Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
༈ ཐུགས་སྒྲུབ་གསུམ་དྲིལ་ཡང་གསེར་སྙིང་པོའི་མན་ངག་བཀླགས་ཆོག་ཏུ་བཀོད་པ་དབང་གི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ ཐུགས་སྒྲུབ་གསུམ་དྲིལ་ཡང་གསེར་སྙིང་པོའི་མན་ངག་བཀླགས་ཆོག་ཏུ་བཀོད་པ་དབང་གི་ལྕགས་ཀྱུ།next

༈ ཐུགས་སྒྲུབ་གསུམ་དྲིལ་ཡང་གསེར་སྙིང་པོའི་མན་ངག་བཀླགས་ཆོག་ཏུ་བཀོད་པ་དབང་གི་ལྕགས་ཀྱུ།


JKT014_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུགས་སྒྲུབ་གསུམ་དྲིལ་ཡང་གསེར་སྙིང་པོའི་མན་ངག་བཀླགས་ཆོག་ཏུ་བཀོད་པ་དབང་གི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨདྷི་དེ་བཱ་ཡ། འདིར་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་གྱི་གསང་བ་ཐུགས་སྒྲུབ་གསུམ་དྲིལ་གྱི་སྙིང་པོའི་མན་ངག་རྒྱུན་དུ་ཉམས་སུ་བླང་བའི་ཚུལ་ནི་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས༔ ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་ནག་དུར་ཁྲོད་ཆས་བརྒྱད་ཅན༔ ཕྱག་གཡས་རལ་


JKT014_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གཡོན་པས་སྡིགས་མཛུབ་རྩེརཿ ཡེ་ཤེས་མེ་ཡི་ཚྭ་ཚྭ་རབ་ཏུ་འཕྲོ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་རྣམ་པར་བགྲད༔ ཞབས་གཉིས་རབ་བགྲད་དྲེགས་པ་མ་ལུས་མནན༔ དེ་ཡི་ཐུགས་ཀར་པད་ཉི་ཟླའི་སྟེང་༔ བདག་ཉིད་གསུང་གི་དབང་ཕྱུག་པདྨ་ནི༔ དཀར་དམར་མདངས་ལྡན་ཕྱག་གཡས་རྡོ་རྗེ་འཕྱར༔ གཡོན་པས་བུམ་ཐོད་བདུད་རྩིས་གང་བ་བསྣམས༔ རོལ་པའི་འདུག་སྟངས་འགྱིང་བག་ལྡན་པ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་ལས་སྤྲུལ་ཡང་དག་ཐུགས་རྡོ་རྗེ༔ སྐུ་མདོག་མཐིང་ནག་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཉིས་ཐུགས་ཀར་ཕུར་བུ་བསྒྲིལ་སྟབས་ཚུལ༔ ཞབས་གཉིས་རབ་བགྲད་དུར་ཁྲོད་ཆས་དང་ལྡན༔ ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ནག༔ འོད་ཟེར་སྟེང་འོག་ཕྱོགས་མཚམས་ཀུན་འཕྲོས་པས༔ ཁམས་གསུམ་འཁོར་བ་མ་ལུས་དབང་སྡུད་ཅིང་༔ འགྲོ་བ་དམིགས་པའི་ཡུལ་དུ་གྱུར་པ་ཡི༔ སྙིང་དབུས་ནཱི་སོགས་ས་བོན་ལ་ཕོག་པས༔ ཅུང་ཟད་གཡོ་བའི་ངང་ནས་ཚེ་བསོད་ནམས༔ ལུས་ངག་ཡིད་གསུམ་མ་ལུས་དབང་དུ་བསྡུས༔ རང་ཉིད་ལ་ཐིམ་གཟི་བརྗིད་འོད་དུ་འགྱུར༔ ཅེས་གསལ་བཏབ་ནས། ཨོཾ་ཨཱཧཱུཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་ཡི་དམ་གཤིན་རྗེའི་གཤེད་ཀྱི་བསྙེན་སྔགས་བརྒྱ་རྩ་སོགས་ཇི་ལྟར་རིགས་པའི་མཐར། དབང་དུ་བསྡུ་བྱ་དམིགས་བསལ་ཡོད་ན་མིང་སྤེལ། སྤྱིར་བཏང་སརྦ་ལོ་ཀ་ཀཱ་ཡ་ཝཱ་


JKT014_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཙིཏྟ་ཨཱ་ཡུཛྙཱ་ན་པུཎྱེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། དེ་བཞིན་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་སརྦ་ལོ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུཛྙཱ་ན་པུཎྱེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བླ་མའི་སྔགས་དང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཡང་དག་ཧེ་རུ་ཀའི་སྔགས་བཟླ། ཁྱད་པར་གྱི་ལས་སྦྱོར་ནི། ཡང་དག་ཕུར་བུ་འོད་ཀྱི་སྦུ་གུ་ཅན༔ འོད་ཟེར་དམིགས་ཡུལ་སྙིང་དབུས་ལ་ཟུག་པས། །སུ་གུའི་སྦྱོར་བས་ཆུ་ཉིད་དྲངས་པ་ལྟར། །ཕ་རོལ་རྣམ་ཤེས་རྟེན་གྱི་ས་བོན་ཉིད༔ རབ་ཏུ་གཡོ་ཞིང་འདར་ལ་འཕར་སྙམ་བྱེད༔ ཚེ་དང་ལོངས་སྤྱོད་དབང་ཐང་ལུས་ངག་ཡིད༔ འུབ་ཀྱིས་བསྡུས་ནས་སྙིང་གི་དབུས་སུ་ཐིམ༔ ཕ་རོལ་མདངས་ཉམས་ཧམ་སྐྱར་སོང་བར་གྱུར༔ ཅེས་དམིགས་ལ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་གླུར་བླངས་ཞིང་སྣང་སེམས་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་གཞག །ཡི་དམ་གྱི་ལྷ་མྱུར་དུ་འགྲུབ་པའི་སླད་ཐུགས་རྒྱུན་ཀྱི་ཡེ་ཤེས་བསྐུལ་ཏེ་དབང་དུ་བྱ་བར་འདོད་ན། སླར་ཡང་དཔལ་ཆེན་ཡང་དག་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པར་འཕྲོས༔ རང་ཉིད་མོས་པའི་ཡི་དམ་ལྷ་ཚོགས་ཀྱི༔ རང་རང་ཐུགས་ཀའི་ས་བོན་ལ་ཟུག་སྟེ༔ མཁྱེན་བརྩེ་ནུས་མཐུ་མ་ལུས་ཐམས་ཅད་ལས༔ འོད་ཟེར་སྣ་ལྔ་མར་མེ་གཅིག་ཆད་ཚུལ ཉིད་ལ་ཐིམ་བྱིན་གྱིས་བརླབས་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་ཧཱུྃ་གླུར་བླང་། ཡི་དམ་ལྷའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་བཞག་པས་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་འགྱུར་


JKT014_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་བྱ། །ལས་སྦྱོར་དབང་གི་མེ་མཆོད་བྱེད་པར་སྤྲོ་ན། སྟེགས་བུ་དམར་པོའི་སྟེང་དུ་ཐབ་ཁུང་ཟླ་གམ་དམར་པོ་སྤྱི་ལྟར་བྲིས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་དམར་པོ་བཀོད་པའི་ཁ་ཁྱེར་སྟེང་ནས་ཙནྡན་དམར་པོའམ་མཛོ་མོ་ཤིང་ལྟ་བུའི་དབང་གི་བུད་ཤིང་ཟླུམ་པོར་བརྩེགས་པའི་ཤར་ལྷོར་ཏིང་ལོ་མེ་ཚང་དང་བཅས་པ། རང་གི་གཡས་སུ་སྲེག་རྫས་འོག་ནས་འབྱུང་བ་རྣམས་ཁ་དོག་དམར་པོར་བསྒྱུར་བ་དང་། གཡོན་དུ་སྨན་རག་གཏོར་གསུམ་ཉེར་སྤྱོད་དང་བཅས། མདུན་དུ་རྡོ་དྲིལ། དགང་བླུགས། བསངས་ཆུ་སོགས་བཤམ། དགོངས་མོའི་དུས་སུ་རང་ཉིད་ཁ་ནུབ་ཏུ་ཕྱོགས་ཤིང་ཆས་གོས་དམར་པོ་དང་ལྡན་པས་ཆགས་ཤིང་ཞེན་པའི་སེམས་ཀྱིས་པདྨའི་སྐྱིལ་མོ་ཀྲུང་གིས་འཁོད་དེ་བདག་བསྐྱེད་གོང་ལྟར་སྔོན་དུ་སོང་ནས་བསངས་ཆུ་ཨམྲྀ་ཏས་བརླབས་པ་འཐོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་བྱེད་ལས་ཀྱི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་མང་དུ་བརྗོད་པས་བརླབ། ཐབ་བསང་སྦྱང་། བྷོ་ལས་དབང་གི་གཞལ་ཡས་ཁང་ཉིད་དུ༔ ཟླ་གམ་དམར་པོ་གདོང་ལ་ཁྲུ་གང་བ༔ ཁ་ཁྱེར་མུ་རན་པདྨ་དམར་པོའི་ཕྲེང་༔ ནང་ནི་དབང་གི་ལྷ་རྫས་བུད་ཤིང་གང་༔ དྭངས་ཞིང་ཐོགས་མེད་གཟི་འོད་འབར་བོར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་སྨད་འཚོང་མའི་ཁྱིམ་ལས་སླངས་པའི་མེ་སྤར་ཞིང་ཨོཾ་ཨསྣ་ཡེ་ཛྭ་ལ་རྃ་ཞེས་བརྗོད།


JKT014_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མེ་ཕུང་རབ་ཏུ་འབར་བའི་དབུས། ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད་སོགས་ནས། ཁམས་གསུམ་འཁོར་བ་མ་ལུས་དབང་སྡུད་ཅིང་༔ ཆེ་བཙན་འགྲན་བྲལ་སྣང་སྲིད་ཟིལ་གྱིས་གནོན༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཅེས་གསལ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ། ཕྱི་ཡི་མཆོད་པ་ས་དང་བར་སྣང་གང་༔ ནང་གི་མཆོད་པ་ཟག་མེད་བདུད་རྩིའི་ཚོགས༔ གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས༔ འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ནས། ཤརྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཨཱཿཧུྃ་ཞེས་མཆོད། སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད། །གསུང་གི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །ཐུགས་ཀྱི་ངོ་བོ་ཡང་དག་ཧེ་རུ་ཀ །དབང་མཛད་བླ་མ་ཡི་དམ་ལྷ་ལ་བསྟོད། ཅེས་བསྟོད། མེ་ལྷའི་རྡོ་རྗེའི་ལྗགས་ལ་རྃ་ཡིག་དང་། །དགང་བླུགས་ཧྲཱིཿདམར་མཚན་པའི་འོད་ཟེར་གྱིས། །སྲེག་རྫས་བདུད་རྩིའི་དྭངས་མ་དྲངས་ཏེ་བཞེས། །ཟག་མེད་བདེ་བས་མཉེས་ཤིང་རྗེས་ཆགས་གཡོས། །ཐུགས་ཀའི་ཧཱུྃ་ལས་འོད་དམར་འབར་ཞིང་འཁྲུགས། །འགྲོ་བ་དམིགས་པའི་ཡུལ་དུ་གྱུར་པ་ཡི༔ སྙིང་དབུས་ནྲི་སོགས་ས་བོན་ལ་ཕོག་པསཿ ཅུང་ཟད་གཡོ་བའི་ངང་ནས་ཚེ་བསོད་ནམསཿ ལུས་ངག་ཡིད་གསུམ་མ་ལུས་དབང་དུ་བསྡུས༔ རང་ཉིད་


JKT014_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་གཟི་འོད་འབར་བར་གྱུར༔ ཅེས་དམིགས་ཤིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་སྟེ། ཨོཾ་ཨཱཿཧཱུྃ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་ཨཱ༔ཧཱུྃ་གུ་རུ་པདྨ་སིདྡྷི། ཧཱུྃ་ཧཱུྃ་ཧཱུ་ཞེས་པའི་སྔགས་སུམ་སྦྲེལ་མཐར་མིང་སྤེལ་དམིགས་བསལ་ཡོད་ན་དང་། སྤྱིར་བཏང་དུ། སརྦ་ལོ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུར་པུཎྱ་ཛྙཱ་ན་ཝ་ཤཾ་ཀུ་རུ་སྭཱ་ཧཱ་ཞེས་ལས་སྔགས་དང་། ༀ་མ་ཧཱ་ཨ་ན་ལ་མ་ཧཱ་བྷ་ཏ་ཛ་བྷསྨི་ཀུ་རུ་སྭཱ་ཧཱ་ཞེས་བདུན་གྱི་མཐར་དགང་བླུགས་ཁ་སྦྱར་བ་གཡོན་དུ་བསྐོར་ཞིང་། ཨོཾ་མ་མ་སརྦ་ཀུ་རུ་ཧཱུྃ་ཞེས་བརྗོད་ཅིང་ཐབ་ཏུ་ཕུལ། དེ་ལྟ་བུ་བསྐྱར་བས་བརྒྱ་རྩ་སོགས་ཇི་ལྟར་རིགས་པས་མར་ཁུ། སྔགས་སུམ་སྦྲེལ་དང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། སརྦ་ལོ་ཀ་སོགས་ལས་སྔགས་སྦྲེལ་བས་ཏིལ། སྔགས་གསུམ། ཨོཾ་བཛྲ་པུཥྤེ་ཧཱུྃ༔ སརྦ་ལོ་ཀ་སོགས་ཀྱིས་མེ་ཏོག་དམར་པོ། སྔགས་གསུམ། ཨོཾ་སརྦ་ཡ་ཛཱ་ཡ་སྭཱ་ཧཱ། སརྦ་ལོ་ཀ་སོགས་ཀྱིས་ཡམ་ཤིང་། སྔགས་གསུམ། ཨོཾ་པཱུ་ཛ་མེ་གྷ་ལོ་ཀེ་ཤྭ་ར་ཧཱུྃ། སརྦ་ལོ་ཀ་སོགས་ཀྱིས་ཁྱད་པར་གྱི་རྫས་གང་དབང་དུ་བསྡུ་བར་འདོད་པའི་གཟུགས་སམ་མིང་བྱང་དམ། ཟས་ནོར་ལྟ་བུ་ཡིན་ན་སོ་སོའི་དངོས་པོའམ། སྤྱིར་བཏང་དུ་ཙནྡན་དམར་པོ། མེ་ཏོག་གླང་སྣ་སོགས་ལྕགས་ཀྱུ་ཅན་ཀྱི་རིགས། རྡོ་ཁབ་ལེན། ལན་ཚྭ། དར་གོས་སོགས་དམར་པོ། པདྨ་རཱ་ག་སོགས་རིན་པོ་ཆེ་དམར་པོའི་རིགས་རྣམས་ཕྱེ་མར་ཆང་གིས་སྦགས་པའི་ཟས་མཆོག་དང་བསྲེས་པ་ཕུལ་ལ་གཙོ་བོར་བྱ་ཞིང་གྲངས་གཟུང་། སྔགས་གསུམ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སརྦ་ལོ་ཀ་སོགས་ཀྱིས་ཀུ་ཤ །སྔགས་གསུམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སརྦ་ལོ་


JKT014_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སོགས་ཀྱིས་རྩ་དཱུརྦ་རྣམས་ཕུལ། རྫས་རྫོགས་པ་ན། ཨོཾ་དྷུ་པེ་དཱི་པེ་གནྡྷེ་སྭཱ་ཧཱ་ཞེས་དངོས་འབྱོར་གྱི་མཆོད་པས་མཆོད། སྐུ་ཡི་བདག་ཉིད་སོགས་ཀྱིས་བསྟོད། བླ་མ་དང་ལྷག་པའི་ལྷས་བདག་ལ་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ཡང་དག་ཕུར་བུ་འོད་ཀྱི་སྦུ་གུ་ཅན་ཞེས་སོགས་ལས་སྦྱོར་གྱི་དམིགས་པ་གསལ་བཏབ་མཐར་གང་དབང་དུ་བསྡུ་བྱ་དང་། རང་གི་སེམས་དབྱེར་མེད་དུ་བསྲེས་ལ་དབྱིངས་རིག་ཟུང་འཇུག་གི་ངང་དུ་མཉམ་པར་གཞག །མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཛཿཧཱུྃ་བྃ་ཧོཿ ཐབ་ཀྱི་ལྷ་རང་གི་སྙིང་གར་ཐིམ་པས་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་ཅིང་ནུས་པའི་གཟི་བྱིན་འབར་བར་གྱུར་པར་བསམས་ལ་བསྔོ་སྨོན་དང་། ཤིས་བརྗོད་གང་རིགས་བྱའོ། །ཞེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་ར་སྨིའི་ཟབ་གཏེར་གྱི་གསང་བ་ཉམས་སུ་བླང་བདེ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་ཏྲེ་ལོ་ཀཱ་ནཱཾ་ཤྲཱིཤྩགུ་ཎ་ཝ་ཤཾ་ཀུརྦནྟུ།། །།


previous༈ ཐུགས་སྒྲུབ་གསུམ་དྲིལ་ཡང་གསེར་སྙིང་པོའི་མན་ངག་བཀླགས་ཆོག་ཏུ་བཀོད་པ་དབང་གི་ལྕགས་ཀྱུ།next