Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་ཡང་ཟློག་སྤུ་གྲི་རེག་གཅོད་ཀྱི་མན་ངག་དྲག་ཤུལ་རྡོ་རྗེའི་གོ་མཚོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་ཡང་ཟློག་སྤུ་གྲི་རེག་གཅོད་ཀྱི་མན་ངག་དྲག་ཤུལ་རྡོ་རྗེའི་གོ་མཚོན།next

གཤིན་རྗེ་ཡང་ཟློག་སྤུ་གྲི་རེག་གཅོད་ཀྱི་མན་ངག་དྲག་ཤུལ་རྡོ་རྗེའི་གོ་མཚོན།


JKT014_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཤིན་རྗེ་ཡང་ཟློག་སྤུ་གྲི་རེག་གཅོད་ཀྱི་མན་ངག་དྲག་ཤུལ་རྡོ་རྗེའི་གོ་མཚོན་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་ཤྲཱི་ཡ་མཱནྟ་ཀཱ་ཡ། འདིར་ཡང་ཟློག་བྱེ་བ་ཕྲག་བརྒྱའི་སྙིང་པོ་སྤུ་གྲི་རེག་གཅོད་ཀྱི་མན་ངག་རྒྱུན་ཁྱེར་དུ་ཉམས་སུ་བླང་བ་ནི། རང་གི་ཁ་ལྷོའམ་ནུབ་ཏུ་ཕྱོགས་པས། ན་མོ། བླ་མ་མཆོག་གསུམ་འཇམ་དཔལ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་ལམ་འགོད་ཕྱིར། །འཇམ་དཔལ་ཁྲག་འཐུང་བསྒྲུབ་


JKT014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱི། །ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། འོད་གསལ་སྟོང་ཉིད་ངང་ལས་སྐད་ཅིག་གིས༔ རང་ཉིད་གནས་ཤིང་སྒྲུབ་པའི་ས་ཕྱོགས་དེ༔ གནམ་ལྕགས་ཨུར་མོ་གྲུ་གསུམ་གཅིག་ཏུ་གྱུར༔ དེ་ལས་མེ་ཡི་ཚྭ་ཚྭ་ཐོག་ལྟར་འཕྲོས༔ བྱད་མ་ལྷ་སྲུང་བཅས་པ་སྐད་ཅིག་བསྲེགསཿ དེ་ཡི་ཕྱི་རིམ་གནམ་ལྕགས་འཁོར་ལོ་ཡི༔ རྩིབས་སྟོང་ལྡན་པས་དགྲ་བགེགས་ཧྲུག་ཧྲུག་བཅད༔ གཤིན་རྗེ་མ་མོ་བདུད་སྲིན་སྤྲིན་བཞིན་འཁྲིགསཿ དེ་ཡི་ཕྱི་རིམ་རྡོ་རྗེའི་མཚོན་ཆ་དང་༔ འབྱུང་ལྔའི་སྲུང་འཁོར་སྤུ་གྲི་རེག་གཅོད་ལྟར༔ ཕྱི་རོལ་འཁོར་བས་དགྲ་བགེགས་ཐུལ་བར་གྱུར༔ ཨུར་མོའི་ནང་དུ་ཁྲོ་ཆུ་ཁོལ་མའི་དབུས༔ པདྨ་ཉི་མར་གཤིན་རྗེ་ཆུ་གླང་གདན༔ དེ་སྟེང་རང་ཉིད་གཤིན་རྗེའི་རྒྱལ་པོ་ནི༔ སྐུ་མདོག་མཐིང་ནག་རལ་གྲིའི་གཤོག་པ་ཅན༔ དུར་ཁྲོད་ཆས་བརྒྱན་ཕྱག་གཡས་རལ་གྲི་དང་༔ གཡོན་པས་སྡིགས་མཛུབ་ལྕགས་ཀྱུས་དགྲ་བགེགས་འགུགས༔ ཆེ་བཙུན་འགྲན་ཟླ་བྲལ་བའི་སྐུར་གྱུར་པའི༔ སྙིང་གའི་ཆ་སྨད་པདྨ་ཉི་མའི་སྟེང་༔ གནམ་ལྕགས་རལ་གྲི་བསྣོལ་མ་གཡོན་དུ་འཁོར༔ ལྕེ་ཉིད་གནམ་ལྕགས་རལ་གྲི་སོ་གཉིས་པ༔ རྡོ་རྗེ་སྔགས་ཀྱི་ནུས་མཐུ་རྫོགས་པར་གྱུར༔ ཅེས་གསལ་བཏབ་ལ། ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ ས་ག་དུ་ན་ཟློག༔ ར་ཙ་དུ་ན་ཟློག༔ སུ་ཏྲ་རཀ་དུ་ན་ཟློག༔ མ་


JKT014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་རཀྴ་དུ་ན་ཟློག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫཡ་མ་ར་ཙ་ཟློག༔ ཨོ་ཏི་སྒྱུར་ཐི་ཁྲོམ་བྷ་ལ་ཡ་ཅི་ཟློག༔ ཨོཾ་བཛྲ་བྷ་ལིང་ཀ་ཟློག༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ལ་སྦྱོ༔ ཡ་མ་རུ་དྲ་ཙ་ཤ་ད་ར་ས༔ བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ རྩལ་རྒྱུགས་རྒྱུགས༔ སྙིང་ལ་སྩོགས་མྱོགས༔ མཱ་ར་ཡ་ཆད༔ ཅེས་ཅི་རིགས་པ་བཟླས་མཐར། རང་གི་ལག་མཐིལ་གཡོན་དུ་དཔའ་བོ་གཡུལ་དུ་བསད་པའི་གྲི་ཁྲག་གམ། མ་འབྱོར་ན་ཤ་དམར་པོ་གཙང་མ་དུམ་བུ་ཞིག་བཞག །སྤྲོ་ན་དགྲ་བགེགས་བྱད་མ་དངོས་སུ་གསལ་ཞིང་དགུག་གཞུག་དྲག་ཏུ་བྱ། གང་ལྟར་ཡང་། དམིགས་རྟེན་དགྲ་བགེགས་དངོས་སུ་གསལ་བ་གང་༔ བདག་ཉིད་དཔལ་ཆེན་ཞལ་དུ་མེད་པ་ཡིས། སྙིང་གའི་རལ་གྲིའི་འཁོར་ལོ་ཤུགས་དྲག་འཁོར༔ སྐད་ཅིག་ཤ་ཁྲག་དམར་ཐོར་སོང་བ་ཉིད༔ གསང་གནས་འཁོར་ལོར་གཤིན་རྗེ་མ་མོའི་ཚོགས༔ ཉི་ཟེར་རྡུལ་ལྟར་རབ་ཏུ་འཁྲིགས་པ་ཡིས༔ ཧབ་ཧབ་ཟོས་པས་ལྷག་པར་རྔམས་ཤིང་དུངས༔ ཁྲོས་ཤིང་འཁྲུགས་ཏེ་དགྲ་བགེགས་ཚར་བཅད་གྱུར༔ ཅེས་བརྗོད་ཅིང་མིད་ལ་སྔགས་དྲག་ཏུ་བཟླ། ཉམས་རྨིས་འཚུབས་པ་སོགས་གལ་ཆེ་བའི་དུས་སུ། དགོངས་མོའི་ཚེ་སྲུང་འཁོར་དང་ལྷའི་ང་རྒྱལ་ཤིན་ཏུ་བརྟན་པས། རི་རབ་རྩེ་རུ་བདག་ཉིད་བཞུགས་པ་ཡི༔ བང་རིམ་བཞི་པའི་སྟེང་ནས་གཟའ་བདུད་ནི༔ ཤིན་ཏུ་འཇིགས་ཤིང་མི་སྡུག་གཟུགས་ཀྱི་ཁ༔ གནམ་ས་ཙམ་གདངས་མཆེ་


JKT014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་མིག་སྟོང་འཁྱུགས༔ གནོད་བྱེད་འབྱུང་ལུས་རྦད་རྦད་འཕངས་པ་ལ༔ རྔམ་རྔམ་ཚུལ་གྱིས་འུབ་ཀྱིས་ཟོས་པར་གྱུར༔ ཅེས་གསལ་གདབ་ཅིང་། ཕྲེང་བ་ཕྱིར་བསྒྱུར་ལ་སྔགས་བགྲངས་པའི་མཐར། སླར་ཡང་ལག་གཡས་ནམ་མཁའ་དང་། །གཡོན་པ་ས་གཉིས་བརྡབས་པའི་བར། དགྲ་བོ་བྱད་མ་ལྷ་སྲུང་བཅས། །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ན་མོ། བླ་མའི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང་༔ འཇམ་དཔལ་ཡང་ཟློག་ནག་པོའི་བཀའ་བདེན་པ་དང་༔ སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་དམག་ཚོགས༔ རྦད་འདྲེ༔ རྦོད་གཏོང་༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་བྱད་མཁོ་རང་གི་གཤེད་དུ་ཕོབ་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་འཐུངས་ཤིག༔ ཁོའི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་


JKT014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་བྷྱོ་བྷྱོ༔ ཞེས་བརྗོད་ཅིང་ཐལ་མོ་བརྡབས་པས། གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་ཁྲོས་ཤིང་འཁྲུགས་ཏེ་མེ་རླུང་དུད་སྤྲིན་ཐོག་སེར་དང་བཅས་དགྲ་བོའི་ཡུལ་དུ་ཆས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བརླག་པར་གྱུར་པའི་མོས་པ་བྱ་བའམ། ཡང་ན་རྒྱ་མཚོའི་ཀློང་དུ་ཐིམ་པར་བསམས་ལ་འཛིན་མེད་ཀྱི་ལྟ་བས་རྒྱས་གདབ། ཁྱད་པར་གྱི་དམིགས་པ་འདི་མི་བྱེད་ནའང་ཐལ་རྡེབ་གོང་བཞིན་བྱ་བ་ལེགས། ཐུན་གྱི་མཐར། གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ལུས་ངག་ཐལ་བའི་རྡུལ་བཞིན་རློབ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །དགེ་བ་འདི་ཡིས་མྱུར་དུ་བདག །གཤིན་རྗེ་གཤེད་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱའོ། །ཡང་རྒྱལ་འགོང་ལྟ་བུའི་རྦད་འདྲེས་གནོད་པའི་རྟགས་བྱུང་ན་མལ་འོག་ཏུ་ཨར་གཏད་བྱ་བ་ནི། ཕུང་ཤུལ་གྱི་ས་དང་རོ་སོལ་ལས་བྱས་པའི་སཱཙྪ་ནག་པོ་རྟེན་འབྲེལ་སྙིང་པོ་མེད་པ་ཞིག་གི་ནང་གྲུ་གསུམ་དུ་བུ། དེའི་ནང་དུ་དུག་ཤོག་ལ་དུག་ཁྲག་གིས་གནོད་བྱེད་ཀྱི་ལིངྒ་རིད་ཅིང་སྐེམས་ལ་ཉམ་ཐག་པའི་རྣམ་པ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་གོང་གི་དྲག་སྔགས་གཡོན་སྐོར་དུ་བྲི། དུག་ཁྲག་གིས་བྱུག །བདག་བསྐྱེད་སྔོན་དུ་འགྲོ་བས་དགུག་གཞུག་དྲག་ཏུ་བྱ། ཕྱིན་ཀ་ལོག་ཏུ་དྲིལ་ལ་སྐུད་པ་སྔོ་དམར་གྱིས་དཀྲི། སཱཙྪའི་ནང་དུ་བཅུག་སྟེ་ཞབས་བསྡམས་པ་


JKT014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེ་རྒྱ་གྲམ་བྲི། རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པའི་ནང་མགོ་གཞུག་ལྡོག་ཏེ་བཅུག །རོ་གཡམ་རྒྱ་གྲམ་བྲིས་པས་ཁ་བཅད་ལ་རྡོ་རྗེའི་རང་བཞིན་གྱི་རི་རབ་ཆེན་པོས་མནན་པར་བསམ། དེའི་སྟེང་དུ་རང་གི་མལ་བཅས་ལ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་སྐུའི་གསལ་སྣང་དང་། སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་ཟུང་དུ་འབྲེལ་པའི་ང་རྒྱལ་བརྟན་པོས་དུས་རྟག་ཏུ་འཆོར་བ་མེད་པར་མནན་པར་བསམ་མོ། །ཞེས་པའང་འཇམ་དཔལ་ཁྲག་འཐུང་གི་རིག་པ་འཛིན་པ་མཉྫཤྲཱི་མི་ཏྲའི་གདམས་པ་ཆེས་ཤིན་ཏུ་ཟབ་ཅིང་གཉན་པའི་སྙིང་པོ་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་ལས་བྱུང་བ་ལྟར་མན་ངག་ཞལ་ཤེས་ཀྱིས་བརྒྱན་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་གསལ་བར་བྲིས་པ་སརྦ་ཤ་ཏུ་བིབྷཱན་དྷརྨ་དྷཱ་ཏུ་མཱ་རཾ་ཀུ་རུ།། །།


previousགཤིན་རྗེ་ཡང་ཟློག་སྤུ་གྲི་རེག་གཅོད་ཀྱི་མན་ངག་དྲག་ཤུལ་རྡོ་རྗེའི་གོ་མཚོན།next