Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ།next

ཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ།


JKT014_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།


JKT014_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྨ་ཛམྦྷ་ལཱ་ཡ། འདིར་མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ནས་བྱོན་པའི་ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས་རིན་ཆེན་སྤུངས་པ་ལས། གཙོ་རྐྱང་གི་གསང་སྒྲུབ་གཙོ་བོར་བཏོན་པའི་ཕྱི་ནང་གསང་བའི་སྒྲུབ་པ་དཀྱུས་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་སྙིང་པོར་དྲིལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གཞུང་ལས། བཅའ་གཞི་འདི་ལྟར་བྱ་སྟེ དང་པོ་རྫའི་གའུ་བྱས་ལ༔ ནང་དུ་ནོར་བདག་ཛམྦྷ་ལ་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་ན་བེ་ཅོན་དང་རྡོ་རྗེ་བསྣམས་པ༔ གཡོན་པར་ཁ་ཊཾ་ནེའུ་ལེ་འཛིན་པ༔ སྤྱན་གསུམ་པ༔ ཞལ་གདངས་པ༔ འབྲུག་ལ་ཞོན་པ༔ རལ་པ་གྱེན་དུ་བརྗེས་པ༔ སྐུ་ཤ་རྒྱས་པ༔ རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པར་བྱའོ༔ དེའི་ཐུགས་ཀར་ཕྱུག་པོ་ལ་སོགས་པས་བཙལ་བའི་གསེར་དངུལ་ཟངས་ལྕགས་གཡུ་སྟེ་རིན་པོ་ཆེ་སྣ་ལྔ་ཤེལ་དང་


JKT014_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གཞུག་གོ༔ དེ་ནས་རྫའི་གའུའི་ནང་དུ༔ སྤོས་དང་༔ གླ་རྩི་དང་༔ ཙནྡན་གྱིས་བྱུག་གོ༔ དེའི་ནང་དུ་རྫས་བསག་པ་ནི༔ ཤ་ཡིབས༔ མར་རྙིང་༔ ཐུད༔ ཀར༔ བུ་རམ༔ སྦྱང་༔ ཞོ༔ ཆང་༔ ཟས་ཕུད༔ མི་ནོར་དར་བའི་ས་ནས་སྣ་ཚོགས་བསག་གོ༔ ནས འབྲས༔ ཁྲེ༔ ཁྲམ༔ བྲ་བོ༔ སྲན་མ༔ ཉུངས་དཀར་ནག༔ གྲོ་ནས་འབྲུ་སྣ་ཚོགས་ཀྱང་བསག་གོ༔ ཕྱུག་པོ་གཡང་ཅན་གྱི་ཕྱུགས་ལུག་གི་སྤུ་སྣ་ཚོགས་དང་༔ ཕྱུག་པོ་གྲོང་བདུན་གྱི་ཁང་ས་ཞིང་ས་རྣམས་གཡང་སྐར་ལ་བསག་གོ༔ ས་དེ་གཉིས་ལ་རཏྣ་བརྡར་ལ༔ འབྲང་རྒྱས་མཐེ་བོང་ཙམ་གསུམ་བྱས་ལ༔ ཛམྦྷ་ལའི་སྐུའི་ནང་དུ་གཞུག་གོ༔ དེ་ནས་མི་རྣམས་འདུ་བའི་སྙིང་པོ་གྲོ་ག་ལ་བྲིས༔ འཕགས་པའི་ནང་དུ་གཞུག་གོ༔ དེ་ནས་རྫའི་གའུ་དེ་དར་དང་རས་གཙང་མར་དྲིལ་བ༔ རང་གི་མདུན་དུ་མཎྜལ་བྱས་ལ་གཞུག ཅེས་འབྱུང་བ་ལྟར་གསང་བ་གའུ་ལ་བརྟེན་ནས་བསྒྲུབ་པའི་བཅའ་གཞི་


JKT014_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་གསུངས་པ་བཞིན་འདུ་བྱས་ཏེ། གའུ་དེ་ཉིད་ཀྱི་བར་མཚམས་ས་སྦྱིན་གྱིས་བསྡམས། རྩི་དཀར་པོ་གསོལ། མདུན་རྟགས་རིན་པོ་ཆེ་འབར་བ་དྲིས་པ་དར་ཟབ་སྣ་ཚོགས་ཀྱིས་དྲིལ་ཏེ་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་པའི་སྙིང་པོར་བཞུགས་སུ་གསོལ། དེའི་མདུན་དུ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་གཏོར་མ་ནོར་བུའི་དབྱིབས་ཅན་དཀར་གསུམ་མངར་གསུམ་སོགས་ཁ་ཟས་བཟང་རྒུས་བསྐོར་བ་དང་། ཉེར་སྤྱོད་ཀྱི་མཆོད་པ། རང་གི་མདུན་དུ་ཆུ་སྦྱིན་གྱི་བུམ་པ་དང་། འཁར་གཞོང་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ལེགས་པར་བསྟར་རོ། །གཉིས་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བའི་སྤྱན་སྔར། །ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཛམྦྷ་ལ་བསྒྲུབས་ནས༔ སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་བར་བྱའོ༔ ཞེས་སེམས་བསྐྱེད། མཆོད་པ་རྣམས་རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་གནོད་སྦྱིན་དབང་པོའི་ཕོ་བྲང་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་ཡོངས་སུ་གང་བར་གྱུར་པར་བསམས་ལ། ན་མ་སྶརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ནས་བདག་བསྐྱེད་རྒྱས་པར་བླ་མ་


JKT014_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འདུས་པའི་གཞུང་ལྟར་གསལ་གདབ་པའམ། བསྡུ་ན། རང་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་གྲི་ཐོད་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ། མདུན་བསྐྱེད་ནི་གལུ། ཨམྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་པྃ་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་༔ ཨཱ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱིདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་པ་ལས་ཛམྦྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡུ་འབྲུག་ལ་ཆིབས་པ་སྤྱན་གསུམ་ཁྲོ་ཚུལ་ཅན༔ ཞལ་གདངས་པ༔ སྐྲ་སེར་པོ་གྱེན་དུ་བརྗེས་པ༔ བརྗིད་པའི་མདངས་དང་ལྡན་པ༔ སྐུ་ལུས་ཆེ་ལ་ཚོ་ཞིང་རབ་ཏུ་རྒྱས་པ༔ གཡས་རྡོ་རྗེ་བེ་ཅོན་བསྣམས་པ༔ གཡོན་ནེའུ་ལེ་དང་༔ ཁ་ཊོ་ག་མཆན་ཁུང་དུ་བཅུག་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་དར་གྱིས་བརྒྱན་པའོ༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་བྱང་ཤར་མཚམས་ནམ་མཁའ་མཛོད་ཀྱི་གནས་ནས༔ ཡེ་ཤེས་སེམས་དཔའ་ནམ་མཁའ་མཛོད་སྤྱན་དྲངས༔ མདུན་གྱི་ནམ་མཁའ་བཞུགས་པར་གྱུར༔ ཨོཾ། ཆོས་ཉིད་རྣམ་དག་ཕོ་བྲང་མཆོག༔ གནོད་སྦྱིན་ལོངས་


JKT014_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཞལ་ཡས་ནས༔ དངོས་གྲུབ་སྣ་ཚོགས་བླང་བའི་ཕྱིར༔ ཆུ་དབང་གཏེར་སྐྱོང་འདིར་གཤེགས་ཤིག༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཞེས་པས་སྤྱན་དྲང་། གནོད་སྦྱིན་གཏེར་སྐྱོང་འཁོར་དང་བཅས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་སྐུ༔ དངོས་གྲུབ་མི་ཟད་གཏེར་འཆང་བའི༔ ནོར་ལྷ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་བྱ། ཧྲཱིཿ གནོད་སྦྱིན་ནོར་ལྷ་འཁོར་དང་བཅས༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དང་༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ས་པ་རི་ཝཱ་ར་པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་བིདྱཱ། ཤརྡ་སརྦ་པཱུ་ཛ་མེ་གྷ་སྭཱ་ཧཱ་ཞེས་ཕྱག་རྒྱ་དང་བཅས་པས་མཆོད། གནོད་སྦྱིན་དེད་དཔོན་མཁའ་འགྲོའི་གཙོ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ བདག་ཅག་རེ་བ་སྐོང་བའི་ཕྱིརཿ བླ་རྟེན་འདི་ལ་བརྟན་པར་བཞུགས༔ ཨོཾ་ཨེ་ཧྱེ་ཧི་ཛམྦྷ་ལ་ས་མ་ཡ་ཛ༔ ཛཿཧཱུྃ་བྃ་ཧོ༔ མདུན་བསྐྱེད་དང་གཉིས་སུ་མེད་པར་བསམ། བཟླས་པ་བྱ་བ་ནི། རང་གི་སྙིང་གའི་ཡི་དམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཐུགས་ཀར་ཕོག༔ ཐུགས་ཀའི་པདྨའི་སྟེང་གི་ཧིལ་སྔགས་ཀྱིས་བསྐོར་བ་བྱས་པས་ལྟེ་བ་


JKT014_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོན་ཏེ༔ བདག་གི་ལྟེ་བ་ན་ཚུར་ཞུགསཿ ཡང་བདག་གི་ས་བོན་ལ་བསྐོར་ནས་འོད་ཟེར་དུ་ཐོན་ཏེ་འཕགས་པའི་ཞལ་དུ་ཞུགས་ནས་འཁོར་བར་བསམ༔ ཕར་འཕྲོས་འཕགས་པ་མཆོད་ཚུར་འཕྲོས་དངོས་གྲུབ་ཐོབ༔ སེམས་ཅན་རྣམས་ལ་ཕོག་པས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་བྲལ་བར་བྱས༔ བདེ་བ་དང་ལྡན་ཏེ་ཐར་པ་བྱང་ཆུབ་ཐོབ་པར་བསམ་མོ༔ ཨོཾ་པདྨ་ཀྲོ་དྷ་ཨཱཏྨ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ༔ ཞེས་བཟླས་སོ། །གཞན་ཡང་འོད་ཟེར་འཕྲོས་པས༔ ལྷ་དང་༔ ཀླུ་དང་༔ མིའི་ལག་ན་གནས་པའི་རིན་པོ་ཆེ་དང་འབྲུ་ནོར་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་བདག་གི་གནས་ཁང་ལོངས་སྤྱོད་ཀྱིས་གང་བར་བསམ་མོ། །ཐུན་བསྡུ་བ་ན་ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། གཏོར་མ་ལ་ཆུ་གཙང་བྲན། རྃ་ཡྃ་ཁྃ་བྷྲཱུ་ལས་རིན་ཆེན་སྣོད་ཡངས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་གྱུརཿ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། །མདུན་བསྐྱེད་ཀྱི་ལྗགས་ལས་འོད་ཀྱི་སྤུ་གུ་བྱུང་བས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་ཏེ་བདག་ལ་དངོས་གྲུབ་ཅི་འདོད་པ་གནང་བར་གྱུར་པའི་མོས་པ་དང་བཅས། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པ་ལན་བདུན་གྱིས་ཕུལ། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་པུཥྛ དྷ་པེ་སོགས་ནས། ཤཔྟ་པཱུ་ཛ་མེ་གྷ་སྭཱ་ཧཱས་མཆོད། ཧཱུྃ། ནོར་བདག་ཆེན་པོ་ཨཱརྱ་ཛམྦྷ་ལ༔ ཁྱོད་ནི་རིན་ཆེན་གཏེར་གྱི་


JKT014_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་སྟེ༔ ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབས༔ རྣལ་འབྱོར་བདག་ལ་ནོར་གྱི་དངོས་གྲུབ་སྩོལ༔ ཐུགས་རྗེའི་མངའ་བདག་འཕགས་པ་ནམ་མཁའ་མཛོད༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསོད་ནམས་ཚོགས་བསགས་ནམ་མཁའི་མཛོད་དང་ལྡན༔ ཡེ་ཤེས་ཚོགས་རྫོགས་བྱང་ཆུབ་སེམས་དང་ལྡན༔ ཚོགས་གཉིས་རྫོགས་པའི་སྐུ་ནི་ཆེ་ལ་སྦོམ༔ ཉོན་མོངས་སྐྱོན་བྲལ་སྐུ་མདོག་དཀར་ལ་འཚེར༔ འགྲོ་བའི་རེ་སྐོང་རིན་ཆེན་ནེའུ་ལེ་དང་༔ བེ་ཅོན་ཁ་ཊཱྃ་ལས་ནི་རིན་ཆེན་འབེབས༔ འགྲོ་དོན་བཞེངས་མཛད་གཡུ་འབྲུག་སྔོན་མོ་བཅིབས༔ ཐུགས་རྗེའི་ངང་ཉིད་སྤྱན་མིག་ཁྲོ་ཚུལ་གཟིགསཿ བྱམས་པས་འགྲོ་སྐྱོང་འཛུམ་པའི་མདངས་དང་ལྡན༔ རིན་ཆེན་རྒྱན་མཛེས་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་གཏེར་གྱིས་འགྲོ་བའི་དགོས་འདོད་སྐོང་༔ དབུལ་བ་སེལ་མཛད་བྱང་ཆུབ་སེམས་དང་ལྡན༔ ཁྱེད་ཀྱི་ཐུགས་དམ་ཆེ་བའི་ཡོན་ཏན་སྐུ༔ རིན་ཆེན་ལོངས་སྤྱོད་ཆེན་པོའི་ཆར་པ་འབེབས༔ དབུལ་བའི་སྡུག་བསྔལ་འཕགས་པས་སྒྲོལ་མཛད་པ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ ༈ བདག་ལ་འདོད་དོན་འགྲུབ་པའི་དངོས་གྲུབ་སྩོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ འཚོ་བ་ཟས་ཀྱི༴ རིན་ཆེན་ནོར་གྱི༴ མི་ཟད་གཏེར་གྱི་


JKT014_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་སྔགས་ཀྱི༔ དང་པོ་ཆོས་ཀྱི༴ བར་དུ་ལས་ཀྱི༴ ཐ་མ་ནོར་གྱི༴ འདོད་ཡོན་ལྔ་ཡི༴ ཅི་བསམ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ༔ མི་སྙིང་སྒུལ་ཅིག་ཨཱརྻ་ཛམྦྷ་ལ༔ གྲགས་ཆེར་སྒྲོགས་ཤིག་ཨཱརྻ་ཛམྦྷ་ལ༔ ལྷ་འདྲེ་མི་གསུམ་སྡུས་ཤིག་ཛམྦྷ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ མ་ལུས་མྱུར་དུ་བསྒྲུབ་པའི་གྲོགས་མཛོད་ལ༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད༔ སྔོན་གྱི་དམ་ཚིག་གཉེན་པོ་རྗེས་དགོངས་ལ༔ དཔལ་ཆེན་རྟ་མགྲིན་བཀའ་ལས་མ་འདའ་བརཿ ལྷ་ཡི་ལོངས་སྤྱོད་བདག་ལ་སྩལ་དུ་གསོལ༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ། སྤྲོ་ན་རིགས་མཐུན་གྱི་གཞུང་ལྟར་ཕྲུ་གཡང་འགུགས་པའི་བསྐུལ་བ་བགྱིས་ནའང་ལེགས། དེ་ནས་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི། ཆུ་གཙང་མས་བཀང་བའི་རིན་པོ་ཆེའི་བུམ་པ་བཟང་པོ་ཐོགས་ལ། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་བུམ་པ་བཟང་པོའི་ནང་དུ་ཨོཾ་དཀར་པོ༔ དམར་པོ༔ ཧཱུྃ་མཐིང་ག་གསུམ་གྱི་འཕྲོ་འདུ་ལས་ཆུ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པས་ཁེངས་པར་གྱུར༔ ཨོཾ་ཨཱཿཧུྃ་ཞེས་ལན་གསུམ་གྱིས་བོརླབས་པ་འཁར་གཞོང་གཙང་མར་སྤྲེང་ཞིང་། མདུན་བསྐྱེད་ཀྱི་ཞལ་དུ་ཕུལ་བས་ཤིན་ཏུ་མཉེས་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧྲྀ་དྷ་ནཾ་མེ་དྷི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་ཕུལ། ༀ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་


JKT014_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་ར་པུཉྫ་སོགས་ཀྱིས་མཆོད། བསྟོད་གསོལ་རྒྱས་པར་བྱ་བའམ། ཧཱུྃ། ནོར་བདག་ཆེན་པོ་ཨཱརྱ་ཛམྦྷ་ལ༔ ཁྱོད་ནི་རིན་ཆེན་གཏེར་གྱི་བདག་པོ་སྟེ༔ ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབས༔ རྣལ་འབྱོར་བདག་ལ་ནོར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སིདྡྷི་སྡུས་སྡུས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ཆུ་སྲིན་ལག་གིས་བླངས་ཏེ་སྤྱི་བོར་རེག་ཅིང་གཙང་སར་དོར་རོ། །རྗེས་སུ། མ་རྙེད་ཚཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། །ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱས་པས་འགྲོ་བ་སེམས་ཅན་གྱི་དོན་དུ་འཁོར་བ་མ་སྟོངས་བར་དུ་གའུ་ལ་བཞུགས་པར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་གང་ཤེས་བྱའོ། །གསུམ་པ་ནི། དེ་ལྟ་བུའི་རིམ་པས་དབང་པོ་རབ་ཀྱིས་ཞག་བདུན། འབྲིང་གིས་ཉེར་གཅིག ཐ་མས་ཀྱང་ཟླ་བ་གཅིག་ཏུ་བསྒྲུབས་ན་དངོས་གྲུབ་


JKT014_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྱོར་པ་རྒྱས་པའི་རྟགས་མཐོང་བར་འགྱུར་ཏེ། གཞུང་ལས། རྟགས་ནི་ཟས་ནོར་མང་པོ་འབུལ་བ་རྨིས་པ་དང་༔ མི་མང་པོས་ཕྱག་དང་བཀུར་སྟི་བྱེད་པ་རྨི་བ་དང་༔ གོས་བཟང་པོ་གྱོན་པ་དང་༔ རིན་པོ་ཆེས་བརྒྱན་པ་དང་༔ ཉི་ཟླ་ཤར་བ་དང་༔ མེ་ཏོག་དང་རིན་པོ་ཆེ་བསྡུས་པ་རྨི་བ་འོང་ངོ་༔ དེ་ལྟར་རྟགས་བྱུང་བ་དང་གའུ་འབྲུའི་གསེབ་དམ༔ བོར་བའམ༔ མཛོད་མིས་མི་མཐོང་བར་སྦའོ༔ དེས་ཟས་ནོར་ཐམས་ཅད་འཕེལ་ལོ༔ ཞེས་གསུངས་པ་ལྟར་རྟགས་མཐོང་བ་ན་གའུ་བཀུར་སྟི་དང་བཅས་ཇི་སྐད་བཤད་པའི་གནས་སུ་སྦས་ལ། སྤྲོ་ན་གོང་ལྟར་སྒྲུབ་པ་ཚར་གཅིག་བསྐྱར། དེ་ཙམ་མ་གྲུབ་ཀྱང་བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱ། དུས་དུས་སུ་མཆོད་ཅིང་གསོལ་བ་བཏབ་པས་དངོས་གྲུབ་ཀྱི་འབྱོར་པ་རྒྱ་མཚོ་ཆེན་པོའི་རླབས་ལྟར་འཕེལ་བར་འགྱུར་རོ། །ཞག་བདུན་སོགས་བསྒྲུབས་ན་སྒྲུབ་པ་གྲོལ་ཁའི་གོང་ནས་ཞག་གསུམ་སོགས་ཀྱི་ཐུན་གྱི་མཇུག་གམ། རྒྱུན་དུ་ཚད་མེད་བྱེད་ན་བཟླས་པའི་མཇུག་ཏུ། ཕེ་ཤི་ནྲྀ་ཛཿ ཞེས་བཏགས་པ་བརྒྱ་རྩ་རེ་བཟླས་པས་སྐྱེ་འགྲོ་ཐམས་ཅད་དད་ཅིང་འདུན་པར་འགྱུར་ཏེ་མི་སྙིང་སྒུལ་བའི་རིག་པ་ཞེས་བྱའོ། །དེ་ལྟར་འཕགས་པ་ཛམྦྷ་ལ་དཀར་པོ་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་པ་དཀྱུས་གཅིག་ཏུ་བྱ་བའི་ཚུལ་བཀླགས་པས་གྲུབ་པ་འདིའང་གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།།འཕགས་པ་ཛམྦྷ་ལ་དཀར་པོ་འབྲུ་གཞོན་ལྷ་དགུའི་སྒྲུབ་ཐབས་ཀྱི་ཁྱད་པར་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །


JKT014_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛམྦྷ་ལ་ས་པ་རི་ཝཱ་རེ་བྷྱ༔ འདིར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཛམྦྷ་ལ་དཀར་པོའི་ནོར་སྒྲུབ་རིན་ཆེན་སྤུངས་པ་ལས། ཐུན་མོང་མ་ཡིན་པ་འཁོར་བཀའ་སྡོད་དུ་སྒྲུབ་པའི་ཁྱད་པར་ནི། གཙོ་རྐྱང་གི་སྒྲུབ་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། སྦྱོར་བའི་སྐབས་སུ་གའུའི་བཅའ་གཞི་གཙོ་རྐྱང་གི་སྒྲུབ་ཐབས་སུ་བཤད་པའི་སྟེང་། ཕྱོགས་མཚམས་བརྒྱད་དུ་འོག་ནས་འབྱུང་བའི་མངོན་རྟོགས་ལྟར་གནོད་སྦྱིན་བརྒྱད་ཀྱི་སྐུ་རྫའམ་ཙཀླུ་ལྟ་བུར་བྲིས་པའི་སོ་སོའི་ཐུགས་ཀར་དང་རང་གི་སྔགས་བྱང་བྲིས་པ་གཞུག །སྐུ་ཡེ་ནས་མ་འབྱོར་ན་སྔགས་བྱང་ཁོ་ནའི་ཤོག་དྲིལ་བཅུག་ཀྱང་རུང་བར་གསུངས། དེའི་མདུན་དུ་གཏའ་གཏོར་རིན་པོ་ཆེའི་དབྱིབས་བྱས་ལ་ཆང་བུས་བརྒྱན། མཐེབ་ཀྱུ་བརྒྱད་དང་བཅས་པ་བཤམ། ཤ་མར་དང་། དཀར་གསུམ་མངར་གསུམ་བཟང་པོས་བརྒྱན། དར་དཀར་པོ་ལ་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བྲིས་ལ། སྨྱུག་རྒོད་ལ་བཏགས་ནས་གཏོར་མ་ལ་བཙུགས། དེའི་མདུན་དུ་འབུལ་གཏོར་དང་མཆོད་པ། ཆུ་སྦྱིན་གྱི་ཆས་སོགས་གཙོ་རྐྱང་གི་སྐབས་ལྟར་བཤམ། དངོས་གཞིར་སྐྱབས་སེམས། མཆོད་པ་བྱིན་རླབས། བདག་བསྐྱེད་རྣམས་གཙོ་རྐྱང་ལྟར་སོང་ནས། མདུན་བསྐྱེད་ཀྱི་ཁྱད་པར། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་དར་གྱིས་བརྒྱན་པའོ་ཞེས་པའི་མཚམས། འདབ་མ་བརྒྱད་ལ་ཤར་དུ་ཛམྦྷ་ལ་དཀར་པོ་གཡས་རིན་པོ་ཆེ་དང་༔ གཡོན་ནེའུ་ལེ་འཛིན་པ༔ ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་པ༔ གཡོན་ནེའུ་ལེ༔ ནུབ་ཏུ་ནོར་བུ་བཟང་པོ་དམར་པོ་གཡས་ར གཡོན་ནེའུ་ལེ༔ བྱང་དུ་ཀུ་བེ་ར་


JKT014_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་གཡས་རལ་གྲི༔ གཡོན་ལྕགས་ཀྱུ༔ ཤར་ལྷོར་ཡང་དག་ཤེས་སེར་སྐྱ་གཡས་ཞགས་པ༔ གཡོན་ནེའུ་ལེ༔ ལྷོ་ནུབ་ཏུ་འབྲོག་གནས་སྔོ་ནག་གཡས་མདུང་ཐུང་དང་༔ གཡོན་ནེའུ་ལེ་དང་བཱི་ཛ་པཱུ་ར་ཀ༔ ནུབ་བྱང་དུ་ལྔས་རྩེན་ལྗང་སྔོན་གཡས་དགྲ་ལཿ གཡོན་ནོར་བུ༔ བྱང་ཤར་དུ་ཅི་བི་ཀུཎྜ་ལི་དམར་པོ་གཡས་གའུ༔ གཡོན་ནེའུ་ལེ་བསྣམས་པ༔ ཐམས་ཅད་འབྲུག་ལ་ཞོན་པ༔ རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པ༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་བྱང་ཤར་གྱི་མཚམས་ནམ་མཁའ་མཛོད་ཀྱི་གནས་ནས༔ ཡེ་ཤེས་སེམས་དཔའ་ནམ་མཁའ་མཛོད་འཁོར་གནོད་སྦྱིན་བརྒྱད་ཀྱི་ཚོགས་དང་བཅས་པ་སྤྱན་དྲངས༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར། གནོད་སྦྱིན་དེད་དཔོན་སོགས་སྤྱན་འདྲེན་ནས་རྩ་བའི་བཟླས་་པ་ཅུང་ཟད་རྗེས། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གནོད་སྦྱིན་གཙོ་འཁོར་གྱི་ཐུགས་ཀར་ཕོག༔ གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུའི་ཁ་དོག་དམར་སེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་བསྡུས་ནས་རང་གི་གནས་ཁང་ཁེངས་པར་གྱུར་ཅེས་དང་། གཙོ་བོའི་སྔགས་དང་། འཁོར་སྔགས། ཨོཾ་ཛམྦྷ་ལ་


JKT014_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲྀ་ད་ཡ་སྭཱ་ཧཱ༔ ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ༔ ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ༔ ཨོཾ་ཙ་མུནྡྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་དུ་རུ་ཧྲྀ་ད་ཡ་སྭཱ་ཧཱ༔ ཨོཾ་བཱ་སུ་དྷ་རཱ་ཡ་སྭཱ་ཧཱ༔ ཨོཾ་སྃ་བྷ་བ་ན་ནི་ཧྲི་ད་ཡ་སྭཱ་ཧཱ༔ ཞེས་པ་རྣམས་སྦྲེལ་ལ་གཙོ་བོར་བཟླ། ཐུན་ལས་ལྡང་བ་ན་འབུལ་གཏོར་ལ་ཆབ་བྲན་ནས་བསང་སྦྱང་བྱིན་རླབས་གཙོ་བོའི་སྔགས་ཀྱིས་ཕུལ་བ་ཡན་གཙོ་རྐྱང་ལྟར་ལ། དེ་ནས་འཁོར་སྔགས་སོ་སོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་ཕུལ།བསྟོད་པའི་ཁྱད་པར། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་མཚམས། ཛམ་ལ་གང་བཟང་ནོར་བཟང་ཀུ་བེ་ར། །ཡང་དག་ཤེས་དང་འབྲོག་གནས་ལྔས་རྩེན་དང་། །ཙི་བི་ཀུཎྜ་ལི་སྟེ་གནོད་སྦྱིན་བརྒྱད། །ནོར་ལྷ་རབ་འབྱམས་འཁོར་དང་བཅས་ལ་བསྟོད། །བདག་ལ་འདོད་དོན་འགྲུབ་པའི་དངོས་གྲུབ་སྩོལ། །ཞེས་སོགས་སྦྲེལ། ཆུ་སྦྱིན་སྐབས་ཀྱང་སྤྲོ་ན་གཙོ་བོའི་སྔགས་ཀྱི་རྗེས་འཁོར་སྔགས་སོ་སོས་ཕུལ་ཀྱང་ལེགས། གཞན་འདྲའོ། །བསྙེན་པའི་ཚད་དང་། རྟགས་དང་། རྗེས་ཀྱི་བྱ་བ་དང་། དམ་ཚིག་དང་། ཕན་ཡོན་བསྟན་པ་རྣམས་ནི་གཏེར་གཞུང་ལས། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་གཙོ་འཁོར་དྲིལ་བའི་སྔགས་བཟླས་སོ༔ སྤྱིར་ཞག་བདུན་གྱིས་ཆོ་ག་གསུངས་ཀྱང་ལྷག་ཆད་འབྱུང་སྲིད་པས་སུམ་འདབ་བྱའོ༔ རྟགས་ནི་ཁྱེའུ་གཞོན་ནུས་ཟས་ནོར་སྟེར་བ་དང་༔ འབྲུའི་ཆར་བབས་པ་དང་༔ གཏེར་བཏོན་པ་དང་༔ རྔ་བརྡུང་བ་དང་༔ དུང་འབུད་པ་དང་༔ དར་པོ་ཆེ་འཕྱར་བ་དང་༔ གངས་དཀར་གྱི་རྩེ་ལ་འཛེག་པ་ལ་སོགས་


JKT014_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞག་བདུན་ནམ་བཞི་རང་ནས་འབྱུང་སྟེ༔ དེ་ལ་སེམས་མ་ཡེངས་པར་བྱའོ༔ སྤྲང་པོ་དང་སྐལ་བ་ཆད་པ་རྨིས་ན༔ ཚོགས་བསག་པ་ལ་འབད་དོ༔ མཛེ་ཅན་དང་ཡུགས་ས་ལ་སོགས་པ་རྨིས་ན༔ མིགཙང་བ་འཕོག་པས་ཁྲུས་བྱའོ༔ ཞེས་དང་། སྒྲུབ་པ་ཐོན་ནས་གཏོར་མ་ཕུད་ཀྱིས་མཆོད་ཅིང་ལྷག་མ་ལོངས་སྤྱོད༔ གའུ་མིས་མི་མཐོང་སར་སྦའོ༔ དམ་ཚིག་ཏུ་སྒྲུབ་པ་ཐོན་ནས་ཀྱང་༔ ཞག་རེ་ལ་སྔགས་བརྒྱ་རྩ་རེ་བཟླ༔ ཟས་ནོར་གྱི་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད༔ སློང་འབྱུང་ན་ལག་སྟོང་དུ་མི་གཏོང་༔ མ་བྱིན་པར་མི་བླང་༔ སྒྲུབ་ཐབས་འདི་ལག་ཏུ་བླངས་ནས་དངོས་གྲུབ་མི་འབྱུང་མི་སྲིད་དོ༔ གཙོ་རྐྱང་དུ་སྒྲུབ་བདེ་ཀུན་ལ་ཡོད་ཀྱང་༔ སྒྲུབ་ཐག་རིང་བས༔ འཁོར་བཀའ་སྡོད་དུ་སྒྲུབ་པ་འདི་ཀུན་ལ་མེད་པས་དཔེ་ལ་རྩིས་ཆེ་ཞིང་གདམས་སོ༔ ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཇི་ལྟ་བར་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་དུ་ཕན་བདེའི་འབྱོར་པ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །སརྦ་མངྒ་ལཾ།།


previousཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ།next