Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དང་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཡེ་ཤེས་རྒྱས་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དང་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཡེ་ཤེས་རྒྱས་བྱེད།next

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དང་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཡེ་ཤེས་རྒྱས་བྱེད།


JKT014_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དང་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཡེ་ཤེས་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །གུ་རུཉྩ་སྭ་ར་སྭ་སྟེ་བྷེ་དཾ་ན་མཱ་མི། རྡོ་རྗེ་དབྱངས་ཅན་མའི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཟབ་མོ་ལ་བརྟེན་ནས་སྤོབས་པའི་གཏེར་མཛོད་ཡོངས་སུ་གྲོལ་བར་དོན་དུ་གཉེར་པའི་གང་ཟག་གིས། ཐོ་རངས་སོགས་དུས་དགེ་བའི་རྒྱུར་སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷ་ཝ་སོགས། བདག་ཏུ་འཛིན་པར་བྱེད་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཀུན་གཞིའི་རྒྱ་མཚོ་


JKT014_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཀློང་ཡངས་པའི་དབུས་སུ། པྃ་ལས་ཆུ་སྐྱེས་དཀར་པོ་འདབ་མ་བརྒྱད་པ་སེམས་བྱུང་གི་སྡོང་བུ་དང་ཡལ་གས་རྣམ་པར་མཛེས་པའི་དབུས་སུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་རྣམ་པ་ཅན་དང་། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་གཟུགས་ཧཱུྃ་དཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་མ་རིག་པའི་སྒྲིབ་གཉིས་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་དབྱངས་ཅན་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཐུགས་རྗེའི་སྤྱན་གསུམ་དང་ལྡན་ཞིང་། ཤིན་ཏུ་འཛུམ་ཞིང་སྒེག་པའི་ཉམས་དང་ལྡན་པ། ཕྱག་གཡས་པདྨ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་ཅིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་པུསྟ་ཀསྦྱིན་ཐབས་སུ་བསྣམས་པ། དབུ་སྐྲ་ཕྱེད་ཆིངས་ཀྱི་ཟུར་ཕུད་གསུམ་པ་ཅན། རིན་པོ་ཆེ་དང་མེ་ཏོག་དུ་མས་མཛེས་པར་བརྒྱན་ཅིང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། གདུ་བུ། སྐ་རགས། ལྷའི་གོས་ཀྱི་ལྷབ་ལྷུབ་འཆང་ཞིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལྟར་རང་ཉིད་ལྷར་གསལ་བའི་ངང་ནས། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་


JKT014_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཆ་སྨད་དུ་པད་དཀར་ཟླ་བའི་སྟེང་དུ་ཧཱུྃ་གྱི་མཐར། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷཱ་ནི། ཛྭ་ལ་ཛྭ་ལ་མེདྷཱ་ཝརྡྷཱ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། །ཞེས་པའི་སྔགས་ཕྲེང་གིས་བསྐོར་བའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛས་སྤྱན་དྲང་། ཨོཾ་བཛྲ་སྭ་ར་སྭ་ཏཱི་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཛཿཧཱུྃ་བྃ་ཧོ༔ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་པཉྩ་ཀུ་ལ་མཱ་ཏཱི་ས་པ་རི་ཝཱར་ཨརྒྷཾ་སོགས་གྱིས་མཆོད། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར་ཅེས་བརྗོད་ཅིང་བསམས་ལ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་འཛིན། དེས་སྐྱོ་ན་བཟླས་པ་བྱ་བ་ལ་གསུམ། རྩ་བ། ཁྱད་པར། ལས་སྦྱོར་རོ། །དང་པོ་བདག་བསྐྱེད་རྩ་བའི་བཟླས་པ་ནི།རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་པ་དང་། དཔའ་བོ་རྣལ་འབྱོར་མའི་ཚོགས་དང་།


JKT014_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་གྲུབ་པ་བརྙེས་པ་དང་། ལྷ་དང་དྲང་སྲོང་མངོན་པར་ཤེས་པ་རྣམས་ཀྱི་མཁྱེན་རབ་དང་ནུས་མཐུ་མ་ལུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་འདུས་རང་ལ་ཐིམ་པས་མི་ཤེས་པའི་རབ་རིབ་ཐམས་ཅད་སྦྱངས། བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷཱ་ནི། ཛྭ་ལ་ཛྭ་ལ་མེདྷཱ་ཝརྡྷཱ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཞེས་སྨྲ་བ་བཅད་དེ་བཟླ། ཡང་ཐུགས་སྲོག་ཁོ་ནར་སེམས་བཟུང་ཞིང་འོད་ཟེར་སྤྲོ་བསྡུ་དང་བཅས་ཧཱུྃ་འབའ་ཞིག་བཟླ་སྟེ། བསྙེན་ཚད་ནི་རྩ་སྔགས་འབུམ་ཕྲག་ཕྱེད་གཉིས་ལས་མི་ཉུངས་དང་། ཡི་གེ་གཅིག་པ་འབུམ་ཚོ་བདུན་ལས་མི་ཉུང་བར་བཟླའོ། །དེ་ལྟར་འབད་པས་རྒྱལ་བའི་གསུང་རབ་མཐའ་དག་ལ་བློ་གྲོས་ཀྱི་སྤོབས་པ་ཐོགས་མེད་དུ་འཇུག་པར་འགྱུར་བར་གསུངས་སོ། །གཉིས་པ་ཁྱད་པར་ཤེས་རབ་བློ་འཕེལ་གྱི་བཟླས་པ་ནི། རང་ཉིད་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་ངང་ནས༔ ལྕེ་ཉིད་ཤེས་རབ་ཀྱི་རལ་གྲི་སོ་གཉིས་པ་ནམ་མཁའི་མདོག་ཅན་གྱི་དབུས་སུ་དྷིམྨཡིག་དམར་པོ་འོད་ཟེར་ཀུན་ནས་འཕྲོ་བ༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་བརྩེ་འོད་ཟེར་རྣམ་པ་ལྔའི་ཚུལ་གྱིས་བཀུག་ཅིང་ཐིམ༔ དེ་དང་ལྷན་ཅིག་ཏུ་མགྲིན་པར་སྒྲ་བརྙན་སྔོན་པོའི་དབུས་སུ་ཧཱུཾ་ཡིག་གིས་མཚན་པའི་རྒྱུད་བཞི་ཐབས་ཤེས་ཀྱིས་རྒྱལ་བ་རྣམས་


JKT014_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྐུལ་ནས་ངག་གི་དངོས་གྲུབ་ཆར་བཞིན་དུ་བབས་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། དྷཱིཿཧྲཱིཾ་ཞེས་པའི་སྔགས་རྩེ་གཅིག་ཏུ་བཟླའོ། །གསུམ་པ་ལས་སྦྱོར་ནི། གོང་གི་རྩ་སྔགས་ལན་བདུན་རྩ་བས་ཁྱོར་བ་གང་ངམ། མ་རྙེད་ན་ཆུ་གཙང་མ་ལ་བཏབ་སྟེ་ཉི་མ་ཤར་བའི་ཚེ་བཏུང་བ་ཟླ་བ་དྲུག་ཏུ་བྱ་བ་དང་། སྔ་དྲོའི་ཚེ་རྟག་པར། ཏདྱ་ཐཱ། ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ་ཞེས་ཆུ་གཙང་མ་ལ་བཏབ་སྟེ་གདོང་འཁྲུ་ཞིང་སྔགས་ལན་བཅུ་བདུན་བཟླས་ཏེ་བཏུངས་ན། ཉི་མ་གཅིག་བཞིན་དུ་ཚིགས་བཅད་དུ་མ་འཛིན་པར་ནུས་པ་གདོན་མི་ཟའོ། །འདི་ཉམས་སུ་བླང་བའི་སྐབས་སུ་གོས་རྙིང་དང་བུད་མེད་གྲིབ་ཅན་སྤང་ཞིང་། བུད་མེད་ཀྱིས་ཀྱང་སྐྱེས་པ་གྲིབ་ཅན་སྤང་བར་གསུངས་སོ། །ཐུན་ལས་ལྡང་བ་ན། ཨོཾ་སྭར་སྭ་ཏི་ཨརྒྷཾ་སོགས་གྱིས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་འོངས་ཤིང་། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བའི། །རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རང་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་སྤྲུལ་དབྱངས་ཅན་རིག་པའི་ལྷ། །ཡེ་ཤེས་ལྷ་མོ་འཁོར་དང་བཅས་པ་ཡིས། །དོན་དམ་ཆོས་ཉིད་མི་འཇིགས་བློ་གྲོས་སྩོལ། །སྟོན་ཟླ་ལྟར་དཀར་ཡིད་འཕྲོག་ལྷ་མོ་ཡི། །རབ་དཀར་མཁྱེན་པའི་འོད་ཟེར་སྟོང་ལྡན་གྱིས། །བདག་གི་བློ་གྲོས་ཀུ་མུད་ཁ་ཕྱེས་ལ། །དྲི་བྲལ་ཤེས་བྱའི་འདབ་མ་རྒྱས་པར་མཛོད། །ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། དགེ་བ་འདི་ཡིས་


JKT014_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི། གསུང་གི་རྡོ་རྗེ་པདྨ་སཾ་བྷ་ཝས། དམིགས་པ་འདི་དང་རིག་སྔགས་འདི་གཉིས་ཀྱིས་བླུན་པོ་བ་ལང་རྫི་ཡང་མཁས་པ་པཎྜི་ཏར་འགྱུར་ན༔ བློ་དང་ལྡན་པ་རྣམས་གྱིས་ཚུལ་བཞིན་དུ་བསྒྲུབས་ན་འདོད་པའི་འབྲས་བུ་འབྱུང་བ་ལྟ་ཅི་སྨོས༔ མཚོ་རྒྱལ༔ སངས་རྒྱས་ཀུན་གྱིས་འགྲོ་བ་རྣམས་ནམ་ཡང་བསླུ་བར་མི་འགྱུར་པས་ཐེ་ཚོམ་སྤོངས་ལ་དེ་ལྟར་ཉམས་སུ་ལོངས་ཤིག་གསུངས་སོ༔ ཞེས་བཀའ་སྩལ་པ་ལྟར་རོ། །འདི་དང་འབྲེལ་བར་དབྱངས་ཅན་གྱི་རིལ་བུ་བསྒྲུབ་པར་འདོད་ན། ཨ་རུ་ར་གསེར་༡མདོག བ་རུ་ར༢། སྐྱུ་རུ་༣ར། སྒྲོན་ཤིང་༤། གོ་སྙོད་ཀྱི་འབྲས་༥བུ། དུག་མོ་ཉུང་གི་འབྲས་༦བུ། ལུག་རུ་༧དཀར། དམརར། སེར་༩གསུམ། སྤང་རྒྱན་༡༠དཀར་པོ་སྟེ་རྫས་སྣ་བཅུ་འམ། པི་པི་ལིང་དང་། ཤིང་མངར་ཏེ་བཅུ་གཉིས་པོ་མཉམ་པར་སྦྱར་ལ་ཞིབ་བཏགས་དར་ཚགས་ལ་དྲང་། ཀ་ར། སྦྲང་རྩིའི་དྭང་མ། བུ་དམར་མོའི་འོ་མ་བཅས་ཀྱིས་རིལ་བུ་སྲན་སྤོས་ཙམ་དུ་བྱ། རིལ་ཆགས་འཐེམ་ཞིང་གཤེར་བག་མེད་པ་རིན་པོ་ཆེའི་སྣོད་དུ་བླུགས་པ་སྟེགས་བུའི་དབུས་སུ་གཞག །མཆོད་པ་བཤམ། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་སོང་ནས། རིལ་བུ་བསང་སྦྱང་། རིལ་བུ་མི་དམིགས་ཏེ་སྟོང་པའི་ངང་ལས་བདུད་རྩིའི་རྒྱ་མཚོ་དྭངས་ཞིང་འཁྱིལ་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་སྡོང་བུ་དང་བཅས་པའི་རྩེར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རིལ་བུ་ཧཱུྃ་དཀར་པོར་གསལ་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་


JKT014_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་རིག་པའི་སྒྲིབ་གཉིས་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དབྱངས་ཅན་སོགས་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར་ཅེས་པའི་བར་གོང་ལྟར་གསལ་གདབ། མཆོད་པ་བྱིན་རླབས་སྤྱི་ལྟར་རམ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཨོཾ་སྭ་ར་སྭ་ཏི་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་བ་ཀུན་གྱི་གསུང་རབ་སོགས་ཀྱིས་བསྟོད། རང་ཉིད་ཆོས་ཀྱི་སྐུ་ལས་སོགས་འདོད་དོན་གསོལ། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་སོགས་ནས། འོད་ཟེར་དཀར་པོའི་རྣམ་པས་ཚུར་འདུས་ཏེ་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་པར་གྱུར་པའི་མོས་པས་སྔགས་གཉིས་ཇི་ཙམ་ནུས་པ་བཟླ། ཐུན་ལས་ལྡང་བ་ན་མཆོད་བསྟོད་དང་། གསོལ་བ་གདབ། ནོངས་པ་བཤགས། མདུན་བསྐྱེད་རིལ་བུ་ལ་བརྟན་བཞུགས་དང་། བསྔོ་སྨོན་བཀྲ་ཤིས་བརྗོད། དེ་ལྟ་བུའི་རིམ་པས་འོད་དང་། དུ་བ་དང་། སྒྲ་སྙན་པར་སྒྲོགས་པ་སོགས་དངོས་ཉམས་རྨི་ལམ་དུ་རྟགས་མཐོང་བའི་བར་དུ་བསྒྲུབ། ཐུན་ཐ་མའི་ནོངས་པ་བཤགས་པའི་རྗེས། དབྱངས་ཅན་མ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པ་སྟེར་བའི་ནུས་བྱིན་དང་ལྡན་པར་གྱུར་པའི་མོས་པ་དང་བཅས་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པས་མེ་ཏོག་གི་ཆར་ཕབས་ཤིས་པ་བརྗོད། བསྔོ་སྨོན་རྒྱ་ཆེར་བྱ། ཚུལ་བཞིན་དུ་བསྒྲུབས་པའི་རིལ་བུ་དེ་ཉིད་རླུང་མི་འཆོར་པའི་སྣོད་བཟང་པོར་ཚགས་བྱ་ཞིང་། ར་བ་བཞི་སོགས་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་ལྟོ་སྟོང་གི་


JKT014_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཁྲུས་བྱས་ལ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རིལ་བུ་ལྷའི་ངོ་བོར་ཤེས་པས་སྔགས་བཟླ་བཞིན་དུ་མིད་དོ། །དེ་ལྟར་བསྟེན་པའི་ཕན་ཡོན་བྱང་། ཞག་བདུན་ཐོས་པས་དགེ་བ་དང་། །ལྐུག་པ་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་ཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟེན་ན་ཚེ་རིང་ཞིང་། །རྒས་པའི་སྐྱོན་གྱིས་གོས་པ་མེད། །ཅེས་གསུངས་སོ། །ཞེས་པའང་འགྲན་ཟླ་དང་བྲལ་བའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏའི་རྣམ་པར་འཕྲུལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་རསྨིའི་ལྗགས་སྒྲིག་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་ཀྱི་སྣང་བ་གསལ་བར་བྱེད་པ་དང་། རྗེ་དེ་ཉིད་ཀྱི་ཟབ་གཏེར་ལས་བྱོན་པའི་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཀྱི་མན་ངག་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཕྱག་གཞེས་ལྟར་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་ས་ཏཱ་ཛྙཱ་ན་སུ་ཏཱི་པ་སྤུཊཾ་བྷཱུ་ཡཱཏྲ།། །།


previousརྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དང་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ཡེ་ཤེས་རྒྱས་བྱེད།next