Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ས་བདག་ཉེས་པ་ཀུན་སེལ་གྱི་གདམས་པ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་བདག་ཉེས་པ་ཀུན་སེལ་གྱི་གདམས་པ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་སྤྲིན་ཕུང་།next

ས་བདག་ཉེས་པ་ཀུན་སེལ་གྱི་གདམས་པ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་སྤྲིན་ཕུང་།


JKT014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་བདག་ཉེས་པ་ཀུན་སེལ་གྱི་གདམས་པ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མུ་ནེནྡྲ་ཡ། དེ་ལ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་ལས། རྣལ་འབྱོར་གང་ཞིག་ལམ་དུ་འཇུག་པ་དང་༔ གནས་བཙལ་བ་དང་ས་བཟུང་རོ་འདོན་དང་༔ ཤིད་བྱེད་རབ་གནས་ལ་སོགས་དུས་རྣམས་སུ༔ དུས་བརྩིས་འཁྲུལ་དང་ནོར་བས་བར་ཆད་རྐྱེན༔ ནད་དང་སྡུག་བསྔལ་འཁོན་གཅུགས་དགྲ་གདོན་གདུང་༔ དེ་དུས་གདམས་པ་འདི་དང་ལྡན་གྱུར་ན༔ ཕྱོགས་ངན་བདུད་གཅོད་གསང་ཀེག་རུ་འཛིན་དང་༔ མདུན་ཕུང་གང་ལའང་ཉམ་ང་མི་དགོས་ཤིང་༔ རྟེན་བཞེངས་ཕོ་བྲང་འདེབས་དང་ས་སྒོ་སློང་༔ རོ་དང་བག་མའི་ལམ་སོགས་ནོར་འཁྲུལ་སེལ༔ བུ་ནོར་ཆོས་དང་བཀྲ་ཤིས་རིགས་བརྒྱུད་འཕེལ༔ ཞེས་གསུངས་པ་ལྟར་ནམ་བྱ་བའི་དུས་དང་དགོས་པ་སོགས་ངེས་པར་བྱས་ཏེ། རང་ཉིད་


JKT014_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱ་བའི་ཕྱོགས་སུ་ཁ་བལྟས་པའི་གཡས་སུ་འཛོམས་ན་སྟེགས་བུའི་ཁར་ཐུབ་བའི་སྐུ་རབ་གནས་དང་ལྡན་པའི་མདུན་དུ་མཆོད་པ་ཅི་འབྱོར་བཤམ། ཕྱོགས་ཐུབ་ཀྱི་ཕྱར་དར་དང་རྫས་སོགས་ཡོད་ན་འཕྱར། མདུན་དུ་གསེར་སྐྱེམས་བཤམ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། རང་ཉིད་ཐུབ་དབང་གསེར་མདོག་མཚན་དཔེས་མཛེས། །ས་གནོན་མཉམ་བཞག་ཆོས་གོས་རྣམ་གསུམ་གསོལ། རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་འབར་བར་གྱུར། །ཅེས་གསལ་བཏབ་ལ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ་ཞེས་ཅི་ནུས་བཟླ། གསེར་སྐྱེམས་བྱིན་གྱིས་བརླབས་ལ་སྡེ་བརྒྱད་ཆ་སྙོམས་ལྟར་ཕུལ། དེ་ནས་ཐལ་མོ་སྦྱར་ཏེ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཡེ་དྷརྨཱཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏཿ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླ། རང་ཉིད་ཐུབ་པའི་ཞལ་ནི་ཕྱོགས་བཅུ་རུ༔ མ་འགགས་གསལ་བའི་སྐུ་ལས་འཕྲོས་པའི་འོད༔ ས་འོག་ས་སྟེང་ས་བླའི་ཕྱོགས་མཚམས་བཅུར༔ འཕྲོས་པས་སྣང་སྲིད་འཁོར་ལོར་བསྐོར་བ་ལས༔ འོད་ཟེར་འདོད་པའི་དོན་རྣམས་འགྲུབ་བྱེད་པའི༔ སངས་རྒྱས་སྐུ་གསུང་ཐུགས་སུ་


JKT014_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཡིས༔ སྣང་སྲིད་མཉེས་བྱེད་ཕྱག་རྒྱ་བཅས་པ་ཡིས༔ སྐྱོན་སྦྱངས་ཡོན་ཏན་མ་ལུས་སྦྲེལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ཕྱོགས་མཚམས་ཀུན་ཏུ་གཡས་སྐོར་དང་གཡོན་སྐོར་ལན་བཅུ་གཉིས་བྱ་ཞིང་སྔགས་བཟླས་མཐར། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་དང་ལུག་སྤྲེལ་བྱ་ཁྱི་ཕག་གི་ལོ་ཟླ་དུས༔ སྤར་སྨེ་ས་བདག་ཀླུ་གཉན་ལ་སོགས་པ༔ ཐམས་ཅད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔ ཅེས་དང་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་རྒྱས་པ་གང་ཤེས་བརྗོད་ཅིང་མེ་ཏོག་ཕྱོགས་ཀུན་འཐོར། དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་གཞུང་ལས། དེ་ལྟར་བརྗོད་པས་ཕྱོགས་ངན་ཀུན་ལས་གྲོལ༔ ལེགས་པ་ཀུན་འགྲུབ་ཐམས་ཅད་སེམས་ཀྱི་གཟུགས༔ རྣམ་པར་རྟོག་པ་ཐམས་ཅད་དོན་དུ་འགྱུར༔ དུས་ཀྱི་མཐའ་མ་ལོ་ཟླ་དུས་ཀྱི་རྩིས༔ གོ་ནོར་ཆད་ལྷག་རྩོད་པ་རྒྱས་དུས་སུ༔ འདི་ཡིས་དུས་གསུམ་དུས་མེད་བདེ་ལེགས་སྟེར༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །འདིའང་འགྲོ་འདུལ་པྲཛྙཱ་ར་སྨིའི་ཟབ་གཏེར་ལས་བྱུང་བ་ཕྱག་ལེན་ཤིན་ཏུ་གསལ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་སུ་ཐེཡོ་བརྙནྟུ།། །།


previousས་བདག་ཉེས་པ་ཀུན་སེལ་གྱི་གདམས་པ་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་སྤྲིན་ཕུང་།next