Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
དཔལ་ཆེན་པོའི་ཐུགས་ཕྱུང་བ་ཡང་དག་ཐིག་ལེ་གཅིག་མའི་ཉམས་ལེན་རྒྱུན་ཁྱེར་མཆོག་གི་མྱུར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་པོའི་ཐུགས་ཕྱུང་བ་ཡང་དག་ཐིག་ལེ་གཅིག་མའི་ཉམས་ལེན་རྒྱུན་ཁྱེར་མཆོག་གི་མྱུར་ལམ།next

དཔལ་ཆེན་པོའི་ཐུགས་ཕྱུང་བ་ཡང་དག་ཐིག་ལེ་གཅིག་མའི་ཉམས་ལེན་རྒྱུན་ཁྱེར་མཆོག་གི་མྱུར་ལམ།


JKT014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཆེན་པོའི་ཐུགས་ཕྱུང་བ་ཡང་དག་ཐིག་ལེ་གཅིག་མའི་ཉམས་ལེན་རྒྱུན་ཁྱེར་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། དེ་ལ་སྤྲུལ་པའི་སྐུ་དཔལ་དགའ་རབ་རྡོ་རྗེས་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ལ་རྗེས་སུ་གདམས་པའི་ལམ་ཁྱད་པར་ཅན། ཡང་དག་ཐིག་ལེ་གཅིག་མའི་རྒྱུན་གྱི་རྣལ་འབྱོར་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ་གཉིས། ཉིན་མོ་དང་། མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཀྱི་རྒྱུན་བཤགས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྟོང་གསལ་ནམ་མཁའི་ངང་ཉིད་ལས༔ སྟོང་ཉིད་རྣམ་དག་འོད་ལྔའི་དབུསཿ རྡོ་རྗེའི་རྭ་


JKT014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གུར་མེ་ཕུང་ཀློང་༔ རང་ཉིད་བཅོམ་ལྡན་རྡོ་རྗེ་སེམས༔ ཞི་བའི་ཆ་ལུགས་སྐུ་མདོག་དཀརཿ པ་ཏིའི་རྒྱན་གྱིས་རབ་ཏུ་མཛེས༔ རིན་ཆེན་དོ་ཤལ་སེ་མོ་དོ༔ དཔུང་རྒྱན་རྣ་ཆ་མགུར་ཆུ་དང་༔ གདུ་བུ་དག་གི་རྒྱན་གྱིས་སྤྲས༔ སྤྱན་གསུམ་ཞལ་བགྲད་འཛུམ་མདངས་ལྡན༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན༔ ཆུ་སྐྱེས་དཀར་པོའི་གདན་སྟེང་དུ༔ སེམས་དཔའི་སྐྱིལ་ཀྲུང་ཚུལ་དུ་བཞུགསཿ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཀློང་༔ སྣང་དང་སྟོང་པ་དབྱེར་མེད་གྱུར༔ ཅེས་གསལ་བཏབ་ཅིང་། གཞུང་ལས། ཐུན་གཅིག་ལྷ་ལ་སེམས་གཏད་བསྒོམ༔ ཞེས་གསུངས་པ་ལྟར་རང་ཉིད་ལྷ་སྐུ་སྣང་སྟོང་ཟུང་འཇུག་ཆུ་ཟླའི་གཟུགས་བརྙན་ལྟ་བུ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་སེམས་གཟུང་། གསལ་སྣང་ཐོན་པ་ན་དེ་ལས་འོད་ཟེར་འཕྲོས་པས་སྣང་བ་ཐམས་ཅད་ལྷ་སྐུར་ལམ་གྱིས་འཆར་བར་བསམས་ལ་ཐ་མལ་གྱི་ཞེན་པ་སྦྱང་། དེས་སྐྱོ་ན། ཐུན་གཅིག་གསང་སྔགས་བཟླ་བར་བྱ༔ ཞེས་དང་། ཞི་བར་བསྒོམས་ཀྱང་དྲག་པོར་བཟླས༔ ཞེས་པའི་དོན་ཉམས་སུ་བླང་བ་ནི། ཐུགས་ཀྱི་གེ་སར་དབུས་ཉིད་དུ༔ ཉི་ཟླའི་གའུ་ཁ་སྦྱོར་བསམ༔ འོད་ཀྱི་གའུའི་ནང་དག་ཏུ༔ མི་ཤིགས་བཅུད་ཀྱི་ཐིག་ལེ་ནི༔ སྟོང་ཉིད་རང་བྱང་ཧེ་རུ་ཀ༔ སྒྱུ་མ་འོད་ཀྱི་གཟུགས་བརྙན་ཏེ༔ ཚོན་གང་འོད་ཀྱི་ཀློང་ན་བཞུགས༔ ཁ་དོག་མ་འདྲེས་སོ་སོར་གསལ༔ ཐུགས་ཀར་རྡོ་རྗེ་ནས་འབྲུ་ཙམ༔ རུ་ལུ་ལྗང་དམར་བཀླག་ཕྱོགས་བསྐོར༔ ཤིན་ཏུ་ཕྲ་ཞིང་ཟབ་པར་བརྟག༔ གསེར་གྱི་བ་ཐག་གཟེངས་པ་


JKT014_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན༔ ཕར་འཕྲོས་པས་ནི་རུ་ལུར་གྱུར༔ ཚུར་འདུས་པས་ནི་དཔལ་ཆེན་པོ༔ སྣང་བ་སྐུ་ལ་གྲགས་པ་གསུང་༔ དྲན་རྟོག་ཐུགས་སུ་བྱིན་བརླབས་གྱུར༔ ཅེས་བསྒོམ་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅི་ནུས་སུ་བཟླ་ཞིང་བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་འཆར་བ་ལ་བསླབས་རྗེས་རྡོ་རྗེའི་བཟླས་པ་ནི། གཞུང་ལས། ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཅེས་པས་རླུང་ནང་དུ་འཇུག་པ་ཨོཾ། གནས་པ་རུ་ལུ་རུ་ལུ། ལྡང་བ་ཧཱུྃ་བྷྱོ་ཧཱུྃ་གི་གདངས་སུ་ཤེས་པས་རླུང་སྔགས་དབྱེར་མེད་པའི་བཟླས་པ་ལ་སེམས་འཛིན། མཐར་རྫོགས་པའི་རིམ་པ་ནི། ཐུན་གཅིག་མངོན་སུམ་གནད་ལ་འབད༔ ཅེས་པའི་དོན་ཉམས་སུ་བླང་པ་ནི། མ་བཅོས་རིག་པ་ཀུན་ཏུ་བཟང་༔ བཞེངས་གྲོལ་མེད་པའི་ནམ་མཁའ་ལ༔ རྒྱ་ཆད་མེད་པར་ཁྱབ་གདལ་ལོ༔ ཡུལ་མེད་ཤེས་པ་སོ་མ་ལ༔ མ་ཡེངས་དྲན་པའི་འཛིན་ཕུར་གདབ༔ དབྱིངས་རིག་ཐིག་ལེ་མངོན་སུམ་ལ༔ ལྷན་ནེ་རྗེན་ནེ་ཧྲིག་གེ་བལྟ༔ སངས་རྒྱས་དགོངས་པ་འདུས་པའི་དོནུ༔ འདི་ལས་མི་འདའ་ཨེ་མ་ཧོ༔ ཞེས་གསུངས་པ་ལྟར་མཉམ་པར་གཞག །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱ་ཞིང་ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་སུ་ལམ་དུ་ཁྱེར་རོ།། །།གཉིས་པ་ནི། མཚན་མོའི་དུས་སུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ཉམས་སུ་བླང་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྟོང་གསལ་


JKT014_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ངང་ཉིད་ལས༔ སྟོང་ཉིད་རྣམ་དག་འོད་ལྔའི་དབུས༔ རྡོ་རྗེའི་ས་གཞི་རྭ་གུར་མེ༔ དུར་ཁྲོད་ཆེན་པོའི་ཕོ་བྲང་དབུས༔ རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཁྲོལ༔ ཞིང་གི་ཆོས་གོས་ལེགས་བསྣམ་ཤིང་༔ བདེ་ཆེན་རུས་པའི་རྒྱན་གྱིས་མཛེས༔ དཔའ་བོ་སྟག་གི་ཤམ་ཐབས་དཀྲིས༔ ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་གར་བྱེད་ཚུལ་དུ་བཞུགས༔ ཡེ་ཤེས་ལྔ་ལྡན་མེ་ཕུང་དབུས༔ ཕུབ་ལྟར་འཁྱིལ་ཞིང་མདའ་ལྟར་འཕྲོ༔ དུར་ཁྲོད་བརྒྱད་ཀྱི་མ་མོས་བསྐོར༔ རུ་ལུའི་གད་རྒྱངས་ཕྱོགས་བཅུར་སྒྲོགསཿ ཟག་མེད་བདེ་བའི་རང་གསལ་ཆགས༔ སྣང་བཞིན་སྟོང་པ་ཆུ་ཟླ་འདྲ༔ བརྗོད་ཅིང་སྟོང་པ་བྲག་ཅ་འདྲ༔ གསལ་ཞིང་སྟོང་པ་འཇའ་ཚོན་འདྲ༔ མེད་བཞིན་སྟོང་པ་ནམ་མཁའ་འདྲ༔ མྱོང་བཞིན་སྟོང་པ་རྨི་ལམ་འདྲ༔ སྣང་སྟོང་ཟུང་འཇུག་ཆེན་པོར་གྱུར༔ ཅེས་གསལ་བཏབ་ཅིང་ཐུན་གཅིག་ལྷར་སྣང་ལ་སེམས་གཟུང་། ཐུགས་ཀྱི་གེ་སར་དབུས་ཉིད་དུ༔ ཞེས་སོགས་ཛཔ་དགོངས་གོང་ལྟར་གསལ་བས་ཐུན་གཅིག་ངག་བཟླས་དང་། ཐུན་གཅིག་ཡིད་བཟླས་མཐར་དབྱིངས་རིག་ཟུང་འཇུག་མངོན་སུམ་གྱི་གནད་ལ་གཟིར། དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་རྒྱས་བཏབ་སྟེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །འདིའི་སྒོ་ནས་ཉམས་ཆག་སྐོང་བའི་མན་ངག་ནི། །


JKT014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། རྣལ་འབྱོར་ནད་ཀྱིས་ཉེན་པའམ༔ ཉམས་ཆག་ཆེན་པོ་བྱུང་བའི་ཚེ༔ ཞུན་ཆེན་མར་མེ་འབྱོར་ཚད་བཤམ༔ ག་ཎའི་འབྱོར་ཚོགས་ཅི་ཡོད་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ རྡོ་རྗེ་གཟུངས་མ་ལ་ཡང་འབུལ༔ རྩ་བའི་རྡོ་རྗེ་སློབ་དཔོན་དང་༔ དམ་ཚིག་རྩ་བ་སྤུན་གྲོགས་ལ། ན་རག་གདོན་ཅིང་བརྐྱང་ཕྱག་འཚལ༔ དུས་དྲུག་རུ་ལུའི་མཆོད་པ་འབུལ༔ ཞེས་པའི་དོན་མདོར་བསྡུས་པ་ནི། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོར་མདུན་དུ་དམ་ཚིག་གི་བྲིས་སྐུས་གཙོས་རྟེན་གསུམ་བྱིན་རླབས་ཅན་གྱི་སྤྱན་སྔར་སྨན་གཏོར་རཀྟ་དང་མར་མེ་གཙོ་བོར་གྱུར་པའི་མཆོད་པ་ཅི་འབྱོར་བཤམ། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས། མཆོད་རྫས་བྱིན་རླབས་སྤྱི་ལྟར་བྱས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཉམས་ཆག་བཤགས་པའི་ཡུལ་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཨོཾ། ཡེ་ཤེས་སྐུ་མཆོག་སོགས་ཀྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་ཤིང་སྙན་གསན་ཕབ་ནས། ཞི་ཁྲོ་དང་། བཀའ་བརྒྱད་གསང་རྫོགས་སོགས་བཀའ་གཏེར་གྱི་གཞུང་གང་རུང་ལས་འབྱུང་བའི་ན་རཀ་བཤགས་སྐོང་གི་ཆོས་དང་། ཚོགས་ཀྱི་མཆོད་པའང་བྱས་ལ་རུ་ལུའི་ཛཔྲ་དབྱངས་བླང་། ཐུན་མཐར་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། དེ་ལྟ་བུ་ཉིན་མཚན་དུས་དྲུག་ཏུ་འབད་བས། མཁའ་འགྲོ་སྤྲིན་བཞིན་འདུ་བར་འགྱུར༔ ཕྱི་ནང་བར་ཆད་བསལ་བ་དང་༔ ཉམས་ཆག་ཐམས་ཅད་སྐོང་བར་འགྱུར༔ རྣལ་འབྱོར་འཆི་བ་བསླུ་བ་དང་༔ གཡུང་དྲུང་ཚེ་ཡི་དངོས་གྲུབ་འབྱུང་༔ ཞེས་གསུངས་པས་མཚོན་ཏེ་ཕན་ཡོན་བསམ་


JKT014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པར་ཤེས་པར་བྱའོ། །ཞེས་པའང་པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ཡང་དག་ཐིག་ལེ་གཅིག་པའི་གཞུང་རྡོ་རྗེའི་ཚིག་རྐང་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་བ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་སཏཱ་མ་ཧཱ་སུ་ཁ་ཛྙཱ་ན་སྱ་ཀཱ་ཡ་སིདྡྷི་ཀུ་རུ། །དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོམ་བཟླས་རྒྱུན་ཁྱེར་ཞི་བྱེད་བདུད་རྩིའི་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨུ་ཙཏྨ་ཀྲོ་དྷ་ཡ། དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོམ་བཟླས་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ཞེས་སྐྱབས་སེམས་ལན་གསུམ་རྗེས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོཉ་ཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས། སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམསཿ ཐུགས་ཀར་པད་ཉིར་ས་བོན་མཐར༔ བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚྭ་ཚྭ་འཁྲུགས་ཤིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེགས་གྱུར༔ ཅེས་གསལ་བཏབ་ལ། བཟླ་བྱའི་སྔགས་ནི། ༀ་ཨི་ས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་


JKT014_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱཿ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ས་ནི་བི་ས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུརྐི་བི་མ་ལེ་ཨུཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་རྒྱུན་གྱི་རྣལ་འབྱོར་ལ་བརྒྱ་རྩ་སོགས་སྨྲ་བ་བཅད་ལ་བཟླ། བསྙེན་པ་བྱེད་ན་ཁྲི་ཕྲག་གཅིག་གམ། གྲུབ་ན་ཁྲི་ཕྲག་བཞི་བཟླའོ། །ཐུན་ལས་ལྡང་བ་ནཾ། དགེ་བ་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། ཞེས་སོགས་བསྔོ་སྨོན་བྱའོ། །གྲིབ་སེལ་གྱི་སྔགས་ཆུ་བྱ་བར་འདོད་ན། སྒོམ་བཟླས་སྔོན་དུ་འགྲོ་བས་སྔགས་བཟླས་པའི་སྔགས་མཆིལ་མེར་འབར་བའི་ཞུན་མེ་སྔགས་ཆུ་ལ་ཐིམ་པས་ཁོལ་ཞིང་ནུས་པ་དང་ལྡན་པར་བསམས་ལ་བཟླས་པའི་སྔགས་མཆིལ་གྱིས་བཏབ་པས་རང་གཞན་གྱིས་བཏུང་བ་དང་བཀྲུ་བ་སོགས་བགྱིས་ན་གྲིབ་དང་མི་གཙང་བ་སེལ་ཞིང་། དེ་བཞིན་དུ། གནས་ཆེན་རྣམས་སུ་སྐྱེས་པའི་ཤུག་པ་སོགས་བསངས་ཤིང་དང་། སྤོས་དཀར། ཤུ་དག་དཀར་པོ། མཁན་དཀར་རྣམས་ལ་སྔགས་བཏབས་བདུགས་པས་ཀྱང་གྲིབ་སེལ་མཆོག་ཏུ་འགྱུར་བར་མན་ངག་གི་གཞུང་གཞན་ལས་གསུངས་སོ། །ཡང་བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་དང་། བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་འདི་མེད་ན༔ སྡེ་འཁྲུགས་བྱས་སམ་དམ་ཉམས་མི་གཙང་གནས༔ ཚེ་སྲོག་ཉམས་དང་ས་ལམ་ཀུན་ལ་སྒྲིབ༔ གྲིབ་སེལ་ཀུན་མཆོག་རང་ཉིད་ཡི་དམ་ལྷ༔ ཞེས་སོགས་


JKT014_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ཉམས་སུ་ལེན་ན། རང་རྩ་བའི་ཡི་དམ་གང་ཡང་རུང་བའི་ང་རྒྱལ་བརྟན་པོས་ཉམས་སུ་བླངས་ནའང་རུང་མོད། འདིར་སྨེ་བརྩེགས་ཀྱི་བདག་བསྐྱེད་དང་འབྲེལ་བར་བྱེད་ན་སྒོམ་བཟླས་སྔོན་དུ་འགྲོ་བས། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི༔ འོད་ཟེར་སྣ་ལས་ཡེ་ཤེས་མེ་བྱུང་བས༔ ཉམས་གྲིབ་མི་གཙང་ཐམས་ཅད་ཐུལ་གྱིས་བསྲེགས༔ ཨོ་ལས་རྣམ་སྣང་གཞལ་ཡས་ཁང་དུ་གྱུར༔ ཨལས་སྣང་བ་མཐའ་ཡས་པད་ཉིའི་སྟེང་༔ ཧཱུྃ་ལས་བསྐྱེད་རིམ་ཡོངས་གྲུབ་སྙིང་པོ་བཟླས༔ ཞེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཞེས་ཅི་ནུས་བཟླས་མཐར་བསྔོ་སྨོན་བྱའོ། །ཞེས་པའང་འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་ལས་བྱོན་པའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་འདིའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


previousདཔལ་ཆེན་པོའི་ཐུགས་ཕྱུང་བ་ཡང་དག་ཐིག་ལེ་གཅིག་མའི་ཉམས་ལེན་རྒྱུན་ཁྱེར་མཆོག་གི་མྱུར་ལམ།next