་ནན་སྦྱིན་པར་བྱ་བ་ཡིན་ཏེ། རྡོ་རྗེ་ཐེག་པའི་དམ་ཚིག་རྣམས། །ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ། །མ་བསྲུངས་དམྱལ་བ་ཆེན་པོར་སྐྱེ། །དེ་ཕྱིར་སྲོག་ལྟར་གཅེས་པར་སྲུངས། །ས་མ་ཡ་ཨི་དན་ན་ར་ཀན། །ཞེས་དམ་ཆུ་བླུད། སླར་ཡང་བདུད་རྩི་སྦྱིན་ལ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་ཞིང་བདུད་རྩི་ལྕེ་ཐོག་ཏུ་བཟུང་།ངག་གནད་སྟེང་འོག་གི་རླུང་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་མཛོད། ཨོཾ་ཧྲཱིཿབཛྲ་ཀྲོདྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ག་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་འཆང་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་


JKT012_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤྱན་གསུམ་པ་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་ཅིང་བདེ་བའི་གར་སྟབས་ལིང་ལིང་སྒྱུར་བ། དེའི་ཐུགས་ཀར་གཡུང་དྲུང་རིས་དམར་པོ་གཡོན་སྐོར་དུ་འཁོར་བའི་དབུས་སུ་བཾ། ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ། སློབ་དཔོན་གྱིས་ཡཾ་ཞེས་བརྗོད་པས་གཞིར་གནས་ཀྱི་རླུང་གཡོས་ཤིང་དྲག་ཏུ་བསྐུལ་ཏེ་སྨིན་མཚམས་ཀྱི་ཐད་ཀར་འཁོར་བ་ལ་ཡིད་གཏད་པས་བདེ་བ་ཆེན་པོའི་ཉམས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་སིབ་སིབ་ཏུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིན་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་


JKT012_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔ་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག ཞུབས་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔ ཞེས་བཞེངས་བསྐུལ་དང་ཐོད་ཕྲེང་རྩལ་གྱི་ཛཔྲ་བཟླ་ཞིང་སྤོས་རོལ་བཅས་པས་བྱིན་དབབ། རྡོ་རྗེ་སྤྱི་བོར་བཞག་ནས།


JKT012_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་བཛྲ་ཞེས་བརྗོད་པས་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་ནས། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་གང་འཆར་བའི་བདེ་བ་སྤྲུལ་སྐུ། གསལ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་སྟེ་བླ་མ་སྐུ་བཞིའི་ཡེ་ཤེས་གདོད་ནས་རང་ཆས་སུ་བཞུགས་པ་ངོ་ཤེས་པས། དེ་ཉིད་མཚོན་པའི་མཚན་མའི་དཀྱིལ་འཁོར་དུ་མེ་ཏོག་འདོར་བ་འདིའི་རྗེས་ཟློས་མཛོད། །ཧོཿ །མཚན་བརྒྱད་བླ་མའི་དཀྱིལ་འཁོར་དུ། །རིན་ཐང་མེད་པའི་མེ་ཏོག་འབུལ། །ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ། །གང་སད་དེ་ལ་འབབ་པར་ཤོག །པུཥྤེ་པཱུ་ཛ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་སློབ་དཔོན་གྱི་ཕྱག་གིས་བླངས་ཏེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཀྱེ་ཧོ་སྔོན་ནས་ཉེར་བསྒྲུབས་པའི། །ལྷག་པའི་ལྷ་ཡིས་ལེགས་བསྩལ་བའི། །མེ་ཏོག་ཕྲེང་བའི་ཅོད་པན་གྱི། །དབང་བསྐུར་ཁྱོད་ལ་སྦྱིན་པར་བྱ། །རྡོ་རྗེས་སྤྱན་དབྱེ་བའི་སྟངས་ཀ་དང་བཅས་ཏེ། ཧོཿ ཡེ་ཤེས་ལྷ་ཚོགས་མཇལ་བ་ལ། །གེགས་བྱེད་མ་རིག་མིག་དར་འདི། །བསལ་བས་དེ་རིང་ཡི་དམ་ལྷ། །མངོན་སུམ་མཐོང་ལ་སྤྲོ་དགས་ལྟོས། །ཞེས་པས་མ་རིག་པའི་ལིང་ཏོག་དང་མིག་དར་ལྷན་ཅིག་ཏུ་བསལ་བས། ཐར་པ་ཆེན་པོའི་གྲོང་ཁྱེར་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་


JKT012_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ། འདབ་མ་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། ཁྱམས་ལ་མཁའ་འགྲོ་རིགས་ལྔ་གིང་ཆེན་དང་བཅས་པས་མཚོན་ཏེ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་རྣམས་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེས་འཇུག་པའི་ཆོས་རྣམས་སོང་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ། དཀྱིལ་འཁོར་རྒྱ་མཚོའི་གཙོ་ཁྱོད་ཀྱིས། །བདག་ཅག་བླ་མའི་དཀྱིལ་འཁོར་དུ། །རྣམ་པ་ཉི་ཤུས་བྱང་ཆུབ་པའི། །བྱིན་རླབས་དབང་བཞི་བསྐུར་དུ་གསོལ། །ཅེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ཕྱག་ན་རྣམ་པར་རྒྱལ་བའི་བུམ་པ་གུ་རུ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུས་གང་བ་ཐོགས་ཏེ་གནས་བཞིར་བཞག་པས་བུམ་པ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནང་སྣོད་བཅུད་ལྷུན་གྱིས་གྲུབ༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ སྣ་ཚོགས་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་


JKT012_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་རྣམ་དག་དབྱིངས་སུ་འཁྲུད༔ ཉོན་མོངས་དུག་ལྔའི་བག་ཆགས་སྦྱངས༔ བུམ་གསང་ཤེས་རབ་ཡེ་ཤེས་ཀྱི༔ དབང་བཞི་མ་ལུས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ་བརྗོད་ཅིང་། སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་བཞག་མཐར་བུམ་ཆུ་སྦྱིན། དེ་ལྟར་བུམ་པ་སྤྱི་བོར་བཞག་པ་བུམ་དབང་། །མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་པ་ཤེར་དབང་། ལྟེ་བར་བཞག་ཅིང་ཚིག་གི་སྒོ་ནས་བརྡ་དོན་ངོ་སྤྲད་པ་དབང་བཞི་པ་སྟེ། མདོར་ན་བུམ་པ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་ཡིན་ནོ། །སྣོད་པདྨ་བྷཉྫར་བཅུད་ཆོས་སྨན་སྦྱར་བྱའི་བདུད་རྩི་དང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཀུན་བྱང་ཆུབ་ཀྱི་སེམས་རོ་གཅིག་ཏུ་སྦྱར་བ་གནས་བཞིར་བཞག་ཅིང་སྦྱིན་ཏེ་བྷནྡྷའི་བདུད་རྩི་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང་༔ འཆི་མེད་བདུད་རྩིའི་ཆང་གིས་རབ་ཏུ་བཀང་༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་བསྐྱེད༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་


JKT012_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཐོད་ཕྲེང་རྩལ་ཀྱི་སྔགས་དང་བཅས་ཏེ་གནས་བཞིར་གཞག་ཅིང་བདུད་རྩི་སྦྱིན། དེ་ལྟར་བྷནྡྷའི་བདུད་རྩི་གནས་བཞིར་བཞག་ཅིང་བརྡ་དོན་ངོ་སྤྲོད་པས། བྷནྡཱ་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། །རྟེན་སིནྡྷ་རའི་མེ་ལོང་དང་བརྟེན་པ་ལྷ་ཉིད་སྔགས་ཀྱི་གཟུགས་སུ་ཤར་བ་དང་བཅས་པ་གནས་བཞིར་བཞག་པས་སིནྡྷུ་རའི་མཎྜལ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱུྃ༔མི་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས༔ གཟུགས་བརྙན་གསལ་ལ་ངོས་གཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགགས་པ༔ གཟུང་འཛིན་མཚན་མའི་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་ཤརཿ གསལ་སྟོང་མ་འགགས་དབྱིངས་ནས་གསལ་འགྲིབ་མེདཿ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཐོད་ཕྲེང་རྩལ་བརྗོད་ཅིང་མེ་ལོང་གནས་བཞིར་བཞག་ལ་སིནྡྷུ་རས་ཐིག་ལེ་བྱ། དེ་ལྟར་སིནྡྷ་རའི་མེ་ལོང་གནས་བཞིར་བཞག་ཅིང་ཐིག་ལེ་བཀོད་པ་དང་བརྡ་དོན་ངོ་སྤྲད་པས་མེ་ལོང་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། །གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་


JKT012_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་བྱིན་ཐིབས་སེ་མངོན་སུམ་དུ་བཞུགས་པ་གནས་བཞིར་བཞག་པས་གཏོར་མ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཧཱི གཏོར་སྣོད་བྷནྡྷའི་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལཿ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང་༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཐོད་ཕྲེང་རྩལ་གྱི་སྔགས་བཟླ་བཞིན་གནས་བཞིར་བཞག་ཅིང་མཐར་གཏོར་ཟན་ཁམ་གཅིག་དངོས་གྲུབ་ཀྱི་བདུད་རྩིར་སྦྱིན། དེ་ལྟར་གཏོར་མ་རིན་ཆེན་འབར་བ་གནས་བཞིར་བཞག་ཅིང་དམ་རྫས་དངོས་གྲུབ་ཀྱི་ཚུལ་དུ་སྦྱིན་པ་དང་བརྡ་དོན་ངོ་སྤྲད་པས་གཏོར་མ་ཟླུམ་པོ་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། །དབང་དོན་གྱི་ཡེ་ཤེས་བརྟན་པར་བྱ་བའི་སླད་དུ་གུ་རུའི་སྐུ་འབག་འདི་ཉིད་ཡེ་ཤེས་ཀྱི་སྐུར་དངོས་སུ་གསལ་བ་གནས་བཞིར་བཞག་པས་རིག་འཛིན་བླ་མའི་སྣང་བརྙན་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བའི་མོས་པ་མཛོད། ཨཱཿ ཆོས་སྐུ་སྐྱེ་


JKT012_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་གསལ་ལ་མོ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་སེམས་ཅན་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེ་པདྨ་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཀྱང་སློབ་མའི་སྟངས་བཟུང་ཞིང་༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག༔ ཐོད་ཕྲེང་རྩལ་བཟླ་ཞིང་སྐུ་འབག་གནས་བཞིར་གཞག །དེ་ལྟར་སྐུ་འབག་གནས་བཞིར་བཞག་ཅིང་བརྡ་དོན་ངོ་སྤྲད་པས། གུ་རུ་རིན་པོ་ཆེའི་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པར་ཐོབ་པ་ཡིན་ནོ། །དེ་ནས་མཐའ་རྟེན་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པ་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཙཀྲི་སོ་སོར་ཐོགས་ལ། ཧཱུྃ། སྣང་བ་མཐའ་ཡས་སྤྲུལ་པའི་སྐུ། །འཁོར་འདས་ཀུན་ལ་དབང་བསྒྱུར་བ། །སློབ་དཔོན་པདྨ་ཐོད་ཕྲེང་གི །དབང་བསྐུར་བྱིན་རླབས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །རིག་འཛིན་པདྨ་འབྱུང་གནས་ཀྱི། །དབང་བསྐུར་བྱིན་རླབས་སྩལ་དུ་


JKT012_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས། །དགེ་སློང་པདྨ་སཾ་བྷ་ཝའི། །དབང་བསྐུར་བྱིན་རླབས་སྩལ་དུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་ཨ༔ ཧཱུྃ། རཱ་ག་ར་ཏིའི་གནས་མཆོག་ཏུ། །ཐམས་ཅད་མཁྱེན་པའི་དངོས་གྲུབཟ །མཁས་པ་བློ་ལྡན་མཆོག་སྲེད་ཀྱི། །དབང་བསྐུར༴ ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲཛྙཱ་ཨ༴ ཧཱུྃ། དགའ་བ་ཚལ་གྱི་དུར་ཁྲོད་དུ། །ཁམས་གསུམ་དབང་སྡུད་དངོས་གྲུབ༴ ཟིལ་གནོན་པདྨ་རྒྱལ་པོ་ཡི། །དབང་བསྐུར །ཨོ་བཛྲ་གུ་རུ་པདྨ་རཱ་ཛ་ཨ༴ ཧཱུྃ། སོ་ས་གླིང་གི་དུར་ཁྲོད་དུ། །འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས། །རྣལ་འབྱོར་ཉི་མ་འོད་ཟེར་གྱི། །དབང་བསྐུར= །ཨོ་བཛྲ་གུ་རུ་སཱུརྱ་སརྦ་དྷ་རྨ་ཨ༴ ཧཱུྃ། ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ། །བདུད་འདུལ་དྲག་པོའི༴ །བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །དབང་བསྐུར༴ ཨོཾ་བཛྲ་གུ་རུ་ཤཱཀྱ་སིདྷ་ཨ༴ ཧཱུྃ། མ་ག་དྷ་ཡི་གྲོང་ཁྱེར་དུ། །མུ་སྟེགས་འདུལ་བའི་དངོས༴ གཏུམ་ཆེན་སེང་གེ་སྒྲ་སྒྲོག་གི །དབང་བསྐུར༴ ཨོཾ་བཛྲ་གུ་རུ་སིདྷ་གནྡྷེ་དྷརྨ་དྷཱ་ཏུ་ཨ༴ ཧཱུྃ། སྟག་ཚང་སེང་གེ་བསམ་འགྲུབ་ཏུ། །དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས། །འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱི། །དབང་བསྐུར་བྱིན་རླབས་སྩལ་


JKT012_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཨབྷི་ཥིཉྩཧཱུྃ། དེ་ལྟར་བླ་མ་རྡོ་རྗེ་འཆང་གཙོ་འཁོར་དགུ་པོ་ཁྱེད་རང་རྣམས་ལ་ཐིམ་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་གྱུར་པ་ནི། སྐུ་མདོག་དམར་སྨུག་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བྱིན་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་བུ་འཛིན་ཅིང་ཁྲོ་བོ་འཆོལ་པའི་ཆ་ལུགས་ཀྱིས་སྟག་ཆེན་གྲུས་མའི་སྟེང་ན་འགྱིང་བའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་གང་བར་གསལ་བ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར་པའི་མོས་པ་དང་བཅས་ཏེ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་པའི་མོས་པ་མཛོད། །ཅེས་བརྡ་སྦྱར་ལ། ཤིས་བརྗོད་རྒྱས་བསྡུས་གང་རིགས་དང་བཅས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྦྱར། མཇུག་དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་མཆོད་ནས་བརྩམས་ཏེ་ཤིས་བརྗོད་ཀྱི་བར་ལས་གཞུང་བཞིན་བྱའོ།། །།རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །དགྱེས་པའི་འཇུག་ངོགས་ལས་འོངས་སྨིན་བྱེད་ཀྱི། །


JKT012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །འཆི་མེད་སྐུ་བཞིའི་ལང་ཚོ་རྒྱས་གྱུར་ཅིག། །།ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་ཀྱིས་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ཀྱི་རྡོ་རྗེའི་གསུང་ཇི་ལྟ་བ་ལ་མཚམས་སྦྱོར་བཀླགས་ཆོག་ཏུ་བཀོད་པ་སརྦ་དཱ་སུ་ཤྲཱི་ཡོ་བྷ་བནྟུ།། །།


previousཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་པདྨ་དགྱེས་པའི་འཇུག་ངོགས།next