Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར།next

དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར།


JKT014_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།། །།


JKT014_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱ༔ འདིར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་དང་། གཞན་ཡང་གྲིབ་སེལ་ལ་ཉེ་བར་མཁོ་བའི་མན་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བརྗོད་ན། ཐོག་མར་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་ནི། གནས་གཙང་ཞིང་དབེན་པར་སྟེགས་བུའི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ། མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་རྡོ་དྲིལ། གུལ་ཡུངས། མེ་ཏོག་གི་སྣོད་སོགས་ཉེར་མཁོའི་བྱེ་བྲག་རྣམས་ཚང་བར་འདུ་བྱ། དེ་ནས་བདག་གི་རྣལ་འབྱོར་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་


JKT014_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ༔ ཐུགས་ཀར་པད་ཉིར་ཧཱུྃ་མཐིང་མཐར༔ བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚྭ་ཚྭ་འཁྲུགས་ཤིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེགས་གྱུར༔ ཨོཾ་ཨི་ས་ཙ་ཊ་ཡ་ཏོར་ཡ་


JKT014_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ས་ནི་པི་ས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུ་ཀྲོ་དྷ་ཧཱུྃ་ཕཊ་གཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་བཟླས་པ་ཅི་ནུས་བྱ། །བུམ་པ་བསྒྲུབ་པའི་ཐོག་མར་མཆོད་རྫས། རྃ་ཡྃ་ཁ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ་གི་བར་གྱིས་བརླབ། བུམ་པ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ། །ཚད་དང་མཚན་ཉིད་ཡོངས་རྫོགས་ཤིང་༔ བདུད་རྩིའི་བཅུད་ཀྱིས་གང་བའི་དབུས༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་རྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ༔ ཨོཾ་ཨུཙྪ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་།


JKT014_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མ་ཛས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསམ། ཨོཾ་ཨུཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྱུ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་ལྟའི་འབྱུང་པོ་བསྒྲལ་བའི་ཚེ། སྣམ་ནས་ཁྲོ་བོའི་རྒྱལ་པོ་ཕྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད། ཅེས་བསྟོད། གཟུངས་ཐག་བླངས་ལ། བདག་ཉིད་བུམ་ལྷའི་ཐུགས་ཀ་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང་༔ ཡི་དམ་ཌཱ་ཀི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་བསྡུས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་༔ བདུད་རྩིས་མེར་གྱིས་གང་བར་གྱུར༔ ཅེས་དམིགས་ལ་བཟླས་པ་ཅི་ནུས་མཐར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ་མོ། །དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། འོ། དེ་ལ་སྤྱིར་གྲིབ་དང་མི་གཙང་བའི་ཉེས་པས་སྣོད་བཅུད་ཀྱི་བདེ་ལེགས་ཐམས་ཅད་འགྲིབ་ཅིང་། གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་མང་དུ་སྐྱེད་པས་ན། །དེ་སེལ་བ་ལ་སྲུང་བའི་ཐབས་ལ་འབད་དགོས། དེ་ལའང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱའི་ཁམས་ཡལ་བར་མི་འདོར་བས་རྒྱུད་དང་མན་ངག་རྣམས་ནས་གྲིབ་སེལ་


JKT014_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདམས་པ་ཇི་སྙེད་ཅིག་གསུངས་པ་ལས་ཁྱད་པར་དུ་གྱུར་པའི་གདམས་པ་འདི་ནི་གཞུང་རྩ་བ་ལས། བཀླགས་ཆོག་དམ་གྲིབ་ཀུན་སེལ་འདི༔ རིག་སྔགས་རྡོ་རྗེའི་གོ་ཆ་ཞེསཿ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ བསྐལ་ངན་དུས་ཀྱི་ཐ་མ་ལ༔ རིག་པ་འཛིན་པའི་ཚེ་མཐུད་ཡིན༔ བོད་ཡུལ་གཏེར་ཆེན་བརྒྱ་རྩ་དང་༔ གཏེར་ཕྲན་བྱེ་བ་སྦས་པའི་ནང་༔ གྲིབ་སེལ་སྲུང་ཐབས་མང་བསྟན་ཀྱང་༔ འདི་དང་འདྲ་མིན་གཉིས་ལས་མེད༔ ཅེས་ཆེས་ཆེར་བསྔགས་པ་ལྟར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་གྱི་ཆོ་གས་རྗེས་སུ་འཛིན་པ་ལ། ཐོག་མར་བཀྲུ་བའི་སླད་དུ། སློབ་དཔོན་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་བྱས་པ་ལ་བརྟེན་ནས། ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་གྲིབ་དང་མི་གཙང་བའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་བཟླས་སྔགས་དང་། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟཾ། གདོན་ཐམས་ཅད་


JKT014_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་གྲིབ༔ དམེ་གྲིབ༴ དམ་གྲིབ༔ ཟས་གྲིབ༔ ནད་གྲིབ༔ མཛེ་གྲིབ གདོན་གྲིབ༔ ཡུག་གྲིབ༔ རྩོག་གྲིབ༔ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། སྤྲོན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །ཞེས་སོགས་ཕར་ཕྱིན་དྲུག་གི་ཚིགས་བཅད་སྔགས་དང་བཅས་པའང་བརྗོད། གང་ལྟར་ཡང་མཐར། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག ཅེས་ལན་བདུན་གྱི་མཚམས་རྣམས་སུ་སྔགས་སྤེལ་ཚིག་དང་སྦྱར་བས་བཀྲུ། བྱབ་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད། གྲིབ་དང་མི་གཙང་བའི་ཚོགས་བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་ཕྱག་དར་མཁས་པའི་བྱེད་ལས་བཞིན་དུ་བྱབས་ཏེ་མདུན་གྱི་ཁྲུས་ཁུ་ལ་ཐིམ་པའི་མོས་པ་མཛོད། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། སོགས་ཚིགས་བཅད་སྔགས་དང་བཅས་པའི་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་


JKT014_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཅད་ཨ་པཱ་ན་ཡེ་སྭཱ་ཧཱ། སོགས་སྤེལ་བ་གསུམ་མམ་བདུན་གྱིས་བྱབ། །སྐབས་འདིར་གླུད་གཏོར་གཏོང་ན། ཆང་བུ་དང་རིལ་བུ་རེ་རེ་བཞིན་སྣོད་དུ་བླུག །ཆུ་གཙང་གིས་སྦྱང་། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་གླད་གཏོར་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། སམྦྷ་ར་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོས། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་བཞིན་དུ་བསྒྲུབ་བྱ་ལ་བསྐོར་ནས་གླུད་ནང་དུ་དོར། དེ་ལྟ་བུ་ལོ་གྲངས་སོགས་ཅི་རིགས་པ་བྱ། གྲངས་རྫོགས་པ་ན་བདེན་སྟོབས་བརྗོད། དྲག་སྔགས་ཀྱིས་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། གཏོར་གླུད་ཕྱི་རོལ་ཏུ་དོར། དེ་ནས་བསྲུང་བར་བྱ་བའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། སློབ་དཔོན་གྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོ་ཨཱཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་རེག །སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་དེ་


JKT014_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་སྲུང་བ་བྱས་པའི་མོས་པ་མཛོད། སྔགས་སྤེལ་ཚིག་དང་བཅས་པའི་མཐར་རཀྵ་རཀྵབཏགས་པ་བརྗོད་ཅིང་། རྡོ་རྗེ་སྤྱི་བོར་རྒྱ་གྲམ་གྱི་ཚུལ་དུ་བཀོད་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ནས་བསྒྲུབ་བྱ་རྣམས་རང་གནས་སུ་གཏང་། བདག་བསྐྱེད་ཀྱི་མཇུག་གི་བྱ་བ་ཉེར་བསྡུ་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །དེ་ཡང་མི་དམིགས་འོད་གསལ་ངང་། །ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུངས་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། དགེ་བ་


JKT014_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་བྱ། །གལ་ཏེ་གློ་བུར་དུ་བྱ་བའི་ཚེ་བདག་མདུན་སོགས་སྒྲུབ་པའི་ལོང་སྐབས་མ་བྱུང་ན། བཟླས་སྔགས་ཚར་གཅིག་བརྗོད་པས། སློབ་དཔོན་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཞེས་སོགས་མཚམས་སྦྱར་ལ་བཀྲུ་བྱབས་སྲུང་གསུམ་ཤིས་བརྗོད་བཅས་སྔར་ལྟར་བྱས་པས་ཀྱང་རིག་སྔགས་ཀྱི་ནུས་པས་ཕན་ཡོན་ཅི་རིགས་པ་འབྱུང་ལ། ཡང་ཤིན་ཏུ་རྒྱས་པར་སྤྲོ་ན་སྨེ་བརྩེགས་ཀྱི་ཁྲུས་ཆོག་གཞན་ནས་འབྱུང་བའི་ཚིག་ཚོགས་ཀྱི་སྤྲོས་པའང་སྦྱར་དུ་རུང་མོད་འོན་ཀྱང་སྔར་སྨོས་པ་ཙམ་གྱིས་དོན་འགྲུབ་ཅིང་གཞུང་གི་དགོངས་པ་དང་འབྱོར་བ་ཡིན་ནོ། །བསྙེན་པ་བྱེད་ན་ཐུན་བཞིར་བདག་བསྐྱེད་བཟླས་པ་དང་བཅས་གོང་དུ་བཤད་པ་ལྟར་དང་། ཐུན་སོ་སོའི་མཐར་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། བསྙེན་ཚད་ཁྲི་ཕྲག་གཅིག་གམ། གྲུབ་ན་ཁྲི་ཕྲག་བཞི་བཟླའོ། །རྒྱུན་གྱི་རྣལ་འབྱོར་ལ། ཐོ་རངས་མི་གཞན་དང་གཏམ་མ་འདྲེས་པའི་གོང་བདག་བསྐྱེད་གསལ་བཏབ་ལ་བཟླས་པ་བརྒྱ་ཕྲག་མན་ཅི་འགྲུབ་བྱས་པའི་མཐར་སྣ་བུག་གཉིས་སུ་ཕུས་གདབ། དམིགས་བསལ་ཉམས་གྲིབ་སོགས་བྱུང་དོགས་པའི་ཚེ་སྔགས་བཟླས་པའི་མཆིལ་མ་ཚངས་བུག་དང་། སྒོ་དགུར་བྱུགས་པའང་མན་ངག་གོ །དེ་རྣམས་ནི་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་ར་སྨིའི་ཟབ་གཏེར་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་གདམས་ངག་གི་དངོས་བསྟན་ཙམ་ཞིག་ཅུང་ཟད་རྒྱས་པར་བཀོད་པའོ།། །།ཞར་བྱུང་དེ་དང་རྗེས་སུ་འབྲེལ་བའི་ཉེར་མཁོའི་ལས་ཕྲན་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ་བཅུ་


JKT014_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ། དང་པོ་གནས་ཡུལ་གྱི་ཉམས་གྲིབ་སྲུང་བ་ནི། སྡེ་འཁྲུགས་བྱས་པའི་ས་ཕྱོགས་སམ། དམ་ཉམས་དང་མི་གཙང་པས་འབགས་པའི་གནས་ཁང་སོགས་སུ་སྡོད་དགོས་པ་བྱུང་ན། རང་སྐད་ཅིག་གིས་སྨེ་བ་བརྩེགས་པར་གསལ་པའི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བས་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་ལྷག་མེད་དུ་བསྲེགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་བརྗོད་པས་གནས་ཡུལ་ཐམས་ཅད་རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་དུ་གྱུར། ཨཱཋབརྗོད་པས་གདན་སྣང་བ་མཐའ་ཡས་ཀྱི་རང་བཞིན་པདྨ་དང་ཉི་མའི་གདན་དུ་གྱུར། ཧཱུྃ་ཞེས་བརྗོད་པས་རང་ཁྲོ་བོའི་དབང་པོའི་སྐུར་གསལ་བ་ལྷག་པར་གསལ་ཞིང་བརྟན་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་གསལ་བཏབ་ལ་བཟླས་པ་ཅི་རིགས་པར་བྱའོ། །འདི་ནི་རང་གི་རྩ་བའི་ཡི་དམ་གཞན་གང་ལའང་སྦྱར་དུ་རུང་ཞིང་། ཇོ་བོ་རྗེས། སྡེ་འཁྲུགས་བྱས་པའི་གནས་སུ་ལོ་བཅུ་གཉིས་བསྒྲུབས་ཀྱང་ནུས་པ་མི་འབྱུང་བར་གསུངས་པས་ན་དེ་ལྟ་བུའི་གནས་དང་། དམ་ཚིག་ཉམས་པས་བཟུང་བའི་གནས་སོགས་སུ་བསྙེན་སྒྲུབ་བགྱིད་དགོས་པ་བྱུང་བའི་ཚེ། ཐོ་རངས་ཀྱི་ཐུན་ལ་མ་ཆག་པར་ཉམས་སུ་བླངས་ན་ཉེས་སྐྱོན་ཐམས་ཅད་སེལ་བར་འགྱུར་བས་ཤིན་ཏུ་གཅེས་པ་སྟེ། རྗེ་བཙུན་པྲཛྙཱ་རསྨིའི་ཟབ་གཏེར་ལས་བྱུང་བ་ལྟར་བཀོད་པའོ། །གཉིས་པ་ཟས་གོས་ཀྱི་གྲིབ་སེལ་ནི། གོང་དུ་སྨོས་པའི་དམིགས་པ་འདི་ཉིད་ཀྱིས་ཀྱང་དོན་འགྲུབ་མོད། དམིགས་ཀྱིས་བསལ་བ་ནི། རང་སྐད་ཅིག་གིས་སྨེ་བ་བརྩེགས་པར་གསལ་ནས་སྔགས་བཟླས་པའི་མཆིལ་མས་ཟས་གོས་ལ་གདབ། སྔགས་མཆིལ་ཡེ་ཤེས་ཀྱི་མེར་གྱུར་པས་གྲིབ་དང་མི་གཙང་བའི་དངོས་པོ་ཐམས་ཅད་བསྲེགས། ཟས་ཡེ་ཤེས་ཀྱི་


JKT014_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་དང་། གོས་ལྷ་རྫས་ཀྱི་རེག་བྱར་གྱུར་པར་བསམས་ལ་ལོངས་སྤྱད། གསུམ་པ་གྲིབ་སེལ་གྱི་བུམ་སྒྲུབ་ཁྱད་པར་ཅན་ནི། བུམ་རྫས་ཉེར་ལྔའི་སྟེང་དུ། ཁྱད་པར་གྱི་རྫས། རིན་པོ་ཆེའི་གྲིབ་སེལ་ཤེལ་དཀར་པོ། སྨན་གྱི་གྲིབ་སེལ་ཕུར་མོང་དཀར་པོ། །རྫས་ཀྱི་གྲིབ་སེལ་ཤུ་དག་དཀར་པོ་རྣམས་སྦྱར། གོང་དུ་ཇི་སྐད་བཤད་པའི་བུམ་སྒྲུབ་ཐུན་བཞི་སོགས་སུ་བཅད་དེ། སྔགས་ཁྲི་ཕྲག་གིས་མཚོན་ཇི་ལྟར་རིགས་པས་བསྒྲུབས་ལ། གནས་ཁང་དང་ཡོ་བྱད་ལ་འཐོར་བ། རང་གཞན་གྱིས་བཀྲུ་ཞིང་བཏུང་བ་སོགས་བགྱིས་པས་ཉམས་གྲིབ་ཇི་ལྟར་ཆེ་ཡང་བྱང་བར་གསུངས་སོ། །བཞི་པ་རྫས་ཀྱིས་གྲིབ་སེལ་ནི། དེ་ལྟ་བུའི་བུམ་ཆུའི་རྒྱུན་དང་། གུ་གུལ་ལམ་གླ་རྩི། ཤུ་དག་དང་། ཏིལ་ནག་པོ། གཞན་ཡང་སྤོས་སྨན་གྱི་རིགས་དང་བཅས་སྦྱར་ལ་སྔགས་ཀྱིས་བཏབ། ཕྱེ་མའམ་རིལ་བུ་གང་རུང་ཁོང་དུ་གཏོང་བ་དང་། ཕྱི་ནས་བྱུག་པ་དང་། དུད་པས་བདུག་པ་སོགས་བགྱིས་ན་ནད་གདོན་གྲིབ་རིགས་ཀུན་ལ་བསྔགས་སོ། །གཞན་ཡང་གནས་ཆེན་རྣམས་སུ་སྐྱེས་པའི་ཤུག་པ། མཁན་དཀར། བ་ལུ་སོགས་བདུད་རྩི་ཅན་གྱི་སྨན་ཤིང་བཟང་པོའི་ཕུར་མ་མདུན་དུ་གཞག །བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བསྐྱེད་གཞིའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་རྫས་ལ་ཐིམ་པས་ནུས་པ་མཆོག་དང་ལྡན་པར་བསམས་ལ་སྔགས་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ། སྔགས་མང་དུ་བཟླས་ལ་བཏབ་


JKT014_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུད་པས་ནད་གདོན་གྲིབ་རིགས་སེལ་བ་དང་། ཚུལ་དེ་བཞིན་གྱིས་བ་དམར་མོའམ། གཞན་ཡང་ཇི་ལྟར་རིགས་པའི་མར་ལ་བསྔགས་པ་དང་། མི་ཁྱིས་མ་འགོངས་པའི་ས་དཀར་པོ་ཚི་ཅན་ལ་བསྔགས་ཏེ་བྱུགས་པས་ཀྱང་ནད་གདོན་གྲིབ་གཟེར་སོགས་ལ་ཕན་པ་མྱོང་བས་གྲུབ་པ་ཡིན་ནོ། །ལྔ་པ་ཟ་ཡིག་གིས་གྲིབ་སེལ་བ་ནི། ཉམས་གྲིབ་སྲུང་བའི་ཟ་ཡིག་འདི༔ ཁྱུ་གི་ཝཾ་གུར་གུམ་གླ་རྩིས་བྲིས༔ ནངས་རེ་ལྟོ་རུ་ཟོས་གྱུར་ན༔ དམ་གྲིབ་ཡུག་གྲིབ་མཛེ་གྲིབ་དང་༔ མི་མཐུན་གྲུབ་རིགས་ཀུན་ལ་མཆོག༔ ཅེས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ལས་བྱུང་བ་སྟེ། གྲིབ་རིགས་ཞི་བ་དང་སྲུང་བ་གཉིས་ཀ་ལ་བསྔགས་སོ། །དྲུག་པ་རྟེན་འབྲེལ་གྱིས་གྲིབ་སེལ་བ་ནི། རྣལ་འབྱོར་པས་ཉམས་གྲིབ་སེལ་བར་འདོད་ན༔ སྣོད་གཙང་མར་ཆུ་བླུགས་ལ་ཙནྡན་དཀར་པོ། བརྡར༔ ཆུའི་ནང་དུ་ཟླ་བའི་སྟེང་དུ་ཧ་དཀར་པོ་བསམས་ལ༔ ཨོཾ་ཤུདྡྷེ་ནེ་ཏྲ་ཡ་སྭཱ་ཧཱ༔ ཉེར་གཅིག་བཟླས་ལ་བཏབ་པས་ཉམས་གྲིབ་ཐམས་ཅད་འདུས་ནས་ཧ་ནག་པོར་ཧྲིལ་སོང་བར་བསམ༔ ཡང་ཉེར་གཅིག་བཏབ་པས་ཧ་དེའང་དཀར་སངས་སོང་བར་བསམས་ལ་ཁྲུས་བྱའོ༔ དེ་ལྟར་བྱས་པས་ཉམས་གྲིབ་ཐམས་ཅད་སེལ་ཏེ་རྟེན་འབྲེལ་གྱི་ཆེ་བའོ། །ཞེས་སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ཟབ་གཏེར་རྟེན་འབྲེལ་ཡང་སྙིང་འདུས་པ་ལས་གསུངས་སོ། །བདུན་པ་གྲིབ་ཁྲུས་ཁྱད་པར་ཅན་གྱི་ཕྱག་ལེན་ནི། ཤིང་བྱང་ངམ། གྲོག་སོགས་ལ་འཁོར་ལོ་གྲུ་བཞི་ལིང་ཚེ་དགུར་བཅད་པ་བྲིས་པའི་དབུས་སུ། ཨོ་ཨི་༡ས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་འཁོན་གྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཤར་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཨུ་༢ཊ་མི་ཊ་ཡ་ཏོར༔ དམེ་གྲིབ་ཐམས་ཅད་


JKT014_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མོན་༢ཊ་ཀྲོ་ཏ་ཡ༴ དམ་གྲིབ༴ ཨ་ཀ་ཀྲོ་ཏ་ཡ༴ ཟས་གྲིབ༴ ཨ་༥བྷུ་ཀྲོ་ཏ་ཡ༴ ནལགྲིབ༴ ཨུཕཊ་ཤ་ཏ་ཡ༴ མཛེ་གྲིབ༴ ཨེ་༧ལིང་ཨེ་ཊ་ཡ༴ གདོན་གྲིབ༴ ལེ་མོན་ཊ་ཡ༴ ཡུག་གྲིབ། ཨ་༩ས་ནི་བི་ས་ཊི་ཊ་ཡ༔ རྩོག་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཐམས་ཅད་ཀྱི་ཡིག་མགོ་ཕྱིར་བསྟན་ལ་བྲི། དེ་ཉིད་ཁྲུས་གཞོང་གི་དབུས་སུ་བཀོད། དེའི་སྟེང་དུ་སྔགས་ཆུས་བཀྲུས་པའི་དྲི་ཁུ་བབས་པ་བྱས། འཁོན་གྲིབ་སོགས་གྲིབ་སྣ་དགུ་བོ་སངས་ཀྱིས་དག་པར་བསམས་ལ་བཀྲུ་བྱབས་སྲུང་གསུམ་བྱ། ཁྲུས་ཆུ་དང་འཁོར་ལོ་ས་གཙང་སར་དོར། ཡང་ན་འཁོར་ལོ་མེ་ལ་བསྲེགས་ཀྱང་རུང་ངོ་། །འཁོར་ལོ་རྒྱུན་དུ་བྲི་མ་ལྕོགས་ན། ཟངས་ལེབ་ལྟ་བུ་ལ་བརྐོས་ནས་ཁྲུས་ཟིན་པ་དང་བུམ་ཆུས་ལེགས་པར་བཀྲུས་ལ་ཚགས་བྱ། ནམ་དགོས་དུས་ལོངས་སྤྱད་པས་ཀྱང་རུང་བར་རྟོག་གོ། བརྒྱད་པ་འཁོར་ལོས་གྲིབ་སྲུང་བ་ནི། རྒྱ་ཤོག་ལ་རྒྱ་སྣག་གིས་མུ་ཁྱུད་ལྔ་བསྐོར། ལྟེ་བར། ཨོ་ཨི་ས་ཙ་ཊ་སོགས། མུ་ཁྱུད་དང་པོ་ལ་འཁོར་ལོ་རྩིབས་བརྒྱད་པར་ཤར་ནས་བརྩམས་ཏེ། །ཨུ་ཊ་མི་ཊ་སོགས་སྔགས་ཚན་རེ་རེ། མུ་ཁྱུད་གཉིས་པར་ཨཱ་ལི། གསུམ་པར་ཀཱ་ལི། བཞི་པ་བརྟེན་སྙིང་རྣམས་མགོ་ཕྱིར་བསྟན་གཡས་བསྐོར་དུ་དགོད། ལྔ་པར་མེ་རི་བྲི། སྨེ་བརྩེགས་སུ་བསྐྱེད་བསྟིམ། གྲིབ་རིགས་སྲུང་བར་གསོལ་བ་གདབ། ལྷ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བར་བསམས་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། བྱ་རྒོད་ཀྱི་སྡེར་མོ། གྲུམ་པའི་སྤུ་དང་བཅས་དར་དམར་གྱིས་དྲིལ་ནས་ལུས་ལ་དྲོད་དང་མ་བྲལ་བར་བཅང་ས་ན་གྲིབ་འཁོན་གྱི་རིགས་གང་གིས་ཀྱང་མི་ཚུགས་པར་གསུངས་ཏེ། འདི་དག་ནི་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལས་བྱུང་བའི་


JKT014_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཁྱད་པར་ཅན་ནོ། །དགུ་པ་སྔགས་བྱང་གིས་སྲུང་བ་ནི། སྣགས་འདི་ཤོག་བུའམ་གྲོག་ལ་བྲི༔ ཨོཾ་ཏཱ་རེ་ཀྲོ་དྷཱི་ཀཱ་ལཱི་སརྦ་པཱ་པཾ་མི་དུ་ས་མ་ཡ་སྭཱ་ཧཱ༔ བླ་མའི་བྱིན་རླབས་དབུ་ལོ་དང་བཅས༔ ཡིག་འབྲུ་རྣམས་ཇོ་མོ་ཁྲོ་གཉེར་ཅན་དུ་བསྐྱེད༔ ཡེ་ཤེས་སེམས་དཔའ་བསྐྱེད་བསྟིམ་མཆོད་བསྟོད་བྱ༔ སྨོན་ལམ་གདབ༔ ཞབས་ནས་དྲིལ༔ མཎྜལ་གྱི་སྟེང་དུ་བཞུགས༔ བརྒྱ་རྩ་བརྒྱད་ཀྱི་བསྙེན་པ་བྱ་ཞིང་༔ སྔགས་བྱང་དར་ནག་གིས་དྲིལ་ཏེ་སྤྱི་བོར་བཏགས་ན་མི་གཙང་བའི་གྲིབ་ཐམས་ཅད་ཐུབ་བོ༔ ཞེས་འཇའ་ཚོན་ལས་འཕྲོ་གླིང་པའི་ཟབ་གཏེར་ཡེ་ཤེས་མགོན་པོའི་ལས་ཚོགས་ལས་འབྱུང་ངོ་། །བཅུ་པ་སྔགས་མདུད་ཀྱིས་སྲུང་བ་ནི། ལུག་དར་མའི་སོག་བལ་གཡས་པ་ལ་སྐུད་པ་སུམ་སྒྲིལ་དུ་བྱས་ལ་རྡོ་རྗེའི་མདུད་པ་བདུན་བྱ། མདུད་པ་རེ་རེ་བཞིན་སྔགས་མང་དུ་བཟླས་པའི་མཆིལ་མ་གདབ། ཁྲོ་བོའི་རང་བཞིན་གྱི་ཧཱུྃ་མཐིང་ནག་མེ་འབར་བ་རེ་རེར་བྱུང་བས་ཉམས་གྲིབ་གདོན་བགེགས་ཐམས་ཅད་བསྲེགས་པར་བསམས་ལ་གང་བསྲུང་བའི་མགུལ་ལམ་དཔུང་པར་གདགས་སོ། །བཅུ་གཅིག་པ་མཁའ་འགྲོ་གྲིབ་སེལ་གྱི་གདམས་པ་མདོར་བསྡུས་བྱ་བའི་ཚུལ་ནི། སྟེགས་ཀྱི་ཁར་བུམ་པ་བཅུད་ལྡན་དང་མཆོད་པ། ཉེ་ལོགས་ཅི་བདེ་བར་བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་གླུད་གཏོར་དཀོར་ཆ་དྲི་གོས་སོགས་འདུ་བྱ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། བུམ་སྒྲུབ་རྒྱས་པར་སྤྲོ་ན་ཐོག་མར་སྨེ་བརྩེགས་ཀྱི་བསྐྱེད་བཟླས་འོད་ཞུ་དང་བཅས་པ་བྱ། སླར་འོག་ནས་འབྱུང་བ་ལྟར་མཁའ་འགྲོའི་བསྐྱེད་བཟླས་ཏེ་གཉིས་ཀ་བགྱིས་ཀྱང་རུང་། གང་ལྟར་ཡང་མཁའ་འགྲོ་གྲིབ་སེལ་གྱི་བུམ་སྒྲུབ་དངོས་ནི། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བུམ་པ་ཨ་


JKT014_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

།མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུཾ་ལས་རིན་ཆེན་བུམ་པ་ཆེ། ཚད་དང་མཚན་ཉིད་ཡོངས་རྫོགས་ཤིང་། །བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །པདྨ་འདབ་བཞིའི་ལྟེ་བ་རུ། །ནམ་མཁའི་ལྷ་མོ་སྐུ་མདོག་མཐིང་། །ཤར་དུ་ཆུ་ཡི་ལྷ་མོ་སྔོ། །ལྷོ་རུ་ས་ཡི་ལྷ་མོ་སེར། །ནུབ་ཏུ་མེ་ཡི་ལྷ་མོ་དམར། །བྱང་དུ་རླུང་གི་ལྷ་མོ་ལྗང་། །བདེ་གཤེགས་ཡུམ་ལྔའི་ངོ་བོར་བཞུགས། །ཀུན་ཀྱང་དར་དང་རིན་ཆེན་བརྒྱན། །རང་མདོག་བདུད་རྩིའི་བུམ་པ་བསྣམས། །སྔགས་ཀྱི་རང་སྒྲ་སྒྲོགས་པ་ཡི། །གནས་གསུམ་ཡི་གེའི་འཕྲོ་འདུ་ལས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །ཛཿཧཱུཾ་བྃ་ཧོ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །དུག་ལྔའི་དྲི་མ་སྦྱོང་མཛད་པ། །འབྱུང་ལྔ་དབྱིངས་ཀྱི་ལྷ་མོ་ལྔར། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ལྷ་མོ་ལྔའི་ཐུགས་ཀར་ཟླ་བ་ལ་གནས་པའི་རང་རང་གི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལོཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་བྃ་ལྃ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་སླར་


JKT014_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཆོད་ཅིང་བསྟོད། རིགས་ཀྱི་ཡུམ་ལྔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། །དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། ཐོག་མར་སློབ་དཔོན་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བ་དང་། བུམ་པའི་ནང་དུ་བདེ་གཤེགས་ཡུམ་ལྔའི་ངོ་བོ་འབྱུང་བ་ལྔའི་ལྷ་མོ་རྣམས་ཀྱི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྲུས་བགྱིས་པས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཧཱུྃ། ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུ༔ བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཕྱི་བཀྲུས་དུང་བས་དཀར་གྱུར་ཅིག༔ ནང་བཀྲུས་མཆོང་བས་དམར་གྱུར་ཅིག༔ ཕྱི་ནང་དྲི་མ་དག་གྱུར་ཅིག ཤེལ་སྒོང་བཞིན་དུ་དྲི་མེད་ལ་ཤོག༔ ཡི་དམ་ལྷ་ཚོགས་མི་དགེས་པ༔ བླ་མ་མཁའ་འགྲོ་མི་དགེས་པ༔ སྲུང་མ་དམ་ཅན་མི་དགེས་པ༔ ཉམས་གྲིབ་སྐྱོན་གྱིས་ཕོག་པ་རྣམས༔ དག་པར་གྱུར་ཅིག་བྱང་གྱུར་ཅིག༔ སྟོང་པར་གྱུར་ཅིག་མི་གནས་པར༔ ཆོས་ཉིད་ཆེན་པོར་དག་གྱུར་ཅིག༔ ཨོ་ཨི་ས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༏ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་


JKT014_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷར་ཀུར་མ་ཧཱ་པྲ་ཎ་ཡེ་བྷར་ཙི་བྷར་ཀི་བི་མ་ལེ་ཨུ་ཙུ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་བྃ་ལྃ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་འདྲ་བ་ལན་བདུན་སོགས་བྱ། མཐར། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག ཅེས་ཀྱང་བརྗོད། །དེ་ནས་བྱབས་པའི་དམིགས་པ་བརྡ་སྤྲད་ལ། སྔགས་གཉིས་ཀྱི་མཐར། ཨ་པཱ་ན་ཡེ་སྭཱ་ཧཱ། བཏགས་པས་བྱབ། ཁྲུས་ཁུ་གླུད་ཀྱི་ནང་དུ་བླུག །རྃ་ཡྃ་ཁྃ། སྟོང་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་


JKT014_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་མཁའ་འགྲོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་གྲིབ་བདག་མ་མོ་མཁའ་འགྲོ་སྡེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཕྱིར་དུ་འདིར་མཆིས་པར་གྱུར་ཅིག །ཊ་ཀི་ཧཱུྃ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་དགུག །ཧཱུྃ། ད་ར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་པོ་ལྔ་པོ་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་བྲོ་ཐེབས་སེ་ཐེབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱི། །བཟུང་བ་དང་ནི་བཅིངས་བ་དང་། །བསྡམས་པ་རྣམས་ནི་གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་བྱེད་ཅིག །གནོད་ཅིང་འགལ་བར་མ་བྱེད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཀྱེ། གྲིབ་བདག་གླུད་བདག་ཕོ་མོ་རྣམས༔ གྲིབ་གླུད་རྒྱན་ལྡན་འདི་ལོང་ལཿ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ གནོད་ཅིང་སྡིག་པར་མ་བྱེད་ཅིག༔ ཅེས་བསྔོ། བདེན་བརྗོད་གོང་བཞིན་གྱི་མཐར། གླུད་ཀྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་སོ་སོ་རང་རང་གི་གནས་


JKT014_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཞེས་དང་། སྨེ་བརྩེགས་ཀྱི་སྔགས་མཐར་སུམྦྷ་སྦྲེལ་བས་བསྐྲད། གླུད་གཏོར་འདྲེ་ལྔ་སྡོད་པའི་ཕྱོགས་སམ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། སྲུང་བ་ནས་ཤིས་བརྗོད་ཀྱི་བར་ཁྲུས་ཆོག་གི་སྐབས་ལྟར་བྱ། གྲིབ་ཚབས་ཆེ་ན་སྲུང་བ་ཚར་བའི་རྗེས་སུ་གྲིབ་སྲུང་གི་འཁོར་ལོ་གདགས་སོ། །རྗེས་སུ་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཚར་གྲངས་བྱེད་ན་བཀྲུ་བྱབས་སྲུང་གསུམ་དང་གླུད་ཆུང་བསྔོས་ལ་གྲངས་གཟུང་། དགུག་གཞུག་དང་པོ་ཚར་གཅིག་ལས་རྗེས་མ་རྣམས་ལ་མི་དགོས། གྲངས་རྫོགས་པ་ན་བདེན་བརྗོད་མན་ཚར་གཅིག་བྱས་པས་འཐུས་སོ། །འདི་ནི་ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས་དང་། སངས་གླིང་དགོངས་འདུས་ཀྱི་ཆ་ལག་ལས་འབྱུང་བའི་མཁའ་འགྲོ་གྲིབ་སེལ་ཤིན་ཏུ་བསྡུས་པ་བྱ་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་གཞེས་ལྟར་བཀོད་པའོ། །ཞེས་པའང་སྔ་སོང་བཀྲུ་བྱབས་སྲུང་གསུམ་གྱི་ཆོ་ག་ཙམ་མདོར་བསྡུས་སུ་བཀོད་པ་ལ། སླད་ནས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའི་གནང་བ་ཐོབ་པ་ལ་བརྟེན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གཞན་ལ་སྨན་པའི་བསམ་པ་བཟང་པོ་ཁོ་ནས་རྒྱུན་ལྡན་གྱི་མན་ངག་ཁྱེར་བདེ་བ་འགའ་ཞིག་བཅས་ཕྱོགས་གཅིག་ཏུ་བསྡེབས་པའི་དགེ་བས་མཐའ་


JKT014_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པའི་ཡིད་ཅན་ཐམས་ཅད་སྒྲིབ་གསུམ་བག་ཆགས་དང་བཅས་པའི་མུན་པ་ལས་དབུགས་དབྱུང་སྟེ། ཡེ་ཤེས་མཆོག་གི་སྣང་བས་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །སརྦ་དཱ་མངྒལཾ་བྷ་བ་ཏུ།། །།


previousདམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར།next